ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ད

འབྱུང་གནས།:རྒྱལ་སྐྱོང་ཆོས་འཁོར་གླིང་། རྩོམ་པ་པོ།: དུས་ཚོད།:2012-07-30 Tag: བཀོད་པ།:

༄༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་དོན་གསལ་བར་བྱེད་པའི་རྩ་ཊཱིཀ་ཆེན་མོ་བཞུགས་སོ།།

 

[01A]རྗེ་བཙུན་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ།།རབ་འབྱམས་རྒྱལ་བའི་གཙོར་གྱུར་ཉི་མའི་གཉེན།།གང་དེའི་སྲས་མཆོག་མི་ཕམ་འཇམ་དབྱངས་དང༑༑ཉིད་ཀྱིས་ལུང་བསྟན་ཐོགས་མེད་སྐུ་མཆེད་ལ།།གུས་པས་འདུད་དོ་བརྩེ་བའི་ལྕགས་ཀྱུས་བཟུངས།།སྦས་དོན་མངོན་རྟོགས་མངའ་བརྙེས་སེང་གེ་བཟང༌།།སྙིགས་དུས་རྒྱལ་བ་གཉིས་པ་ཙོང་ཁ་པ།།བསླབ་གསུམ་ནོར་བུའི་མཛོད་འཛིན་རྒྱལ་ཚབ་སོགས།།ལམ་རིམ་བརྒྱུད་པའི་བླ་མ་རྣམས་ལ་འདུད།།དེ་ལ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་འདི་འཆད་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན༑ མཇུག་གི་དོན་ནོ།།དང་པོ་ལ་གཉིས་ལས་དངོས་དང༌། ཞར་བྱུང་ངོ།།དང་པོ་ལ། མཚན་བསྒྱུར་བ་དང༌། མཚན་བཤད་པའོ།།དང་པོ་ནི། རྒྱ་གར་ན་སྐད་རིགས་ཆེན་པོ་མི་འདྲ་བ་བཞི་ཡོད་པ་ལས། ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ་བསྟན་བཅོས་འདིའི་མཚན་ལ་ཨ་བྷི་ས་མ་ཡ་ནས་ཤཱ་སྟའི་བར་རོ།།དེ་བོད་སྐད་དུ་བསྒྱུར་ན་ཤེས་རབ་སོགས་ཏེ། ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལཾ་ཀཱ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། པྲ་ཛྙཱ་པཱ་ར་མི་ཏ་ནི་ཤེས་ཕྱིན། ཨུ་པ་དེ་ཤ་ནི་མན་ངག། ཤཱ་སྟྲ་ནི་བསྟན་བཅོས་ལ་འཇུག་པའི་ཕྱིར། གཉིས་པ་ནི། བསྟན་བཅོས་འདི་ཆོས་ཅན། ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཅེས་བྱ་སྟེ། སྐབས་འདིའི་ཤེར་ཕྱིན་ནི་ལམ་འབྲས་སོགས་བརྗོད་བྱར་[02A]བྱེད་པའི་བཤད་བྱ་རྩ་བའི་མདོ་རྒྱས་འབྲིང་བསྡུས་གསུམ་ཡིན་ལ། ཁྱོད་ལ་བརྟེན་ནས་དེའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། བསྟན་བཅོས་ཞེས་བྱ་སྟེ། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ཕྱིར། དེ་ཆོས་ཅན། མངོན་པར་རྟོགས་པ་ཞེས་བྱ་སྟེ། ཁྱོད་ལ་བརྟེན་ནས་མངོན་རྟོགས་བརྒྱད་ཀྱི་རིམ་པ་ལ་མངོན་དུ་ཕྱོགས་པའམ་མངོན་སུམ་དུ་རྟོགས་པར་བྱེད་པས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། རྒྱན་ཅེས་བྱ་སྟེ། རང་བཞིན་གྱི་རྒྱན་སྐྱེས་བུའི་གཟུགས་བཟང་པོ་ལ་མཛེས་བྱེད་ཀྱི་རྒྱན་རྣ་ཆ་གདུ་བུ་ལ་སོགས་པས་སྤྲས་པ། གསལ་བྱེད་མེ་ལོང་ལ་སོགས་པའི་ནང་དུ་ཤར་བ་མཐོང་ན་སྐྱེ་བོ་རྣམས་དགའ་པ་སྐྱེད་པ་ལྟར། རང་བཞིན་གྱི་རྒྱན་ཡུམ་གྱི་ལུས་བཟང་པོ་ལ་མཇོས་བྱེད་ཀྱི་རྒྱན་དོན་བདུན་ཅུས་བཀྲ་བ།གསལ་བྱེད་བསྟན་བཅོས་འདིར་སྣང་བས་ན་མཁས་པ་རྣམས་དགའ་བ་སྐྱེད་པའི་ཕྱིར། རྒྱན་དང་མིང་དེ་སྐད་སྒྲོགས་པར་བྱེད་པས་ཞེས་བྱ་བ་ཞེས་བརྗོད་པའི་ཕྱིར།གཉིས་པ་ཞར་བྱུང་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།ཞེས་ཏེ་གནས་སྐབས་དང་མཐར་ཐུག་གི་དོན་དུ་མ་འགྲུབ་པའི་ཆེད་དུ་སྒྱུར་བྱེད་རྣམས་ཀྱིས་མཛད་པའི་ཕྱིར། གཉིས་པ་ལ་གསུམ།མཆོད་བརྗོད་དང༌། རྒྱས་པ་ལ་དད་པའི་གང་ཟག་ལ་ཕྱེ་སྟེ་བཤད་པ། བསྡུས་དོན་གཞན་བསྟན་པའོ།།དང་པོ་ལ་གཉིས། བསྟོད་པ་དང༌།ཕྱག་འཚལ་བའོ།།དང་པོ་ལ་གཉིས། མཁྱེན་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང༌། འཕགས་བཞིའི་[02B]ཡུམ་བྱེད་པས་བསྟོད་པའོ།།དང་པོ་ལ་གསུམ་ལས། དང་པོ་ནི། རྗེ་བཙུན་བྱམས་མགོན་ཆོས་ཅན། ཁྱོད་ཀྱིས་གཞི་ཤེས་ལ་བསྟོད་ཕྱག་མཛད་པ་ཡིན་ཏེ། རྟེན་གྱི་གང་ཟག་ཉན་ཐོས་དང་རང་སངས་རྒྱས་སྡུག་ཀུན་ཉེ་བར་ཞི་བ་འཚོལ་བ་པོ་རྣམས། ཐབས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཀུན་ཤེས་ཉིད་ཀྱིས། འབྲས་བུ་སྡུག་བསྔལ་ཀུན་འབྱུང་རགས་པ་ལྷག་མ་མེད་པར་ཉེ་བར་ཞི་བའི་ཉེར་ཞིར་འཁྲིད་པར་མཛད་པ་གང་ཡིན་པ་དེ་ལ་འདུད་པར་མཛད་པ་ཡིན་པའི་ཕྱིར། གཉིས་པ་ལམ་ཤེས་ལ་བསྟོད་ཕྱག་མཛད་པ་ཡིན་ཏེ། རྟེན་གྱི་གང་ཟག་འགྲོ་བ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས། ལམ་གསུམ་བདག་མེད་པར་རྟོགས་པའི་ལམ་ཤེས་ཉིད་ཀྱིས། འབྲས་བུ་འཇིག་རྟེན་རིགས་ཅན་གསུམ་གྱི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་དེ་ལ་འདུད་པར་མཛད་པའི་ཕྱིར། གསུམ་པ་རྣམ་མཁྱེན་ལ་བསྟོད་ཕྱག་མཛད་པ་ཡིན་ཏེ། རྟེན་གྱི་གང་ཟག་ཤུ་བ་པ་སངས་རྒྱས་བཅོམ་ལྡན་ འདས་རྣམས། ཐབས་རྣམ་པ་མ་ལུས་པ་བདག་མེད་པར་མཁྱེན་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས། འབྲས་བུ་ཐེག་པ་གསུམ་གྱི་ལམ་ཡོངས་སུ་རྫོགས་པས་བརྗོད་བྱ་རྣམ་པ་ཀུན་དང་ལྡན་པའི་མདོ་སྡེ་རིན་པོ་ཆེ་སྣ་ཚོགས་པ་འདི་གསུངས་པར་མཛད་པ་དེ་ལ་འདུད་པ་ཡིན་པའི་ཕྱིར། གཉིས་པ་ནི། རྗེ་བཙུན་བྱམས་མགོན་གྱིས་མཁྱེན་གསུམ་ལ་རང་སྲས་འཕགས་པ་བཞིའི་ཡུམ་བྱེད་པའི་སྒོ་ནས་བསྟོད་ཕྱག་མཛད་པ་ཡིན་ཏེ། ཉན་ཐོས་འཕགས་པ་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་འདུད་པ་ཡིན་པའི་ཕྱིར། གཉིས་པ་ནི། མཁྱེན་གསུམ་དེ་ལ་ཕྱག་འཚལ་བ་ཡིན་ཏེ། རྗེ་བཙུན་གྱིས་མཁྱེན་གསུམ་ལ་སྒོ་གསུམ་གུས་པའི་སྒོ་ནས་འདུད་པ་ཡིན་པའི་ཕྱིར།གཉིས་པ་[03A]རྒྱས་པ་ལ་དད་པའི་གང་ཟག་ལ་ཕྱེ་སྟེ་བཤད་པ་ལ་གསུམ།བསྟན་བཅོས་ཀྱི་དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ།།དང་པོ་ནི། བསྟན་བཅོས་འདི་ཆོས་ཅན། བརྗོད་པར་བྱ་བའི་དོན་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མངོན་སུམ་དུ་གཟིགས་ཤིང༌། དེར་བགྲོད་པའི་ལམ་ཆོས་སྤྱོད་བཅུ་གནས་སྐབས་མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་བ་སྟོན་པས་ཡུམ་གསུམ་པོ་འདི་ལས་བཤད་པ་གང་ཡིན་པ་དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་དེ་ཆོས་ཅན། གང་ཟག་གང་ཡང་རུང་བས་རྫོགས་པར་ཉམས་སུ་མྱོང་བ་མ་ཡིན་ཏེ། ཕྱི་རོལ་པ་དང་ཉན་རང་སོགས་གཞན་གྱིས་མྱོང་བ་མ་ཡིན་པའི་ཕྱིར་ཏེ། དེ་རྣམས་ཀྱིས་ཤིན་ཏུ་རྒྱས་པའི་སྡེ་སྣོད་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་ཐོས་བསམ་སྒོམ་གསུམ་གང་ཡང་མ་བྱས་པའི་ཕྱིར།བསྟན་བཅོས་འདི་ཆོས་ཅན། ཁྱོད་ཀྱི་ཉིད་དགོས་ཡོད་དེ། མདོ་དོན་རྟོགས་པ་ལ་བརྟེན་ནས་རྣམ་མཁྱེན་མཚོན་བྱེད་ཀྱི་སེམས་བསྐྱེད་ལ་སོགས་པའི་ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོའི་དོན་ཐོས་བསམ་གྱི་དྲན་པ་ལ་བཞག་ནས་བློ་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར།བསྟན་བཅོས་འདི་བརྩམས་པ་ལ་ཡུམ་གྱི་མདོ་དང་ཟློས་སྐྱོན་མེད་དེ། འདི་ལ་བརྟེན་ནས་མདོའི་དོན་བདེ་བླག་ཏུ་སྟེ་ཚེགས་ཆུང་ངུས་རྟོགས་པ་ཞེས་བྱ་བ་ནི་བསྟན་བཅོས་འདི་རྩོམ་པའི་དགོས་པ་ཡིན་པའི་ཕྱིར་དང༌།གཞུང་གིས་བསྟན་ཚུལ་ནི། རྐང་པ་དང་པོ་གཉིས་ཀྱིས་བརྗོད་བྱ་དང༌། དེ་ནས་གཅིག་གིས་ཁྱད་པར་དང༌། དེ་ནས་གསུམ་གྱིས་ཉིད་དགོས་དང༌། ཐ་མ་གཉིས་ཀྱིས་དགོས་པ་དངོས་སུ་བསྟན་ནས་བསྟན་བཅོས་ཀྱི་འབྲེལ་བ་ཤུགས་ལ་བསྟན་པའི་ཕྱིར་རོ།།[03B]གཉིས་པ་ལ་གཉིས། ལུས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།།དང་པོ་ལ་གཉིས། འཆད་བྱ་འཆད་བྱེད་མདོར་བསྟན་པ་དང༌། འཆད་བྱེད་ཀྱི་རྐང་གྲངས་སོ།།དང་པོ་ནི། བསྟན་བཅོས་འདི་ཆོས་ཅན།ཁྱོད་ཀྱིས་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་ནི་ཡང་དག་པར་གཏན་ལ་ཕབ་པ་ཡིན་ཏེ། རྗོད་བྱེད་ཀྱི་ཚིག་སྐབས་བརྒྱད་དུ་ཕྱེ་བ་དང་བརྗོད་བྱའི་དོན་གྱི་དངོས་པོ་ཡང་མངོན་རྟོགས་བརྒྱད་དུ་ཕྱེ་བ་ཉིད་ཀྱིས་ཡང་དག་པར་ཏེ། ཕྱིན་ཅི་མ་ལོག་པར་རྫོགས་པར་བཤད་པའི་ཕྱིར། གཉིས་པ་ལ་གསུམ། མཁྱེན་པ་གསུམ༑ སྦྱོར་བ་བཞི། ཆོས་སྐུའི།།དང་པོ་ལ་གསུམ་གྱི། དང་པོ་རྣམ་མཁྱེན་ལ། སེམས་བསྐྱེད་སོགས་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་པའི་ཡེ་ཤེས། རྣམ་མཁྱེན་གྱི་མཚན་ཉིད། སྐབས་འདིར་དེ་ལྟར་འཇོག་པའི་རྒྱུ་མཚན་ཡོད་དེ། རང་གི་ཐོབ་བྱའི་རྣམ་མཁྱེན་དེའི་རྟོགས་བྱ་བསྟན་པ་ཉིད་ཀྱིས་ཐེག་པ་ཆེན་པོའི་ལམ་སྤྱིའི་ལུས་བློ་ཡུལ་དུ་འཆར་བ་ཞིག་དགོས་པས་དེ་རྟོགས་པའི་ཆེད་ཡིན་པའི་ཕྱིར། མཚོན་བྱ་ནི། རྣམ་ཀུན་མཁྱེན་ཉིད་ཅེས་སོ།།དེ་ལ་དབྱེ་ན།ཤེས་བྱའི་རྣམ་པ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་དང༌། རྒྱུ་འབྲས་གཙོ་བོའི་དོན་བཅུ་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་གཉིས།ས་མཚམས་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད། གཉིས་པ་ལམ་ཤེས་ལ།རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས།ལམ་ཤེས་ཀྱི་མཚན་ཉིད། མཚོན་བྱ་ནི། ལམ་ཤེས་ཉིད། ཅེས་བྱའོ།།དབྱེ་ན་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་སོགས་གསུམ་ཡོད། ས་མཚམས་ཐེག་པ་ཆེན་པོའི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།གསུམ་པ་གཞི་ཤེས་ལ། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཡེ་ཤེས་གང་ཞིག། ཐེག་དམན་གྱི་རྟོགས་རིགས་སུ་གནས་པ། གཞི་ཤེས་ཀྱི་མཚན་ཉིད། མཚོན་བྱ་ནི། དེ་ནས་ཐམས་ཅད་ཤེས་པ་ཉིད།།ཅེས་སོ།།དབྱེ་ན་ཐེག་པ་གསུམ་གྱི་འཕགས་པའི་གཞི་ཤེས་གསུམ། ས་མཚམས་ [04A]ནི་ཐེག་པ་གསུམ་གྱི་འཕགས་པ་མཐའ་དག་གི་རྒྱུད་ལ་ཡོད།གཉིས་པ་ལ་བཞི། དང་པོ་རྣམ་རྫོགས་སྦྱོར་བ་ལ། མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། དེའི་མཚན་ཉིད། མཚོན་བྱ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌།།ཞེས་སོ།།དབྱེ་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་སྒོམ་པའི་སེམས་དཔའི་རྣལ་འབྱོར་བརྒྱ་བདུན་ཅུ་རྩ་གསུམ་མོ།།ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་རོ།།གཉིས་པ་རྩེ་སྦྱོར་ལ། སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་མཁྱེན་གསུམ་བསྡུས་སྒོམ་ཐེག་ཆེན་གྱི་ཚོགས་ལམ་ལས་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། རྩེ་སྦྱོར་གྱི་མཚན་ཉིད། མཚོན་བྱ་ནི། རྩེ་མོར་ཕྱིན་དང༌།ཞེས་སོ།།དབྱེ་བ་ནི། བསྡུ་ན་བཞི་དང༌། རྒྱས་པར་དབྱེ་ན་བརྒྱ་བདུན་ཅུ་རྩ་གསུམ་མོ།།ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད། གསུམ་པ་མཐར་གྱིས་པའི་སྦྱོར་བ་ལ། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་དོན་དུ་མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར།མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། མཚོན་བྱ་ནི་མཐར་གྱིས་པ་ཞེས་སོ།།དབྱེ་ན་བཅུ་གསུམ་མོ།།ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་རོ།།བཞི་པ་སྐད་ཅིག་མའི་སྦྱོར་བ་ལ།རང་གི་ཉེར་ལེན་དུ་གྱུར་པའི་མཐར་གྱིས་པའི་སྦྱོར་བའི་སྟོབས་ལས་བྱུང་བའི་སེམས་དཔའི་རྣལ་འབྱོར་མཐར་ཐུག། སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། མཚོན་བྱ་ནི། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ།།ཅེས་སོ།།དབྱེ་ན་བཞི། ས་མཚམས་རྒྱུན་མཐའ་ཁོ་ན་ལ་ཡོད།གསུམ་པ་ཆོས་སྐུ་ལ། རང་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་མཁྱེན་གསུམ་གྱི་རྣམ་པ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཐོབ་བྱ་མཐར་ཐུག། འབྲས་བུ་ཆོས་སྐུའི་མཚན་ཉིད། མཚོན་བྱ་ནི། ཆོས་ཀྱི་སྐུ་དང༌།ཞེས་སོ།།དབྱེ་ན་སྐུ་བཞིའོ།།ས་མཚམས་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད། དེ་རྣམས་ཀྱི་གྲངས་བསྡུ་བ་ནི། དེ་རྣམས་བརྒྱད། ཅེས་[04B]པས་འཆད་དོ།།གཉིས་པ་ལུས་རྒྱས་པར་བཤད་པ་ལ་གསུམ། མཁྱེན་པ་གསུམ་གྱི་ལུས་བཤད་པ་དང༌། སྦྱོར་བ་བཞིའི་ལུས་བཤད་པ་དང༌།ཆོས་སྐུའི་ལུས་བཤད་པའོ།།དང་པོ་ལ་གསུམ། རྣམ་མཁྱེན། ལམ་ཤེས།གཞི་ཤེས་ཀྱི་ལུས་བཤད་པའོ།།དང་པོ་ལ་གཉིས།ཆོས་བཅུའི་རང་བཞིན་བཤད་པ་དང༌། བསྟན་བཤད་སྦྱར་བའོ།།དང་པོ་ལ་གསུམ། བསམ་པ་དམ་བཅའ་སེམས་བསྐྱེད་བཤད་པ་དང༌། དམ་བཅའ་བའི་དོན་སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་བཤད་པ་དང༌། དམ་བཅའི་དོན་སྒྲུབ་བྱེད་ཀྱི་སྒྲུབ་པ་བཤད་པའོ།།དང་པོ་ནི༑ སེམས་བསྐྱེད་པ་དང༌། ཞེས་པ་ལ། རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་དུ་གྱུར་པའི་ཐེག་ཆེན་ལམ་གྱི་འཇུག་སྒོའི་རིགས་སུ་གནས་པའི་ཐེག་ཆེན་གྱི་སེམས་ཁྱད་པར་ཅན་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད༑ དབྱེ་ན་ཉེར་གཉིས། ས་མཚམས་ནི་ཐེག་ཆེན་གྱི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་རོ།།གཉིས་པ་ནི། གདམས་ངག་དང་ཞེས་པ་ལ།ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་འདོམས་པའི་ཐེག་ཆེན་གྱི་རྗོད་བྱེད་རྣམ་དག། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད། དབྱེ་ན་བཅུའོ།།ས་མཚམས་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་རོ།།འདིར་བསྟན་པའི་གདམས་དོན་གྱི་གཙོ་བོ་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ།།གསུམ་པ་ལ་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་སྒྲུབ་པའི་ཐོག་མ་ངོས་གཟུང་བ་དང༌། སྒྲུབ་པ་སྤྱིའི་རྣམ་གཞག་གོ།།དང་པོ་ནི། ངེས་འབྱེད་ཡན་ལག་རྣམ་བཞི་དང༌།ཞེས་པ་ལ། ཐར་པ་ཆ་མཐུན་རྫོགས་རྗེས་སུ་སྐྱེས་པའི་རིགས་སུ་གནས་པའི་ཐེག་ཆེན་གྱི་མོས་སྤྱོད་ཀྱིས་ས་བསྡུས་པའི་མངོན་རྟོགས། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་གི་མཚན་ཉིད། དབྱེ་ན་བཞི། གཉིས་པ་ལ་གཉིས༑ སྒྲུབ་པའི་རྟེན་དང༌། བརྟེན་པ་སྒྲུབ་པའོ།།དང་པོ་ནི། སྒྲུབ་པ་ཡི་ནི། ཞེས་སོགས་ལ། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཆོས་དབྱིངས་གང་ཞིག། ཐེག་ཆེན་སྒྲུབ་པའི་རྟེན་གཞི་བྱེད་པ། ཐེག་ཆེན་གྱི་སྒྲུབ་པ་ཡི་ནི་རྟེན་དུ་གྱུར་པའི་ཆོས་ཀྱི་དབྱིངས་གྱི་རང་བཞིན་དུ་གནས་པའི་[05A]རིགས་ཀྱི་མཚན་ཉིད། བརྟེན་པའི་ཆོས་ཀྱི་སྒྲུབ་པའི་སྒོ་ནས་དབྱེ་ན། འདིར་སྨོས་བཅུ་གསུམ་དང༌། ཐེག་ཆེན་གྱི་ཚོགས་ལམ་མོ།།ས་མཚམས་འདིར་དངོས་སུ་བསྟན་པ་ནི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་དང༌།སྤྱིར་ནི་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་རོ༑༑གཉིས་པ་ལ་གསུམ། ཐེག་ཆེན་གྱི་སྒྲུབ་པའི་དམིགས་པ་དང༌། ཆེད་དུ་བྱ་བ་དང༌། སྒྲུབ་པའི་དབྱེ་བའོ།།དང་པོ་ནི། དམིགས་པ་དག་དང༌།ཞེས་པ་ལ། ཐེག་ཆེན་གྱི་སྒྲུབ་པའི་སྒྲོ་འདོགས་བཅད་པའི་གཞི། ཐེག་ཆེན་གྱི་སྒྲུབ་པའི་དམིགས་པའི་མཚན་ཉིད་དང༌། དབྱེ་ན་བཅུ་གཅིག་གོ །གཉིས་པ། ཆེད་དང་ནི། ཞེས་པ་ལ། གང་གི་ཆེད་དུ་སྒྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུག། ཐེག་ཆེན་གྱི་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད། དབྱེ་ན་ཆེན་པོ་གསུམ། ས་མཚམས་ནི་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད། གསུམ་པ་ལ། སྤྱིར་ནི་ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ཆེན་པོ་གསུམ་སྒྲུབ་པའི་བྱ་བས་ཟིན་པའི་སེམས་དཔའི་མངོན་རྟོགས། ཐེག་ཆེན་གྱི་སྒྲུབ་པའི་མཚན་ཉིད། དབྱེ་ན་བཞི་ལས།དང་པོ་ནི་གོ་ཆ། ཞེས་པ་ལ། ཕར་ཕྱིན་དྲུག་པོ་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པར་འདོད་པའི་བསམ་པ་རྒྱ་ཆེན་པོས་ཟིན་པའི་སེམས་དཔའི་རྣལ་འབྱོར། གོ་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་དྲུག། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་རོ།།གཉིས་པ་ལ། འཇུག་པའི་བྱ་བ་དང༌། ཞེས་པ་ལ།ཐེག་ཆེན་གྱི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་སྦྱོར་བ་གཙོ་བོར་གྱུར་པའི་སྒོ་ནས་ཉམས་སུ་ལེན་པའི་སེམས་དཔའི་རྣལ་འབྱོར།འཇུག་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་དགུ། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་རོ།།གསུམ་པ་ནི། ཚོགས་ནི་ཞེས་པ་ལ། ཚོགས་གཉིས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་ཐེགཆེན་གྱི་སྦྱོར་ལམ་ཆོས་མཆོག་འབྲིང་མན་ཆད་ལས་ཁྱད་པར་དུ་འཕགས་ཤིང༌། རང་འབྲས་བྱང་ཆེན་འབྱིན་པའི་སེམས་དཔའི་རྣལ་འབྱོར།ཚོགས་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་བཅུ་བདུན། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་རོ།།[05B]བཞི་པ་ནི། ངེས་པར་འབྱུང༌། ཞེས་པ་ལ། རྣམ་མཁྱེན་དུ་གདོན་མི་ཟ་བར་ངེས་པར་འབྱིན་པའི་དག་སའི་རྣལ་འབྱོར། ངེས་འབྱུང་སྒྲུབ་པའི་མཚན་ཉིད། དབྱེ་ན་བརྒྱད། ས་མཚམས་དག་འབྱུང་སྒྲུབ་པའི་མཚན་ཉིད། དབྱེ་ན་བརྒྱད། ས་མཚམས་དག་པ་ནོ། ཆོས་བཅུ་པོ་དེས་རྣམ་མཁྱེན་མཚོན་ཚུལ་ཡང༌། སེམས་བསྐྱེད་སོགས་ཆོས་བཅུ་བོ་རྣམ་མཁྱེན་གྱི་རྒྱུ་ཡིན་བས་རྒྱུས་འབྲས་བུ་མཚོན་པའི་ཚུལ་ལ་ཅུང་ཟད་བཤད་དུ་ཡོད་ཀྱང༌། དགོངས་པ་ནི་ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་ཡིན་ལ། དེའི་དགོས་པ་ཡང༌། རང་གི་དོན་དུ་གཉེར་བྱའི་རྣམ་མཁྱེན་དེའི་རང་བཞིན་ནི་ཆོས་བཅུ་པོ་འདི་མངོན་སུམ་དུ་རྟོགས་པའོ་ཞེས་བཤད་པ་ན། དེ་རྟོགས་པའི་ཚུལ་ཡང༌། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་ནས་སྒྲུབ་པ་བཞིའི་རིམ་པས་ཉམས་སུ་བླངས་ནས་མཐར་ཆེན་པོ་གསུམ་མངོན་དུ་གྱུར་པར་བསྟན་པས། རང་གི་ཐོབ་བྱའི་རྣམ་མཁྱེན་དེས་མངོན་སུམ་དུ་རྟོགས་པར་བྱ་བའི་ཆོས་བཅུ་པོ་བསྟན་པ་ཙམ་གྱིས། ཐེག་པ་ཆེན་པོའི་ལམ་སྤྱིའི་ལུས་བློ་ཡུལ་དུ་ཤར་ནས། རང་གི་ཐོབ་བྱའི་འབྲས་བུའི་རང་བཞིན་ཤེས་པའི་ཆེད་དུ་ཡིན་ནོ།།སེམས་བསྐྱེད་ཐེག་ཆེན་ལམ་གྱི་འཇུག་སྒོར་ཤེས་པ་སོགས་དགོས་པའི་དབང་གིས་སྒྲུབ་པའི་རྟེན་བར་དུ་བསྟན་ཀྱང་སྐྱེ་རིམ་གྱི་དབང་དུ་བྱས་ན་དང་པོར་རིགས་སད། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྒྲུབ་པའི་གདམས་ངག་ཉན་ཏེ། གདམས་པའི་དོན་ཉམས་སུ་བླངས་པས་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་སྒྲུབ་པ་རྒྱུད་ལ་སྐྱེ་ལ། དེ་ཡང་དམིགས་པ་བཅུ་གཅིག་ལ་དམིགས་ཤིང་ཆེད་དུ་བྱ་བ་ཡང་ཆེན་པོ་གསུམ་གྱི་ཆེད་དུ་ཡིན་ལ། ཉམས་སུ་ལེན་པའི་རིམ་པ་ཡང༌། སྒྲུབ་པ་བཞིའི་རིམ་པས་ཉམས་སུ་བླངས་པས་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཐོབ་པར་འགྱུར་བ་ཡིན་ནོ།།གཉིས་པ་ནི། རྟེན་གྱི་གང་ཟག་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱི་མངོན་རྟོགས་ཡོད་དེ། རྣམ་ཀུན་མཁྱེན་པ་ཉིད་ཁྱོད་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ལ།ཆོས་བཅུ་གཅིག་གིས་ལམ་ཤེས་མཚོན་པ་དང༌། བསྟན་བཤད་སྦྱར་བའོ།།དང་པོ་ལ་[006A]གཉིས༑ ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་ཤེས་སོ།།དང་པོ་ནི། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་འོད་མོག་མོག་པོར་བྱེད་པས་ལམ་ཤེས་སྐྱེ་བའི་བགེགས་ང་རྒྱལ་མངོན་གྱུར་བ་དང་བྲལ་བར་བྱེད་པ་དང༌། སོགས་པས་བསྡུས་པ་ལྷན་ཅིག་བྱེད་རྐྱེན་སེམས་བསྐྱེད་པ་དང༌། རྒྱུ་རིགས་དང་རང་བཞིན་དང་བྱེད་ལས་རྣམས་ཀྱི་ལམ་ཤེས་ཀྱི་རྒྱུ་ངོ་བོ་འབྲས་བུ་རྣམས་བཤད་དོ།།དེས་ན་ལམ་ཤེས་ཀྱི་རྒྱུ་ངོ་བོ་འབྲས་བུ་གསུམ་གང་རུང་གིས་བསྡུས་པའི་སྙིང་རྗེ་ཆེན་པོས་ཟིན་པའི་ཡོན་ཏན་ཁྱད་པར་ཅན། ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད། དབྱེ་ན་ལྔ་ཡོད། ས་མཚམས་ཐེག་ཆེན་གྱི་རིགས་སད་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། གཉིས་པ་ལ་གསུམ་ལས། དང་པོ་ནི། སློབ་མ་ཞེས་པ་ལ། སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་ཤེས་པར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད།གཉིས་པ་ནི། བསེ་རུའི་ལམ་གང་དང་ཞེས་པས། ཁྱད་ཆོས་གསུམ་གྱིས་ཟིན་པའི་སྒོ་ནས་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ་ཤེས་པར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། གསུམ་པ་བྱང་སེམས་ཀྱི་ལཾ་ཤེས་པའི་ལཾ་ཤེས་ལ་གཉིས་ཀྱི། དང་པོ་ནི། འདི་དང་གཞན་པའི་ཡོན་ཏན་གྱིས། ཞེས་སོགས་ལ།རང་རྒྱུད་ལྡན་གྱི་གང་ཟག་སྲིད་ཞིའི་མཐར་ལྷུང་བ་འགོག་བྱེད་ཀྱི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། གཉིས་པ་ལ། ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་གཉིས་ལས། དང་པོ་ནི། བྱེད་བ་དང༌། ཞེས་པ་ལ། རང་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན། ཐེག་ཆེན་གྱི་སྒོམ་[006B]ལམ་གྱི་བྱེད་པའི་མཚན་ཉིད། དབྱེ་ན་དྲུག །ས་མཚམས་ནི་ཐེག་ཆེན་གྱི་སྒོམ་ལམ་ཐོབ་པའི་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་བར་དུ་ཡོད། གཉིས་པ་ལ་གཉིས། ཟག་བཅས་སྒོམ་ལམ་དང༌། ཟག་མེད་སྒོམ་ལམ་མོ།།དང་པོ་ལ་གསུམ་གྱི། དང་པོ་ནི། མོས་པ་དང་ཞེས་པ་ལ།ཡུམ་དོན་གསུམ་གང་རུང་གི་འབྱུང་གནས་སུ་ཡིད་ཆེས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། མོས་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ཉེར་བདུན། ས་མཚམས་ནི། ས་དང་པོ་ནས་ས་བཅུ་པའི་བར་རོ།།དེའི་ཕན་ཡོན་ནི། བསྟོད་དང་བཀུར་དང་བསྔགས་པ་དང་ཞེས་པ་ལ༑ རང་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་མོས་པ་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན། མོས་པ་སྒོམ་ལམ་གྱི་ཕན་རྣམས་ཀྱིས་མོས་པ་སྒོམ་ལམ་སྒོམ་པའི་བྱང་སེམས་ལ་ཆ་དེ་ནས་མ་རྣམས་ཀྱིས་མོས་པ་སྒོམ་ལམ་སྒོམ་པའི་བྱང་སེམས་ལ་ཆ་དེ་ནས་ཐུགས་དགྱེས་པའི་ཆ་དང༌། དངོས་གནས་ཀྱི་ཡོན་ཏན་བརྗོད་པའི་ཆས་བསྡུས་པ་ཉི་ཤུ་རྩ་བདུན་ཡོད། ས་མཚམས་མོས་པ་སྒོམ་ལམ་སྒོམ་པའི་སྐད་ཅིག་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། གཉིས་པ། བསྔོ་དང་ཞེས་པ་ལ། རང་གཞན་གང་རུང་གི་དགེ་རྩ་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། བསྔོ་བ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན། བཅུ་གཉིས། ས་མཚམས་སྔར་ལྟར་རོ།།གསུམ་པ། རྗེས་སུ་ཡིད་རང་བ། ཡིད་ལ་བྱེད་པ་བླ་མེད་དག །ཅེས་པ་ལ༑ རང་གཞན་གང་རུང་གི་དགེ་རྩ་ལ་དགའ་བ་སྒོམ་པའི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་གཉིས། ས་མཚམས་སྔར་ལྟར་རོ།།གཉིས་པ་ལ་གཉིས་ཀྱི་དང་པོ།སྒྲུབ་དང༑ ཞེས་པ་ལ། ཟག་པ་མེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གང་ཞིག །རང་གི་ཐོབ་བྱར་གྱུར་པའི་རྟོགས་པ་མཐར་ཐུག་གིས་ལག་རྗེས་འཇོག་བྱེད་དེ། སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་ལྔ།གཉིས་པ་ནི། ཤིན་ཏུ་དག་པ་ཞེས། བྱ་བ་འདི་ནི་སྒོམ་པའི་ལམ། ཞེས་པ་ལ་[007A]ཟག་པ་མེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པ་གང་ཞིག །རང་གི་ཐོབ་བྱར་གྱུར་པའི་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ། རྣམ་དག་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན་དགུ། འདི་དང་སྔ་མ་དོན་གཅིག །གཉིས་ཀའི་ས་མཚམས་ས་དང་པོ་ནས་བཅུ་པའི་བར་ན་ཡོད། གཉིས་པ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་མཁས་པ་རྣམས་ཀྱི་ནི་ཆོས་ཅན། ཁྱོད་ཀྱི་མངོན་རྟོགས་ཡོད་དེ། སྔར་བཤད་པའི་ལམ་ཤེས་ཉིད་ནི་དེ་འདྲར་ཁྱོད་ཀྱི་མངོན་རྟོགས་སུ་བཤད་པའི་ཕྱིར། གསུམ་པ་ལ། གཞི་ཤེས་མཚོན་བྱེད་ཀྱི་ཆོས་བཤད་པ་དང༌། བསྟན་བཤད་སྦྱར་བའོ།།དང་པོ་ལ་བཞི། འབྲས་བུ་ལ་ཉེ་རིང་གི་རྒྱུ་མཚན་དང༌། རྒྱུ་མཚན་དེ་ཉིད་སྒྲུབ་པ་དང༌། མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བ་དང༌། གཞི་ཤེས་ཀྱི་སྦྱོར་བ་བཤད་པའོ།།དང་པོ་ནི། ཤེས་པས་སྲིད་ལ་མི་གནས་ཤིང༌།།ཞེས་སོགས་ལ༑ གཞི་ཀུན་རྫོབ་པ་ལ་བལྟོས་ཏེ་སྲིད་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དེ། ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད། དཔེར་ན་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ལྟ་བུ། གཞི་ཀུན་རྫོབ་པ་ལ་བལྟོས་ཏེ་ཞི་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས། སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད། དཔེར་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དང་སྙིང་རྗེ་ཆེན་པོ་ལྟ་བུ། འདི་དག་སྔར་བྱང་སེམས་ཀྱི་མཐོང་སྒོམ་གྱི་ལམ་ཀུན་རྫོབ་ལ་བལྟོས་པའི་སྲིད་ཞིའི་མཐའ་འགོག་བྱེད་དུ་བསྟན་པ་ན།མཐའ་དེ་གཉིས་འགོག་པའི་ལག་རྗེས་ལམ་གང་གིས་བྱེད་སྙམ་པ་ལ་དོགས་པ་བཅད་ནས། མཚོན་པར་བྱ་བའི་དོན་ལམ་སྔ་མ་གཞི་ཤེས་དང༑ ཕྱི་མ་སྙིང་རྗེ་སོགས་ཡིན་ཀྱང༌། མཚོན་བྱེད་ཀྱི་ལམ་གཉིས་པོ་ལམ་ཤེས་ཀྱི་ཁྱད་པར་ཡིན་པས། སྔ་མ་གཞི་ཤེས་ཡིན་ཀྱང༌། ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་ཞེས་སྦྱོར་རྒྱུ་མིན་ལ། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་ཞེས་ཟེར་བ་ནི་ཐ་སྙད་ལོག་པར་སྦྱར་[007B]བའོ༑༑ལམ་ཤེས་དེ་གཉིས་ཀའི་ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། གཉིས་པ་ལ། ཐབས་མ་ཡིན་པས་རིང་བ་དང༌། ཞེས་སོགས་ལ། གཞི་ཤེས་གང་ཞིག །སྙིང་རྗེ་ཆེན་པོ་དང་བྲལ་ཞིང་བདེན་འཛིན་གྱིས་བཅིངས་པ་དེ། འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱི་མཚན་ཉིད། བདེན་འཛིན་གྱིས་བཅིངས་པའི་ཉན་ཐོས་ཀྱི་མཐོང་ལམ་ལྟ་བུ་དང༌། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་གང་ཞིག །སྙིང་རྗེ་ཆེན་པོ་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ།ཐབས་ཀྱི་རིང་བ་མ་ཡིན་པ་སྟེ། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད། མཚན་གཞི། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུ། དེ་གཉིས་ཀྱི་སྔ་མའི་ས་མཚམས་ཐེག་དམན་གྱི་མཐོང་ལམ་ནས་ཐེག་དམན་གྱི་མི་སློབ་ལམ་གྱི་བར་དང༌། ཕྱི་མའི་ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། དང་པོ་དང་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དོན་གཅིག །གཉིས་པ་དང་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་དོན་གཅིག་གོ །གསུམ་པ་ལ། མི་མཐུན་གཉེན་པོ།།ཞེས་སོགས་ལ།གཞི་ཤེས་གང་ཞིག །ཐབས་ཁྱད་པར་ཅན་དང་བྲལ་ཞིང༌། བདེན་འཛིན་གྱིས་བཅིངས་པ་དེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད།ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་གང་ཞིག །ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པ་དེ༑ གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད། ཁ་ཅིག །གཞི་ཤེས་དེ་གཉིས་ཀྱི་ཁྱད་པར་དེ་ལྟར་དུ་མ་རྟོགས་པར། མི་མཐུན་གཞི་ཤེས་དང༌། གཉེན་པོ་གཞི་ཤེས་ཞེས་སྦྱར་ནས་སྔ་མ་བདག་འཛིན་དང༌།ཕྱི་མ་སྟོད་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་འདོད་པ་ནི་མི་རིགས་ཏེ།ཕྱོགས་དག་དང་ཞེས་ཕྱོགས་སྒྲ་སྨོས་པའི་དོན་མ་རྟོགས་ཤིང༌།གཞི་ཤེས་དང་སྤང་བྱའི་གཞི་མཐུན་དང༌། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གཞི་ཤེས་ཀྱི་ཐ་སྙད་སློབ་དཔོན་འཕགས་སེང་གང་གིས་ཀྱང་མ་མཛད་པའི་ཕྱིར། བཞི་པ་ལ་གསུམ། གཞི་ཤེས་སྦྱོར་བའི་དབྱེ་[008A]བ་དང༌། འཛིན་སྟངས་དང༌། འབྲས་བུའོ།།དང་པོ། སྦྱོར་དང༌།ཞེས་པ་ལ། གཞི་ཀུན་རྫོབ་པའི་བསྡོད་ལུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང༌། དོན་དམ་པའི་བསྡོད་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་གང་རུང་གི་གཉེན་པོར་བསྒོམས་པའི་སེམས་དཔའི་རྣལ་འབྱོར་དེ། གཞི་ཤེས་ཀྱི་སྐབས་ནས་བསྟན་པའི་བྱང་སེམས་ཀྱི་སྦྱོར་བའི་མཚན་ཉིད། དབྱེ་ན་བཅུ། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། དེས་ན་འདིའི་དངོས་བསྟན་གྱི་སྦྱོར་བ་ལ་ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པས་ཁྱབ། བསྟན་བྱའི་གཙོ་བོའི་སྦྱོར་བ་ལ་ཐེག་དམན་གྱི་རྟོགས་རིགས་སུ་གནས་པས་ཁྱབ་ཅིང་ཤུགས་བསྟན་གྱིས་ཁྱབ། ཤུགས་བསྟན་གྱི་སྦྱོར་བ་ལ། འདིའི་བསྟན་བྱའི་གཙོ་བོའི་སྦྱོར་བསམ་ཁྱབ་སྟེ། བདེན་འཛིན་གྱིས་བཅིངས་པའི་ཉན་ཐོས་ཀྱི་སྦྱོར་ལམ་དེ། འདིའི་ཤུགས་བསྟན་གྱི་སྦྱོར་བ་ཡིན་པའི་ཕྱིར། གཉིས་པ་ལ། དེ་ཡི་མཉམ་ཉིད།ཅེས་པ་ལ། གཞིའི་དབྱེ་བ་དང༌། མཚན་མཚོན་དང་ཡུལ་ཡུལ་ཅན་ལ་བདེན་ཞེན་འགོག་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། གཞི་ཤེས་ཀྱི་སྐབས་སུ་བསྟན་པའི་བྱང་སེམས་ཀྱི་སྦྱོར་བའི་མཉམ་ཉིད་ཀྱི་མཚན་ཉིད། དབྱེ་ན་བཞི། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། གསུམ་པ་ལ།མཐོང་བའི་ལམ། ཞེས་པ་ལ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས།སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དེས་ན་སྐབས་འདིར་དངོས་སུ་བསྟན་པའི་མཐོང་ལམ་འདའ་བྱེད་དང༌། ཤུགས་ལ་བསྟན་པའི་མཐོང་ལམ་ལ་ཡང༌། བསྟན་བྱའི་གཙོ་བོའི་མཐོང་ལམ་འདའ་བྱའི་མཐོང་ལམ་དང༌། ཉན་ཐོས་ཀྱི་མཐོང་ལམ་ཤུགས་བསྟན་ཡིན་ཀྱང་བསྟན་བྱའི་གཙོ་བོ་ནི་མ་ཡིན་ནོ།།ཆོས་དགུ་པོ་དེ་དག་གིས་ནི་མི་རྟག་སོགས་ཀྱི་རྣམ་པ་ཅན་གྱི་གཞི་ཤེས་དེ་ཉིད་དངོས་བསྟན་ཤུགས་བསྟན་གཉིས་ཀའི་སྒོ་ནས་མཚོན་ནས་བསྟན་པ་ཡིན་ནོ།།དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་ཆུབ་སེམས་[008B]དཔས་ཤེས་མཐོང་གིས་བལྟས་ནས། ཉན་ཐོས་ཀྱི་ལམ་ལས་འདའ་བར་བྱེད་པས་དེ་ལ་མཐོང་ལམ་བསྟན་དགོས་ཀྱི། ཉན་ཐོས་ཀྱི་ལམ་གོམས་པ་ལྷུར་ལེན་གྱིས་མངོན་དུ་མི་བྱེད་པས། མཐོང་ལམ་དེའི་རིགས་འདྲའི་མི་རྟག་སོགས་ཀྱི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སྒོམ་ལམ་སྟོན་པ་ནི་མི་རིགས་སོ།།གཉིས་པ་ནི་ཉན་ཐོས་དང་ལ་སོགས་པས་རང་རྒྱལ་འཕགས་པ་རྣམས་ནི་ཆོས་ཅན། ཁྱོད་ཀྱི་མངོན་རྟོགས་ཡོད་དེ། སྐྱེ་བའི་རྟེན་དང་རྣམ་གཞག་གི་རྟེན་གཉིས་ཀྱི་ནང་ནས་རྟོགས་རིགས་སོ་སོར་འབྱེད་པའི་རྣམ་གཞག་གི་རྟེན་གྱི་དབང་དུ་བྱས་ནས། ཁྱོད་ཀྱི་མངོན་རྟོགས་སྔར་བཤད་པ་དེ་འདྲ་ཀུན་ཤེས་ཉིད་དུ་འདོད་པའི་ཕྱིར། དེས་ན་འགྱུར་ནི། མཐོང་ལམ་ཉན་ཐོས་ལ་སོགས་ཀྱི།།ཞེས་པ་འགྱུར་བདེའོ།།གཉིས་པ་ལ་གཉིས། དབང་དུ་བྱ་བ་རྒྱུ་འབྲས་དང༌། བརྟན་པ་རྒྱུ་འབྲས་བཤད་པའོ།།དང་པོ་ལ་གཉིས། དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་དང༑ འབྲས་བུ་རྩེ་མོའི་སྦྱོར་བ་བཤད་པའོ།།དང་པོ་ལ་གཉིས། མཚོན་བྱེད་ཀྱི་ཆོས་དང༌། བསྟན་བཤད་སྦྱར་བའོ།།དང་པོ་ལ་གཉིས། དགེ་རྩ་བ་སོགས་པའི་རྟེན་གྱི་དབང་དུ་བྱས་ནས་སྤྱིའི་རྣམ་གཞག་དང༌།དགེ་རྩ་སྨིན་པའི་རྟེན་གྱི་དབང་དུ་བྱས་ནས་རྒྱུད་ལ་སྐྱེ་བའི་རིམ་པ་དངོས་སུ་བསྟན་པའོ།།དང་པོ་ལ་བཞི། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་སྒོམ་པའི་འཛིན་སྟངས་ཀྱི་དབྱེ་བ་དང༌། མཉམ་གཞག་གི་སྦྱོར་བ་དང༌། སྦྱོར་བ་སྒོམ་པའི་སྐྱོན་ཡོན་དང༌། ལམ་ཤེར་བྱིན་གྱི་རྣལ་འབྱོར་དུ་མཚོན་པའི་མཚན་ཉིད་དོ།།དང་པོ་ལ་རྣམ་པ་ཞེས་པ་ལ།མཁྱེན་གསུམ་གང་རུང་གི་རྣམ་པ་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། སེམས་དཔའི་རྒྱུད་ཀྱི་གཉེན་པོ་ཕྱོགས་ཀྱི་ཤེས་རྣམ་གྱི་མཚན་ཉིད། དབྱེ་ན་བརྒྱ་བདུན་ཅུ་རྩ་གསུམ་ཡོད། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད།འདིར་བསྟན་གྱི་རྣམ་པ་མཚོན་བྱར་བྱས་ནས་དེའི་མཚན་ཉིད་འཇོག་པ་ནི།རྣམ་པ་ཞེས་བྱའི་མཚན་ཉིད་དེ། ཞེས་པའི་དོན་མ་རྟོགས་པ་ཡིན་ཏེ། དེ་ནི་འཕགས་པའི་འགྲེལ་པར། གཉེན་པོའི་མཚན་ཉིད་བསྟན་པར་བཤད་ཀྱི་རྣམ་པའི་མཚན་ཉིད་དུ་མ་བཤད་ཅིང༌། དེ་ལྟར་ན་[009A]གཞི་གཉེན་རྣམ་པ་གསུམ་ག་བསྟན་བཅོས་སུ་བཤད་པའི་དགོས་པའི་སྐབས་དོན་སྟོར་བར་འགྱུར་བའི་ཕྱིར། གཉིས་པ་ལ། སྦྱོར་བ་ཞེས་པ་ལ། ཡུལ་ཡུལ་ཅན་དང་གཞི་ལམ་རྣམ་གསུམ་བདེན་སྟོང་སྤྲོས་བྲལ་དུ་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཤེས་རབ་ཀྱིས་ཟིན་པའི་སྐབས་འདིར་དངོས་སུ་བསྟན་པའི་སེམས་དཔའི་རྣལ་འབྱོར། སྐབས་འདིར་དངོས་སུ་བསྟན་པའི་རྩེ་མོའི་སྦྱོར་བའི་མཚན་ཉིད།དེ་ལ་དབྱེ་ན་བཅུ་དགུ་ཡོད། ས་མཚམས་ཐེག་ཆེན་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད། སྐབས་འདིར་དངོས་སུ་བསྟན་པའི་སྦྱོར་བ་ཉི་ཤུ་ཡོད། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། བཅས་རྣམས་དང༌། ཞེས་པ་ནི། སྦྱོར་བ་སྒོམ་པ་པོ་དང༌། དགེ་རྩ་བ་སོག་པ་པོའི་རྟེན་གྱི་གང་ཟག་བསྟན་ནོ།།གསུམ་པ་ལ། ཡོན་ཏན། ཞེས་པ་ལ། རང་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཐེག་ཆེན་གྱི་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་དེ། ཐེག་ཆེན་གྱི་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད། དབྱེ་ན་བཅུ་བཞི། ས་མཚམས་ཐེག་པ་ཆེན་པོའི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། སྐྱོན་ནི། ཞེས་པ་ལ། སྦྱོར་བ་སྐྱེ་བ་དང་གནས་པ་དང་སྦྱོར་བ་རྫོགས་པ་གང་རུང་ལ་བར་དུ་གཅོད་པའི་བདུད་ལས་དེ། སྦྱོར་བའི་སྐྱོན་གྱི་མཚན་ཉིད། དབྱེ་ན་ཞེ་དྲུག །ས་མཚམས་ལམ་མ་ཞུགས་ནས་ས་བདུན་པའི་བར་ན་ཡོད། བཞི་པ་ལ། མཚན་ཉིད་ཅེས་པ་ལ། རང་གི་ཐོབ་བྱར་གྱུར་པའི་འབྲས་བུ་ཤེར་ཕྱིན་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་སེམས་དཔའི་རྣལ་འབྱོར། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད། དབྱེ་ན་དགུ་བཅུ་རྩ་གཅིག །ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད། གཉིས་པ་ལ་བཞི། སྦྱོར་བ་སྐྱེ་བའི་སྐབས་དང༌། སྨིན་པའི་སྐབས་དང༌། རྟེན་གྱི་གང་ཟག་དང༌། གང་ཟག་གི་གོ་རིམས་སོ།།དང་པོ་ནི། ཐར་དང༌། ཞེས་པ་ལ། རྣམ་མཁྱེན་རང་རྒྱུད་ལ་སྒྲུབ་པ་ལ་མཁས་པའི་སེམས་དཔའི་རྒྱུད་ཀྱི་ཆོས་མངོན་རྟོགས། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་ཐར་པ་ཆ་[009B]མཐུན་གྱི་མཚན་ཉིད། དབྱེ་ན་ལྔ། གཉིས་པ་ནི། ངེས་འབྱེད་ཆ་མཐུན་དང༌། ཞེས་པ་ལ། གཙོ་བོར་ཐབས་ཀྱི་ཆས་ཁྱད་པར་དུ་བྱས་པའི་སྐབས་འདིར་དངོས་སུ་བསྟན་པའི་སེམས་དཔའི་དོན་མངོན་རྟོགས། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། དབྱེ་ན་བཅུ་གཉིས། གསུམ་པ་ལ། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། ཞེས་པ་ལ། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་བ་བཟློག་པ་སོགས་རྟགས་ཞེ་བཞི་པོ་གང་རུང་ཐོབ་པའི་སེམས་དཔའ་དེ། སློབ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཚོགས་ཀྱིས་བསྡུས་པའི་བྱང་སེམས་ཀྱི་དགེ་འདུན་གྱི་མཚན་ཉིད།དབྱེ་ན་གསུམ། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད། བཞི་པ་ལ་གསུམ། ཆོས་སྐུའི་ལག་རྗེས་འཇོག་བྱེད་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང༌། ལོངས་སྐུའི་ལག་རྗེས་འཇོག་བྱེད་ཞིང་དག་སྦྱོར་བ་དང༌། སྒྲུལ་སྐུའི་ལག་རྗེས་འཇོག་བྱེད་ཐབས་མཁས་སྦྱོར་བའོ།།དང་པོ་ལ། སྲིད་དང་ཞི་བ་མཉམ་ཉིད་དང༌།།ཞེས་པ་ལ། སྲིད་ཞི་བདེན་སྟོང་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་བདེན་འཛིན་མངོན་གྱུར་བ་སྐྱེ་བའི་གོ་སྐབས་ཟད་པར་བཅོམ་པའི་དག་སའི་ཡེ་ཤེས། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད། གཉིས་པ་ལ།ཞིང་དག་བླ་ན་མེད་པ་དང༌།།ཞེས་པ་ལ། རང་གང་དུ་འཚང་རྒྱ་འགྱུར་གྱི་ཞིང་ཁྱད་པར་ཅན་འགྲུབ་པའི་སྨོན་ལམ་ལ་སོགས་པའི་དགེ་རྩ་ནུས་པ་མཐུ་ཅན་དུ་གྱུར་པའི་དག་སའི་རྣལ་འབྱོར།ཞིང་དག་སྦྱོར་བའི་མཚན་ཉིད། གསུམ་པ་ལ། ཐབས་མཁས། ཞེས་པ་ལ།འབད་རྩོལ་རགས་པ་ཞི་བའི་སྒོ་ནས་འཕྲིན་ལས་ལྷུན་གྱིས་གྲུབ་པའི་དག་སའི་རྣལ་འབྱོར། ཐབས་མཁས་སྦྱོར་བའི་མཚན་ཉིད། དབྱེ་ན་བཅུ་ཡོད། དེ་གསུམ་གའི་ས་མཚམས་དག་པ་ས་གསུམ་ན་ཡོད། གཉིས་པ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྦྱོར་བ་ཆོས་ཅན། ཁྱོད་མཚོན་བྱེད་ཀྱི་ཆོས་ཡོད་དེ། བཤད་ཟིན་ཆོས་བཅུ་གཅིག་པོ་དེ་ཁྱོད་མཚོན་བྱེད་ཀྱི་ཆོས་ཡིན་པའི་ཕྱིར།[010A]གཉིས་པ་ལ། རྩེ་སྦྱོར་ལ། མཚོན་བྱེད་ཀྱི་ཆོས་དང༌། བསྟན་བཤད་སྦྱར་བའོ།།དང་པོ་ལ་བཞི། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་ལམ་པའི་རྩེ་སྦྱོར་རོ།།དང་པོ་ལ། དྲོད། རྩེ་མོ།།བཟོད་པ། ཆོས་མཆོགབཞི་ལས། དང་པོ་ལ། དེ་ཡི་རྟགས་དང༌། ཞེས་པ་ལ། རྩེ་སྦྱོར་ཐོབ་པའི་རྟགས་བཅུ་གཉིས་པོ་གང་རུང་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་དེ། དྲོད་ཀྱི་རྩེ་སྦྱོར་གྱི་མཚན་ཉིད། གཉིས་པ་ལ།རྣམ་འཕེལ་དང༌། ཞེས་པ་ལ། སྟོང་གསུམ་གྱི་སེམས་ཅན་གྱི་གྲངས་དང་མཉམ་པའི་སངས་རྒྱས་མཆོད་པ་ལས་ལྷག་པ་སོགས་བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་ཚང་བའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གཉིས་པ་དེ། རྩེ་མོའི་རྩེ་སྦྱོར༈། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མཁྱེན་གསུམ་རྗེས་མཐུན་པ་རྫོགས་པའི་ཤེས་རབ་དང༌། གཞན་དོན་ལ་མི་ཕྱེད་པའི་བརྟན་པ་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གསུམ་པ་དེ།བཟོད་པའི་རྩེ་སྦྱོར་གྱི་མཚན་ཉིད། བཞི་པ་ལ། སེམས་ཀུན་གནས་པ་དང༌། ཞེས་པ་ལ། རང་གི་འབྲས་བུར་གྱུར་པའི་མཐོང་ལམ་བསྐྱེད་པའི་ནུས་པ་སྨིན་པས་ཏིང་ངེ་འཛིན་མཐའ་ཡས་པའི་སེམས་ཀུན་ཏུ་གནས་པ་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་པར་དམིགས་པ་དེ། ཆོས་མཆོག་རྩེ་སྦྱོར་གྱི་མཚན་ཉིད། གཉིས་པ། མཐོང་ཞེས་བྱ་དང༌། ཞེས་པ་ལ། མཐོང་སྤངས་རྟོགཔའི་གཉེན་པོའི་རིགས་སུ་གནས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད། གསུམ་པ། སྒོམ་པ་ཞེས།ཞེས་པ་ལ། སྒོམ་སྤངས་རྟོགས་པའི་གཉེན་པོའི་རིགས་སུ་གནས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། སྒོམ་ལམ་རྩེ་སྦྱོར་གྱི་མཚན་ཉིད།དབྱེ་ན་ལམ་དེ་གཉིས་སོ་སོ་ལ་རྣམ་པར་རྟོག་པ་རྣམ་པ་བཞིའི་གཉེན་པོ་རྣམ་པ་བཞི་དང་ངོ།།བཞི་པ། བར་ཆད་མེད་པའི་ཏིང་ངེ་འཛིན།ཞེས་པ་ལ། མཁྱེན་གསུམ་བསྔུས་སྒོམ་ཐེག་ཆེན་གྱི་ཚོགས་ལམ་ལས་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་མཐར་[010B]ཐུག་གང་ཞིག །རང་གི་འབྲས་བུར་གྱུར་པའི་རྣམ་མཁྱེན་དངོས་སུ་སྐྱེད་པར་བྱེད་པ་དེ། བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད། དེ་དང་རྒྱུན་མཐའི་བར་ཆད་མེད་ལམ་དོན་གཅིག །ལོག་པར་སྒྲུབ་པ་དང་བཅས་པ་ནི།།ཞེས་པ་ལ་བདེན་གཉིས་ངོ་བོ་གཅིག་ཏུ་འདུར་མི་རུང་བར་འཛིན་པའི་འཛིན་པ་མངོན་གྱུར་དང༌། ས་བོན་ཅི་རིགས་པས་བསྡུས་པ། འདིར་བསྟན་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་བཅུ་དྲུག་ཡོད། གཉིས་པ་ནི།རྩེ་མོའི་མངོན་རྟོགས་ཞེས་སོ།།གཉིས་པ་བརྟན་པ་རྒྱུ་འབྲས་ལ་རྣམ་པ་གཉིས། བརྟན་པ་ཐོབ་དོན་དུ་སྒོམ་པ་མཐར་གྱིས་སྦྱོར་བ་དང༌། བརྟན་པ་ཐོབ་པའི་སྐད་ཅིག་སྦྱོར་བའོ།།དང་པོ་ལ། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་དོན་དུ་མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ།མཐར་གྱིས་སྦྱོར་བའི་མཚན་ཉིད། དབྱེ་ན་རྣམ་པ་གསུམ་དང་རྣམ་པ་བཅུའོ༑༑ས་མཚམས་ནི་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོག་གི་བར་ན་ཡོད། བསྟན་བཤད་སྦྱར་བ་མཐར་གྱིས་པ།།ཞེས་པས་བསྟན་ནོ།།གཉིས་པ་ནི། བྱ་རྫོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་གཅིག་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་དངོས་ཡུལ་དུ་བྱེད་པར་ནུས་པའི་ནུས་པ་ཐོབ་པའི་སེམས་དཔའི་རྣལ་འབྱོར་དེ། སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། དབྱེ་ན་ལྡོག་མཚམས་མི་འདྲ་བའི་མཚན་ཉིད་ཀྱིས་ནི། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་རྣམ་པ་བཞིའོ།།ས་མཚམས་རྒྱུན་མཐའ་ཁོ་ནར་ཡོད། བསྟན་བཤད་སྦྱར་བ། སྐད་ཅིག་མ། གཅིག་གིས་མངོན་རྫོགས་བྱང་ཆུབ་པ།།ཞེས་པས་བསྟན། གསུམ་པ་ཆོས་སྐུའི་ལུས་རྒྱས་པར་བཤད་པ་ལ། མཚོན་བྱེད་ཀྱི་ཆོས་དང༌།བསྟན་བཤད་སྦྱར་བའོ།།དང་པོ་ནི། རང་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་མཁྱེན་གསུམ་གྱི་རྣམ་པ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཐོབ་བྱ་མཐར་ཐུག༑ འབྲས་བུ་ཆོས་སྐུའི་མཚན་ཉིད་ཡིན་གྱི། རང་འཐོབ་བྱེད་ཀྱི་ཐབས་སྦྱོར་བཞི་བསྒོམས་སྟོབས་ཀྱིས་ཐོབ་པའི་འབྲས་བུ་མཐར་ཐུག།འབྲས་བུ་ཆོས་སྐུའི་མཚན་ཉིད་ཅེས་མི་བྱ་སྟེ། འབྲས་བུ་ཆོས་སྐུ་དེ་སྦྱོར་བཞིས་མཁྱེན་གསུམ་གྱི་རྣམ་པ་བསྒོམས་པ་ལ་བརྟེན་ནས་ཐོབ་དགོས་པའི་ཕྱིར། དེ་ལ་[011A]དབྱེ་ན། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་ཏུ་གྱུར་པའི་ངོ་བོ་ཉིད་སྐུ་དང༌། ངེས་པ་ལྔས་ཁྱད་པར་དུ་བྱས་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་བཅས་པ་དང༌། དེ་བཞིན་དུ་དེ་གཉིས་ལས་གཞན་པ་ངེས་པ་ལྔས་ཁྱད་པར་དུ་མ་བྱས་པས་རབ་ཏུ་ཕྱེ་བ་མཆོག་གི་སྤྲུལ་པའི་སྐུ་དང་ཇི་ལྟ་བ་དང་ཇི་སྙེད་པ་ལ་བལྟོས་ནས་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་ཆོས་ཀྱི་སྐུ་སྟེ། མཛད་པ་དང་བཅས་པའི་ཆོས་ཀྱི་སྐུའི་ཆོས་རྣམ་པ་བཞིར་ནི་ཡང་དག་པར་བརྗོད་དོ། གཉིས་པ་ནི། ཆོས་སྐུ། ཞེས་པས་བསྟན་བཤད་སྦྱར་བ་དང༌། ཡེ་ཤེས་ཆོས་སྐུ་གཉིས་ཀ་བསྟན་ནོ།།ཡེ་ཤེས་ཆོས་སྐུ་མཛད་པ་དང་སྦྱར་ནས་བསྟན་པ་ལ་དགོས་པ་ཡོད་དེ། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཆོས་སྐུའི་མཛད་པར་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ཚིག་དོན་ལ་གསུ༑ མཁྱེན་པ་གསུམ་རྒྱས་པར་བཤད་པ་དང༌། སྦྱོར་བ་བཞི་རྒྱས་པར་བཤད་པ་དང༌། ཆོས་སྐུ་རྒྱས་པར་བཤད་པའོ།།དང་པོ་ལ་གསུམ།དོན་དུ་གཉེར་བྱ་རྣམ་མཁྱེན་བཤད་པ་དང༌། དེར་བགྲོད་པར་བྱེད་པའི་ཐབས་ལམ་ཤེས་བཤད་པ་དང༌། ལམ་ཤེས་རྣམ་པར་དག་བྱེད་ཀྱི་ཡན་ལག་གཞི་ཤེས་བཤད་པའོ།།དང་པོ་ལ་གཉིས། ཆོས་བཅུ་རྒྱས་པར་བཤད་པ་དང༌། སྐབས་བསྡུ་བའོ།།དང་པོ་ལ་གསུམ། རྣམ་མཁྱེན་འཐོབ་ཕྱིར་དུ་དམ་བཅས་པའི་བསམ་པ་དམ་བཅའ་བཤད་པ་དང༌། དམ་བཅའི་དོན་སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་བཤད་པ་དང༌། གདམས་དོན་ཇི་ལྟར་སྒྲུབ་པའི་སྒྲུབ་པ་བཤད་པའོ།།དང་པོ་ལ་གཉིས། དཀྱུས་མ་མཚན་ཉིད་དམིགས་པ་དང་བཅས་པ་བཤད་པ་དང༌། འཕྲོས་དོན་དབྱེ་བ་བཤད་པ་ལོ།།དང་པོ་ལ་གཉིས། མཚན་ཉིད་དང་དེ་ངེས་བྱེད་ཀྱི་ཡན་ལག་དམིགས་པ་བཤད་པའོ།།དང་པོ་ནི། ཐེག་པ་ཆེན་པོའི་སེམས་བསྐྱེད་པ་ནི་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་དེ། སེམས་ཅན་གཞན་སྡུག་བསྔལ་མཐའ་དག་ལས་སྒྲོལ་བའི་དོན་གྱི་ཕྱིར་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་[011B]མཚུངས་ལྡན་གྱི་ཐེག་ཆེན་ལམ་གྱི་འཇུག་སྒོའི་རིགས་སུ་གནས་པའི་ཐེག་ཆེན་གཙོ་བོའི་ཡིད་ཀྱི་རྣམ་རིག །ཁྱོད་ཀྱི་འཇོག་བྱེད་ཡིན་པའི་ཕྱིར། སྐབས་འདིར་སེམས་བསྐྱེད་ལ་འདོད་པའི་སྒྲས་བསྟན་པ་ལ་དགོས་པ་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ལ་གཞན་དོན་འདོད་པ་རྒྱུར་དགོས་པ་དང༌། བྱང་ཆུབ་འདོད་པ་གྲོགས་སུ་དགོས་པ་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་སེམས་བསྐྱེད་ཀྱི་དམིགས་ཡུལ་བྱང་ཆུབ་དེ་དང་གཞན་དོན་དེ་ནི་ཆོས་ཅན། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ག་ལས་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་པར་ཤེས་པར་བྱ་སྟེ། ཡུམ་གྱི་མདོ་བར་མ་ལས་བསྡུས་རྒྱས་གཉིས་ཀྱི་སྒོ་ནས་བསྟན་པ་དེ་བཞིན་དུ། ཡུམ་རྒྱས་པ་དང་བསྡུས་པ་གཉིས་ལས་ཀྱང་དོན་ཚང་བར་བསྟན་པའི་ཕྱིར།གཉིས་པ་ནི། ལུས་རྣམ་གཞག་གི་དཀྱུས་ཀྱི་དོན་མ་ཡིན་པས་འཕྲོས་དོན་དབྱེ་བ་དེ་ལ་ཡང་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་དེ་ནི་ཆོས་ཅན། ས་ལྟ་བུ་ཡིན་ཏེ། ཚོགས་ལམ་འབྲིང་ཡན་ཆད་ཀྱི་ལམ་ཐམས་ཅད་འདྲེན་པས་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་ཡིན་པའི་ཕྱིར།བསམ་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། གསེར་བཟང་པོ་ལྟ་བུ་ཡིན་ཏེ། བྱང་ཆུབ་ཀྱི་བར་དུ་བསམ་པ་ཉམས་པར་མི་འགྱུར་བའི་ཕྱིར།ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། ཟླ་བ་ཚེས་པ་ལྟ་བུ་ཡིན་ཏེ། དྲན་པ་ཉེར་གཞགསོགས་དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་བའི་སེམས་བསྐྱེད་ཡིན་པའི་ཕྱིར། སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན།མེ་ལྟ་བུ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་མངོན་གྱུར་བ་བསྲེག་པའི་ཕྱིར།སྦྱིན་པ་དང་ལྡན་པའི་སེམས་ཆོས་ཅན༌༈། གཏེར་ཆེན་པོ་ལྟ་བུ་ཡིན་ཏེ།ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར། ཚུལ་ཁྲིམས་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། རིན་པོ་ཆེའི་འབྱུད་ཁུངས་ཀྱི་གནས་ལྟ་བུ་ཡིན་ཏེ། ཡོན་ཏན་རིན་[012A]པོ་ཆེའི་རྟེན་གྱི་དངོས་པོ་བྱེད་པའི་ཕྱིར། བཟོད་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། རྒྱ་མཚོ་ཆེན་པོ་ལྟ་བུ་ཡིན་ཏེ། སྡུག་བསྔལ་གྱིས་མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་པས་མི་འཁྲུགས་པའི་ཕྱིར། བརྩོན་འགྲུས་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། རྡོ་རྗེ་ལྟ་བུ་ཡིན་ཏེ། ལམ་ལ་ཡིད་ཆེས་བརྟན་པས་མི་ཕྱེད་པའི་ཕྱིར། བསམ་གཏན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། རིའི་རྒྱལ་པོ་ལྟ་བུ་ཡིན་ཏེ། ཏིང་ངེ་འཛིན་བརྟན་པས་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའི་ཕྱིར། ཤེས་རབ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། སྨན་ལྟ་བུ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར། ཐབས་ལ་མཁས་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ཏེ། སེམས་ཅན་མི་འདོར་བའི་ཐབས་ཚད་མེད་བཞིས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར། སྨོན་ལམ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཏེ། འབྲས་བུ་ལ་དབང་སྒྱུར་བའི་ཐབས་མངོན་ཤེས་ལྔས་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའི་ཕྱིར༑ སྟོབས་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། ཉི་མ་ལྟ་བུ་ཡིན་ཏེ། བསྡུ་དངོས་བཞིས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན།ཆོས་ཀྱི་གླུ་དབྱངས་སྙན་པ་ལྟ་བུ་ཡིན་ཏེ། རྣམ་གྲོལ་ཐོབ་པའི་ཐབས་སོ་སོ་རིག་པ་བཞིས་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར། མངོན་པར་ཤེས་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། རྒྱལ་པོ་ཆེན་པོ་ལྟ་བུ་ཡིན་ཏེ། རྟོགས་པ་ཐོབ་ཟིན་ཆུད་མི་ཟ་བའི་མཐུ་ཐོགས་པ་མེད་པས་གཞན་དོན་སྒྲུབ་པའི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། བང་མཛོད་ལྟ་བུ་ཡིན་ཏེ། བླ་མེད་བྱང་ཆུབ་ཉེ་བར་སྟོན་པས་ཚོགས་གཉིས་མང་པོའི་མཛོད་ལྟ་བུ་ཡིན་པའི་ཕྱིར།བྱང་ཕྱོགས་སོ་བདུན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན་[012B]ལམ་པོ་ཆེ་ལྟ་བུ་ཡིན་ཏེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་ཡིན་པའི་ཕྱིར། སྙིང་རྗེ་དང་ལྷག་མཐོང་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། བཞོན་པ་ལྟ་བུ་ཡིན་ཏེ། འཁོར་བ་དང་དམན་པའི་མྱང་འདས་གང་དུ་ཡང་མར་མི་ལྟུང་བས་བདེ་བླག་ཏུ་འགྲོ་བའི་ཕྱིར། གཟུངས་དང་སྤོབས་པ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། བཀོད་མའི་ཆུ་ལྟ་བུ་ཡིན་ཏེ།སྔར་ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པས་མི་ཟད་པའི་ཕྱིར། ཆོས་ཀྱི་སྡོམ་བཞིའི་དགའ་སྟོན་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། སྒྲ་སྙན་ལྟ་བུ་ཡིན་ཏེ། ཐར་འདོད་ལ་འཁོར་བ་ལས་སྒྲོལ་བའི་སྙན་པ་སྒྲོགས་པའི་ཕྱིར། བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། ཆུ་བོའི་རྒྱུན་ལྟ་བུ་ཡིན་ཏེ། གདུལ་བྱ་ཐུན་མོང་དུ་འདུལ་བའི་ནུས་པ་ཐོབ་པས་གཞན་དོན་བྱ་བ་ཐ་མི་དད་པའི་ཕྱིར། ཆོས་སྐུ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཆོས་ཅན།།སྤྲིན་ལྟ་བུ་ཡིན་ཏེ། དགའ་ལྡན་ན་བཞུགས་པ་དང་དེ་ནས་འཕོ་བ་སོགས་མཛད་པ་བཅུ་གཉིས་དུས་ཀུན་ཏུ་སྟོན་པར་རུང་བའི་ཕྱིར། འདིར་བསྟན་སེམས་ བསྐྱེད་ལ་རྣམ་པ་ཉི་ཤུ་རྩ་གཉིས་ཡོད་དེ། སྔར་བཤད་པ་ལྟར་དཔེས་མཚོན་པའི་དོན་དང༌། དཔེ་དོན་ཆོས་མཐུན་གྱི་སྒོ་ནས་དོན་གྱིས་བསྟན་པའི་ཕྱིར། སེམས་བསྐྱེད་ཉེར་གཉིས་ཀྱིས་མཚམས་ཀྱང་བཞག་ཏུ་ཡོད་དེ། སེམས་བསྐྱེད་དང་པོ་གསུམ་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་སྐབས་དང༌། དེའི་འོག་ཏུ་གཅིག་སྦྱོར་ལམ། དེའི་འོག་ཏུ་བཅུ་ནི་རབ་ཏུ་དགའ་བ་སོགས་ས་བཅུས་རིམ་བཞིན་དང༌། དེའི་འོག་ཏུ་མངོན་ཤེས་དྲུག་དང་ལྡན་པ་སོགས་ལྔ་ནི་ཁྱད་པར་གྱི་ལམ་དག་པས་གསུམ་གྱི་སྐབས་དང༑ དེའི་འོག་མ་སེམས་བསྐྱེད་ཐ་མ་གསུམ་སྦྱོར་བ་བར་ཆད་མེད་ལམ་དང༌། དངོས་གཞི་མཉམ་གཞག་དང༌། མཇུག་རྗེས་ཐོབ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་སེས་བསྡུས་པའི་ཕྱིར། གཉིས་པ་ལ་གཉིས། ཐེག་ཆེན་གྱི་གདམས་ངག་བཤད་པ་དངོས་དང༌། གདམས་[013A]ངག་གི་དོན་སྒོམ་པས་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་སྐྱེས་པའི་ཐོག་མ་བཤད་པའོ།།དང་པོ་ལ་གཉིས། སྤྱིའི་དབྱེ་བ་དང༌།དགེ་འདུན་དགོན་མཆོག་བྱེ་བྲག་ཏུ་བཤད་པའོ།།དང་པོ་ལ་གསུམ།བརྟེན་པ་སྒྲུབ་པ་ལ་གདམས་པ་དང༌།སྒྲུབ་པའི་རྟེན་ལ་གདམས་པ་དང༌། སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པའོ།།དང་པོ་ལ་གཉིས། སྒྲུབ་པ་རང་གི་ངོ་བོ་ལ་གདམས་པ་དང༌། དེའི་དམིགས་པ་ལ་གདམས་པའོ།།དང་པོ་ནི། མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་བྱང་ཆེན་ཡོད་བཞིན་དུ་བྱང་ཆེན་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་སོགས་ཀྱི་མདོ་ཆོས་ཅན། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་ཡིན་ཏེ། ཐེག་ཆེན་གྱི་སྒྲུབ་པ་ཉམས་སུ་ལེན་པའི་ཚེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་པའི་ལམ་གྱི་རིམ་པ་ལས་མི་འདའ་བར་ཐེག་ཆེན་གྱི་སྒྲུབ་པ་ཉམས་སུ་ལོང་ཞིག་ཅེས་འདོམས་པའི་ཕྱིར། གལ་ཏེ་འཛམ་བུའི་གླིང་འདིར་དགེ་སློང་ཤཱ་རིས་བུ་དང་ཞེས་སོགས་ཀྱི་མདོ་ཆོས་ཅན། ཐེག་ཆེན་གྱི་སྒྲུབ་པའི་ཐུན་མོང་མ་ཡིན་པའི་ཆོས་ལ་འདོམས་པ་ཡིན་ཏེ། ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པ་གཞན་དོན་དུ་རྫོགས་བྱང་སྒྲུབ་པའི་ཆེད་དུ་ཡུམ་ལ་སྤྱོད་པའི་ཆོས་བཞི་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ་ཞེས་སློབ་པའི་ཚུལ་གྱིས་འདོམས་པའི་ཕྱིར། གཉིས་པ་ལ་བདེན་པ་བཞི་པོ་རྣམས་ལ་གདམས་པའི་ཚུལ་ཡོད་དེ། བྱང་ཆེན་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་སོགས་ཀྱིས་སྡུག་བསྔལ་བདེན་པ་ལ་ཤེས་བྱར་བདེན་ཞེན་དགག་པ་དང༌། གཟུགས་སྐྱེ་བའི་ཆོས་ཅན་ནམ་འགགས་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱིས་ཀུན་འབྱུང་བདེན་པ་ལ་ཡང་སྤང་བྱར་བདེན་ཞེན་དགག་པ་དང༌། ཤཱ་རིའི་བུ་སྟོང་པ་ཉིད་མི་སྐྱེ་མི་འགགས་ཞེས་སོགས་ཀྱིས། འགོག་བདེན་ལ་མངོན་དུ་བྱ་བར་བདེན་ཞེན་དགག་པ་དང༌། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་བདག་ཉིད་སྦྱིན་པ་ལ་བརྩོན་ཞེས་བྱའམ་མི་བརྩོན་ཞེས་[013B]བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱིས་ལམ་བདེན་ལ་བསྟན་བྱར་བདེན་ཞེན་དགག་པའི་ཕྱིར་འདོམས་པ་ཡིན་པའི་ཕྱིར།གཉིས་པ་ལ། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ལ་འདོམས་པའི་ཚུལ་ཡང་ཡོད་དེ། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་ལ་རྣམ་མཁྱེན་སྦྱོར་བ་མི་བྱེད་གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱིས་སངས་རྒྱས་དཀོན་མཆོག་ལ་སྐྱབས་གནས་ཡང་དག་ཏུ་བདེན་ཞེན་དགག་པའི་ཆེད་དང༌།གཟུགས་དངོས་པོ་ཡོད་ཅེས་བྱ་བར་སྦྱོར།དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་ཞེས་སོགས་ཀྱིས་ཆོས་དཀོན་མཆོག་ལ་མངོན་དུ་བྱ་བར་བདེན་ཞེན་དགག་པ་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་ལ་དོན་དམ་པར་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ།།ཞེས་ལུང་འབོགས་པ་དགེ་འདུན་དཀོན་མཆོག་ལ་ལམ་སྒྲུབ་པའི་གྲོགས་སུ་བདེན་ཞེན་དགག་པའི་ཆེད་དུ་འདོམས་པ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ། མི་མཐུན་ཕྱོགས་མངོན་གྱུར་བ་སེལ་བ་ལ་འདོམས་པ་དང༌། ལམ་ཁྱད་པར་ཅན་སྒྲུབ་པ་ལ་གདམས་པ་དང༑ སྤང་བྱའི་ས་བོན་སེལ་བ་ལ་གདམས་པའོ།།དང་པོ་ལ་གསུམ།སྒྲུབ་པ་མི་ཉམས་པའི་རྒྱུ་ལ་གདམས་པ་དང༌། སྒྲུབ་པ་འཕེལ་བའི་རྒྱུ་ལ་གདམས་པ་དང༌། ཐེག་པ་གཞན་དུ་མི་ལྟུང་བའི་རྒྱུ་ལ་གདམས་པའོ།།དང་པོ་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ། ལུས་དང་ངག་དང་ཡིད་གང་གི་ཞེས་སོགས་ཀྱི་མདོ་ཆོས་ཅན།སྒོ་གསུམ་གྱི་བྱ་བ་ངན་པ་ལ་མ་ཞེན་པ་ལ་གདམས་པ་ཡིན་ཏེ།བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་སེམས་བསྐྱེད་ཀྱིས་དམ་བཅས་པའི་དམ་བཅའི་དོན་སྒྲུབ་པ་ལ་ནན་ཏན་བྱེད་པ་ན་བྱ་བ་ཕལ་པ་ལ་ཆགས་པའི་ལུས་ལ་སོགས་པའི་བསོད་སྙོམས་ཀྱི་དབང་ལྟ་བུ་ལ་ཞེན་པར་འགྱུར་བས། དེ་སྤང་བའི་ཕྱིར་ལུས་ལ་སོགས་པ་དོན་དམ་པར་མེད་པར་རྟོགས་པར་གྱིས་ཤིག་ཅེས་འདོམས་པ་ཡིན་པའི་ཕྱིར། གཉིས་པ་ནི།བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པའི་[14A]ཚེ་གཟུགས་སུ་མི་རློམ་ཚོར་བར་མི་རློམ་ཞེས་སོགས་ཀྱི་མདོ་ཆོས་ཅན། སྒྲུབ་པ་འཇུག་པའི་ཚེ་ཡོངས་སུ་མི་ངལ་བ་ལ་འདོམས་པ་ཡིན་ཏེ།སྒྲུབ་པ་དུས་ཡུན་རིང་མོ་ཞིག་ནས་གོམས་པར་བྱས་ཀྱང་འདོད་པའི་དོན་མི་འགྲུབ་ན་དང་ངས་པའི་རང་བཞིན་ཅན་དབང་རྟུལ་ལ་སྐྱོ་བར་འགྱུར་བས་དེ་སྤངས་པའི་ཕྱིར། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བདེན་པར་རློམ་པ་མེད་པ་ཉིད་དུ་རྟོགས་པར་གྱིས་ཤིག་ཅེས་འདོམས་པའི་ཕྱིར། གསུམ་པ་ནི། བྱང་ཆེན་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་ཞེས་སོགས་ཀྱི་མདོ་ཆོས་ཅན། ཐེག་པ་ཆེན་པོའི་ལམ་ནི་ཡོངས་སུ་འཛིན་པ་ལ་གདམས་པ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་སོགས་ལ་དོན་རེ་རེའི་ཕྱིར་དུ་ལམ་གྱི་ལུང་ནོད་པར་བྱེད་དགོས་ན་དེ་འདྲ་ག་ནས་ནུས་སྙམ་དུ་སེམས་ཞུམ་པ་ར་འགྱུར་བས་དེ་སྤང་བའི་ཕྱིར་དུ་ཆོས་རྣམས་དོན་དམ་པར་མ་སྐྱེས་པ་ཉིད་ལ་བསླབ་པར་གྱིས་ཤིག་ཅེས་འདོམས་པའི་ཕྱིར། གཉིས་པ་ལ་གཉིས། སྒྲུབ་པ་ལ་རང་དབང་དུ་འཇུག་པའི་རྒྱུ་སྤྱན་ལྔ་ལ་གདམས་པ་དང༌།སྒྲུབ་པ་མྱུར་དུ་རྫོགས་པའི་རྒྱུ་མངོན་ཤེས་དྲུག་ལ་གདམས་པའོ།།དང་པོ་ནི། ཤཱ་རིའི་བུ་བྱང་ཆེན་གྱི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ་ཞེས་སོགས་ཀྱི་མདོ་ཆོས་ཅན། སྤྱན་ལྔ་ལ་གདམས་པ་ཡིན་ཏེ། ཤཱའི་སྤྱན་གྱིས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་མཐོང་བ་དང༌། དགེ་བ་ཟག་བཅས་ཀྱི་རྣམ་སྨིན་ལས་བྱུང་བའི་ལྷའི་སྤྱན་གྱིས་སེམས་ཅན་གྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་དང༌། ཤེས་རབ་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་པ་དང༌། ཆོས་ཀྱི་སྤྱན་གྱིས་འཕགས་པའི་གང་ཟག་གི་དབང་པོ་རྣོ་རྟུལ་རྟོགས་པ་དང༌། སངས་རྒྱས་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་ཡུལ་ཅན་གྱིས་སྐབས་འདིར་བསྟན་གྱི་སྤྱན་ལྔ་པོ་ཐམས་ཅད་ཡུལ་དང་ཡུལ་ཅན་བདེན་སྟོང་རོ་གཅིག་ཏུ་སྒྲུབ་པོ་ཞེས་[014B]འདོམས་པའི་ཕྱིར། གཉིས་པ་ནི། ཤེར་ཕྱིན་ལ་སྤྱོད་པའི་བྱང་ཆེན་མངོན་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ།།ཞེས་སོགས་ཀྱི་མདོ་ཆོས་ཅན།མངོན་ཤེས་ཀྱི་ཡོན་ཏན་དྲུག་ལ་འདོམས་པ་ཡིན་ཏེ། དེ་ལ་རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་གཡོ་བ་དང་གཅིག་ཏུ་བསྒྱུར་ཞིང་མང་པོར་སྦྲུལ་པ་སོགས་བྱེད་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དང༌། ལྷའི་རྣ་བའི་མངོན་ཤེས་ཀྱིས་འཇིག་རྟེན་གྱི་ཁམས་ན་གནས་པའི་སྒྲ་ཆུང་ངུ་དང་ཆེན་པོ་སོགས་ཐོས་པ་བསྒོམས་སྟོབས་ལས་བྱུང་བའི་མཉམ་གཞག་གི་སས་བསྡུས་ཤིང༌།ལྷའི་རྣ་དབང་གཟུགས་ཅན་པ་བདག་རྐྱེན་དུ་ཡོད་པའི་ཆོས་གཉིས་དང་མཚུངས་པར་ལྡན་པ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་ནི་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་བྲལ་བ་སོགས་ཆོས་གཉིས་དང་མཚུངས་པར་ལྡན་པ་དང༌།སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ནི་རང་གཞན་གྱི་ཚེ་རབས་སྔ་མ་བརྒྱ་སྟོང་སོགས་མྱོང་སྟོབས་ཀྱིས་རྗེས་སུ་དྲན་པ་དང༌། ཚེ་འདིར་བསམ་གཏན་སྒོམ་པའི་མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་གི་མངོན་ཤེས་ནི་སྐལ་མ་སྐལ་གྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བ་སྒོམ་པ་ལས་བྱུང་བའི་མཉམ་གཞག་གི་སས་(BSBU)ས་ཤིང༌། ལྷའི་མིག་དབང་བདག་རྐྱེན་དུ་ཡོད་པའི་ཆོས་གཉིས་དང་མཚུངས་པར་ལྡན་པ་དང༌། ཟག་ཟད་ཀྱི་མངོན་ཤེས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གང་རུང་སྤོང་བར་བྱེད་པའི་ཐབས་དང༌། སྤངས་པའི་བྲལ་བ་སོགས་མངོན་སུམ་དུ་ཤེས་པའི་ཆོས་གཉིས་དང་མཚུངས་པར་ལྡན་པའི་འདིར་བསྟན་གྱི་མངོན་ཤེས་དྲུག་པོ་ཐ་སྙད་དུ་རྒྱུ་ལས་བྱུང་བ་དང༑ དོན་དམ་པར་བཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ་ཞེས་སྟོན་པའི་ཚུལ་གྱིས་འདོམས་པ་ཡིན་པའི་ཕྱིར། གསུམ་པ་ལ་གཉིས། སྤང་བྱ་ཀུན་བཏགས་ཀྱི་གཉེན་པོ་ལ་གདམས་པ། སྤང་བྱ་ལྷན་སྐྱེས་ཀྱི་གཉེན་པོ་བྱེད་པར་གདམས་པའོ།།དང་པོ་[015A]ནི༑ རབ་འབྱོར་བྱང་ཆེན་རྣམས་ཤེར་ཕྱིན་ལས་བརྩམས་ཏེ་སྤོབས་པ་བསྐྱེད་ཅིག་ཅེས་པའི་མདོ་ཆོས་ཅན། མཐོང་ལམ་ལ་འདོམས་པ་ཡིན་ཏེ། བདེན་བཞི་ལ་དམིགས་པའི་ཡུལ་ཅན་གྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་ཆོས་དང་རྗེས་ཤེས་པའི་བཟོད་པ་དང༌། ཤེས་པའི་བདག་ཉིད་སྤང་བྱ་ཀུན་བཏགས་ཀྱི་གཉེན་པོ་ཉིད་དུ་རྣམ་པར་སྒོམ་པར་བྱའོ་ཞེས་སྟོན་པའི་ཚུལ་གྱིས་འདོམས་པའི་ཕྱིར། གཉིས་པ་ནི། རབ་འབྱོར་འདུས་བྱས་ཀྱི་དབྱིངས་མེད་པར་འདུས་མ་བྱས་ཀྱི་དབྱིངས་གདགས་པར་མི་ནུས་སོ་ཞེས་སོགས་ཀྱི་མདོ་ཆོས་ཅན། སྒོམ་ལམ་ཞེས་བྱ་བ་ལ་འདོམས་པ་ཡིན་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ལས་རིགས་མི་གཅིག་པའི་སྒོམ་པའི་ལམ་མཚན་ཉིད་པ་བཞག་ཏུ་མེད་ཀྱང༌། སྒོམ་ལམ་མཐོང་ལམ་ལས་གོམས་པ་བསྲིང་བའི་དབང་གིས་རྟེན་འབྲེལ་གྱི་ཆོས་ཀྱི་སྤང་བྱ་ལྷན་སྐྱེས་ཀྱི་གཉེན་པོ་ཉིད་དུ་རྣམ་པར་སྒོམ་པར་བྱེད་དོ་ཞེས་འདོམས་པའི་ཕྱིར། དེ་ལྟར་ན་ཐེག་ཆེན་གྱི་གདམས་ངག་ནི་འདིར་བསྟན་བཅུའི་བདག་ཉིད་དུ་ངེས་པར་ཤེས་པར་བྱ་སྟེ། བཅུ་པོ་འདི་ཙམ་ཁོ་ནས་རྣམ་མཁྱེན་དོན་གཉེར་གྱི་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་སྟེ་རྫོགས་པར་འགྱུར་བའི་ཕྱིར། གཉིས་པ།།སྐབས་འདིའི་དགེ་འདུན་གྱི་གྲངས་འདྲེན་ཚུལ་ལ། སྒྲ་ཇི་བཞིན་པ་དང༌། སྒྲ་ཇི་བཞིན་པ་མ་ཡིན་པའི་འདྲེན་ཚུལ་གཉིས་ལས། དང་པོ་ནི།བུ་དྡྷ་ཤྲའི། ཤནྟི་པ་རྣམས་རྩ་བའི་སྒྲ་ཇི་བཞིན་པར་འདྲེན། གཉིས་པ་ལ་གཉིས། འཕགས་པའི་ལུགས་དང༌། སློབ་དཔོན་གྱི་ལུགས་སོ།།དང་པོ་ནི།འདིར་བསྟན་གྱི་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་ཡོད་དེ། གཞུང་གིས་དངོས་སུ་བསྟན་པ་བཅུ་དྲུག །བརྒྱད་པ་དང་འབྲས་གནས་བར་པ་གཉིས་ཀྱི་འབྲས་གནས་ཙམ་པོ་བ་གཉིས་དང་དགྲ་བཅོམ་ཞུགས་པ་ཁ་བསྐངས་ནས་ཉི་ཤུར་ཡོད་པའི་ཕྱིར། གཉིས་པ་ནི། འདིར་བསྟན་གྱི་མཚོན་བྱ་དོན་གྱི་དགེ་འདུན་ལ་ཉི་ཤུ་ཡོད་དེ།རྒྱུན་ཞུགས་དངོས་བསྟན་དབང་པོ་རྟུལ་པོ་དང༌།[015B]དབང་པོ་རྣོན་པོའི་མིང་ཅན་གཉིས་དང༌། དེ་བཞིན་དུ་ཤུགས་ལ་བསྟན་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་བའི་མིང་ཅན་གཅིག་དང༌།དད་དང་མཐོང་ཐོབ་ཅེས་པས་ཕྱིར་འོང་ཞུགས་པ་དང་མོས་པ་དང་མཐོང་ཐོབ་གཉིས་གཅིག་ཏུ་བསྡུས་པ་དང༌། ཕྱིར་མི་འོང་གི་ཞུགས་པ་དང་མོས་པ་དང༌། མཐོང་ཐོབ་པ་གཉིས་ཀྱང་གཅིག་ཏུ་བསྡུས་པས་གཉིས་དང༌། རིགས་ནས་རིགས་ཞེས་པས་རྒྱུན་ཞུགས་ལྷའི་རིགས་ནས་རིགས་སྐྱེ་དང༌། མིའི་རིགས་ནས་རིགས་སྐྱེ་གཉིས་བསྟན། ཤུགས་ལ་བསྟན་པའི་ཕྱིར་འོང་འབྲས་གནས་ཙམ་པོ་བའི་མིང་ཅན་དང༌། བར་ཆད་གཅིག་ཅེས་པས་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན་དང༌། བར་སྐྱེས་ནས་དང༌། བྱེད་དང་བྱེད་མིན་ཞེས་པས་ཕྱིར་མི་འོང་བར་འདའ་བ་དང༌། སྐྱེ་པར་འདའ་བ་དང༌།འདུ་བྱེད་དང་བཅས་ཏེ་འདའ་བ། འདུ་བྱེད་མེད་པར་འདའ་བའི་མིང་ཅན་བཞི་དང༌། འོག་མིན་འགྲོ། འཕར་གསུམ་ཞེས་པས་འོག་མིན་འགྲོ་དབྱེ་གཞིར་བྱས་ནས་དེ་ལ་དབྱེ་བ་ལ་འཕར་པ་གསུམ་གྱི་མིང་ཅན་གྱི་གསུམ་དང༌། སྲིད་རྩེའི་མཐར་ཐུག་འགྲོར་བཏགས་པའི་གཟུགས་ཀྱི་ཆགས་བཅོམ་དབྱེ་གཞིར་བྱས་ནས། མཐོང་ཆོས་ལ་ཞི་བ་དང་ལུས་ཀྱི་མངོན་དུ་བྱེད་པའི་མིང་ཅན་གཉིས་དང༌། ཤུགས་ལ་བསྟན་པ་དགྲ་བཅོམ་ཞུགས་པའི་མིང་ཅན་དང༌། བསེ་རུ་རང་སངས་རྒྱས་ཀྱི་མིད་ཅན་དང་ཉི་ཤུ་ཡོད་པའི་ཕྱིར།གཉིས་པ་གདམས་ངག་གི་དོན་སྒོམ་པས་སྟོད་ཉིད་ལ་དམིགས་པའི་སྒོམ་བྱུང་སྐྱེས་པའི་ཐོག་མ་བཤད་པ་ལ་གཉིས། མདོར་བསྟན་པ་དང༌།རྒྱས་པར་བཤད་པའོ།།དང་པོ་ནི། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི་སྦྱོར་ལམ་དྲོད་སོགས་ཆོས་ཅན། ཉན་ཐོས་དང་བསེ་རུ་ལྟ་བུ་རང་སངས་རྒྱས་དང་བཅས་པའི་སྦྱོར་ལམ་དག་ལས་ཁྱད་པར་འཕགས་ཏེ། དམིགས་པ་དང་ནི་རྣམ་པ་དང༌། རྒྱུ་དང་ཡོངས་སུ་འཛིན་པ་ཡིས་དང༌། བདག་ཉིད་ཇི་བཞིན་དུ་རྣམ་རྟོག་བཞི་པོ་ལྡན་པ་ལ་བརྟེན་པ་དང༌། ཆུང་དང་འབྲིང་དང་ཆེན་པོ་[16A ༄༅།།རྣམས་ཀྱིས་ཁྱད་པར་དུ་འཕགས་པའི་ཕྱིར། གཉིས་པ་ལ་གསུམ། ཁྱད་ཆོས་སྔ་མ་གསུམ་བཤད་པ་དང༌། རྟོག་པའི་ཁྱད་ཆོས་བཤད་པ་དང༌། ཡོངས་འཛིན་གྱི་ཁྱད་ཆོས་བཤད་པའོ།།དང་པོ་ལ་བཞི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་བཤད་པ་དང༌། རྩེ་མོའི་དང༌།བཟོད་པའི་དང༌། ཆོས་མཆོག་གི་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་བཤད་པའོ།།དང་པོ་ནི། བདེན་པའི་རྟེན་ཅན་མི་རྟག་པ་ལ་སོགས་པ་བཅུ་དྲུག་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། བདེན་པ་བཞི་པོ་དེ་ཡིས་ནི་ཁྱད་ཆོས་བཅུ་དྲུག་ལ་བདེན་པར་མངོན་པར་ཞེན་པ་དང་ལྷག་པར་གནས་པ་ལ་སོགས་པ་འགོག་པའི་དྲོད་ཆུང་ངུའི་ཡེ་ཤེས་ཆོས་ཅན།ཆེན་ཆེན་གྱི་དྲོད་ཆུང་ངུའི་རྣམ་པ་ཡིན་ཏེ། དེ་ཡི་དམིགས་པའི་ཆོས་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པ་འགོག་པའི་ཐེག་ཆེན་གྱི་དྲོད་ཆུང་ངུའི་ཡེ་ཤེས་ཡིན་པའི་ཕྱིར། ཐེག་ཆེན་དྲོད་ཆུང་ངུའི་ཡེ་ཤེས་ཆོས་ཅན། འབྲས་བུ་ཁྱད་པར་ཅན་གྱི་རྒྱུ་བྱེད་དེ། ཐེག་པ་གསུམ་ཅར་གྱི་རྟོགས་པ་ཐོབ་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་རྒྱུ་བྱེད་པའི་ཕྱིར། གཟུགས་སོགས་འདུ་འགོད་བདེན་པ་དང་བྲལ་བས་ཁྱད་པ་ར་དུ་བྱས་པའི་བདེན་པ་བཞི་ཆོས་ཅན། ཐེག་ཆེན་གྱི་དྲོད་འབྲིང་གི་དམིགས་པ་ཡིན་ཏེ། རྟགས་སྔར་བཤད་པ་བཞིན་ཡིན་པའི་ཕྱིར། མིང་རྒྱུན་གནས་པ་དང་བྲལ་བ་དང༌། གནས་པ་དོན་དམ་པར་མེད་པར་རྟོགས་པའི་ཐེག་ཆེན་གྱི་དྲོད་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ནོ།།གཟུགས་སོགས་ཀྱི་ཆོས་བཏགས་པས་ཁྱད་པར་དུ་བྱས་པ་ཆོས་ཅན། ཐེག་ཆེན་གྱི་དྲོད་ཆེན་པོའི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། དོན་དམ་པར་གང་དུ་ཡང་བརྗོད་དུ་མེད་པར་རྟོགས་པའི་ཐེག་ཆེན་གྱི་དྲོད་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར།[16B]གཉིས་པ་ལ་རྩེ་མོ་ཆུང་ངུའི་དམིགས་རྣམ་ལ་བདེན་པ་རྣམ་པར་མ་བཞག་པ་དང༌། བཞག་པ་གཉིས་ལས། དང་པོ་ནི། གཟུགས་སོགས་དོན་དམ་པར་མི་དམིགས་པ་དེ་དག་ནི་དོན་དམ་པར་དེའི་ངོ་བོར་རང་བཞིན་མེད་པས་ཁྱད་པར་དུ་བྱས་པ་ཆོས་ཅན། ཐེགཆེན་གྱི་རྩེ་མོ་ཆུང་ངུའི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། གཟུགས་སོགས་དང་དེའི་ཆོས་ཉིད་དེ་དག་གཅིག་གི་རང་བཞིན་གཅིག་ཏུ་རྟོགས་པའི་ཐེག་ཆེན་གྱི་རྩེ་མོ་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར༑ གཉིས་པའི་དབང་དུ་བྱས་ན། གཟུགས་སོགས་དེ་རྣམས་དེ་ཡི་ངོ་བོས་སྟོང་པས་དོན་དམ་པར་མི་རྟག་པ་ལ་སོགས་པར་མི་གནས་བས་ཁྱད་པར་དུ་བྱས་པ་ཆོས་ཅན། ཐེག་ཆེན་གྱི་རྩེ་མོ་ཆུང་ངུའི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར།མི་རྟག་སོགས་དེའི་ཆོས་ཉིད་དེ་དག་གཅིག་གི་རང་བཞིན་གཅིག་ཏུ་རྟོགས་པའི་ཐེག་ཆེན་གྱི་རྩེ་མོ་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། ཆོས་རྣམས་མཚན་མར་མི་འཛིན་པ་གང་ཡིན་པ་ཆོས་ཅན། ཐེག་ཆེན་གྱི་རྩེ་མོ་འབྲིང་གི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། དེ་དག་བདེན་པའི་མཚན་མར་མི་མཐོང་བར་རྟོགས་པའི་ཐེག་ཆེན་གྱི་རྩེ་མོ་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། དོན་དམ་ལ་དཔྱོད་པའི་ཤེས་རབ་ཀྱིས་ནི་ཡོངས་སུ་རྟོགས་པ་བཏགས་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། ཐེག་ཆེན་གྱི་རྩེ་མོ་ཆེན་པོའི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན། འཁོར་གསུམ་པོ་ཐམས་ཅད་བདེན་པར་དམིགས་སུ་མེད་པར་རྟོགས་པའི་ཐེག་ཆེན་གྱི་རྩེ་མོ་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར།གསུམ་པ་ལ། གཟུགས་སོགས་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཆོས་ཅན། ཐེག་ཆེན་གྱི་བཟོད་པ་ཆུང་ངུའི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། དོན་དམ་པར་གཟུགས་[17A]སོགས་དེ་དག་མེད་པ་ཉིད་ཐ་སྙད་པའི་ངོ་བོ་ཉིད་དུ་རྟོགས་པའི་ཐེག་ཆེན་གྱི་བཟོད་པ་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། གཟུགས་སོགས་དོན་དམ་པར་སྐྱེ་མེད་ངེས་འབྱུང་མེད་པས་ཁྱད་པར་དུ་བྱས་པ་ཆོས་ཅན། ཐེག་ཆེན་གྱི་བཟོད་པ་འབྲིང་གི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། བདེན་བཞི་ལ་ཚུལ་དེ་ལྟར་དམིགས་ནས་བསྒོམས་པས་ལུས་ངག་ཡིད་གསུམ་སོགས་རྣམ་པར་དག་པར་རྟོགས་པའི་ཐེག་ཆེན་གྱི་བཟོད་པ་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། དེ་དག་དོན་དམ་པར་མཚན་མ་མེད་པས་ཁྱད་པར་དུ་བྱས་པ་ཆོས་ཅན། ཐེག་ཆེན་གྱི་བཟོད་པ་ཆེན་པོའི་དམིགས་པ་ཡིན་ཏེ།རྟགས་སྔར་བཞིན་ཡིན་པའི་ཕྱིར། དོན་དམ་པར་དེའི་མཚན་མར་མི་བརྟེན་པས་ཡིད་བྱེད་གཉིས་ཀྱིས་མོས་པ་མ་ཡིན་པ་དང་འདུ་ཤེས་མེད་པར་རྟོགས་པའི་ཐེག་ཆེན་གྱི་བཟོད་པ་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར།བཞི་པ་ལ། ཆོས་མཆོག་གི་དམིགས་རྣམ་བྱེ་བྲག་ཏུ་བཤད་པ་དང༌། སྤྱིའི་དོན་བསྡུ་བའོ།།དང་པོ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་དཔའ་བར་འགྲོ་བ་ལ་སོགས་པའི་བསྒོམ་བྱ་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པ་ཆོས་ཅན། ཐེག་ཆེན་གྱི་ཆོས་མཆོག་ཆུང་ངུའི་དམིགས་པ་ཡིན་ཏེ།རྟགས་སྔར་བཞིན་ཡིན་པའི་ཕྱིར། ཏིང་ངེ་འཛིན་དེའི་བྱེད་པ་ལྷུན་གྲུབ་ཏུ་འཇུག་པར་རྟོགས་པའི་ཐེག་ཆེན་གྱི་ཆོས་མཆོག་ཆུང་ངུའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། ལྐོག་ཏུ་ལུང་སྟོན་པར་མཛད་པའི་རྒྱུ་ཁྱད་པར་ཅན་ཆོས་ཅན། ཐེག་ཆེན་གྱི་ཆོས་མཆོག་འབྲིང་གི་དམིགས་པ་ཡིན་ཏེ།རྟགས་སྔར་བཞིན་ཡིན་པའི་ཕྱིར། དོན་དམ་པར་ངོ་བོ་ཉིད་མེད་པའི་གཟུགས་ལ་སོགས་པ་མི་དམིགས་པ་དང༌། དོན་དམ་པར་འཁོར་གསུམ་དུ་རློམ་པ་རགས་པ་ཟད་པའི་ཐེག་ཆེན་གྱི་[17B]ཆོས་མཆོག་འབྲིང་གི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ།རྟགས་སྔར་བཞིན་ཡིན་པའི་ཕྱིར། སྒོམ་བྱེད་ཏིང་ངེ་འཛིན་སྒོམ་པ་པོ་བྱང་སེམས་བསྒོམ་བྱ་ཤེར་ཕྱིན་གྱི་འཁོར་གསུམ་པོ་ཆོས་ཉིད་ཀྱི་རང་བཞིན་དུ་ཕན་ཚུན་དུ་ངོ་བོ་གཅིག་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། ཐེག་ཆེན་གྱི་ཆོས་མཆོག་ཆེན་པོའི་དམིགས་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། ཆོས་མཆོག་ཆེན་པོའི་ཏིང་ངེ་འཛིན་མཐའ་གང་དུ་རྣམ་པར་མི་རྟོག་པ་ནི་སངས་རྒྱས་ཐོབ་པའི་ཐབས་དམ་པར་རྟོགས་པའི་ཐེགཆེན་གྱི་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ།དེའི་དམིགས་པའི་ཆོས་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་གཉེན་པོ་བྱེད་པའི་ཐེག་ཆེན་གྱི་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟར་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ནི་ཆུང་དང་འབྲིང་དང་ཆེན་པོ་གསུམ་དུ་ཡིན་པར་ཤེས་པར་བྱ་སྟེ། གོང་དུ་བཤད་པ་དེའི་ཕྱིར། འདིར་བསྟན་པ་འདི་གོང་མ་རྣམས་ལ་ཡང་སྦྱར་བར་བྱ་ལ། རྒྱུའི་ཁྱད་པར་དྲོད་ཀྱི་སྐབས་སུ་བསྟན་པ་ཡང་ཚིག་གི་སྤྲོས་པ་བསྐྱུང་བའི་ཆེད་དུ་ཡིན་པའི་ཕྱིར། འོག་མ་རྣམས་ལ་སྦྱར་དགོས་པ་ཤེས་པར་བྱའོ།།གཉིས་པ་རྟོག་པའི་ཁྱད་པར་བཤད་པ་ལ་གཉིས། གཟུང་རྟོག་བཤད་པ་དང༌།འཛིན་རྟོག་བཤད་པའོ།།དང་པོ་ནི། བཟུང་བར་རྟོག་པ་དབྱེ་གཞི་རྣམ་པ་གཉིས་ཡོད་དེ། གཞི་ཀུན་ནས་ཉོན་མོངས་པའི་རྟེན་ཅན་དང༌། དེའི་གཉེན་པོའི་རྟེན་ཅན་དུ་དབྱེ་བས་གཉིས་སུ་ཡོད་པའི་ཕྱིར། གཉིས་པོ་དེ་ནི་དབྱེ་གཞི་སོ་སོར་རྣམ་པ་དགུ་དགུ་ཡོད་དེ།རྨོངས་པ་མ་རིག་པ་དང་རྣམ་བྱང་གི་ཕུང་པོ་སོགས་ལ་དམིགས་པའི་བྱེ་བྲག་གིས་དེ་ལྟར་དུ་ཡོད་པའི་ཕྱིར། གཉིས་པ་ནི། འཛིན་པར་རྟོག་པའང་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། གང་ཟག་རྫས་ཡོད་དང་སྐྱེས་བུ་བཏགས་པར་ཡོད་པར་འཛིན་པའི་འཛིན་པ་ལ་དམིགས་པའི་རྟེན་ཅན་གཉིས་སུ་ཡོད་པའི་ཕྱིར། དེ་བཞིན་དུ་གཉིས་པོ་དེ་ལ་ཡང་དགུ་དགུ་ཡོད་དེ། རང་[18A]དབང་བདག་སོགས་ངོ་བོ་ལ་དམིགས་པ་དང་ཕུང་པོ་སོགས་རྟེན་དགུ་ཡོད་པ་ལས་དེ་ལྟར་དུ་ཡོད་པའི་ཕྱིར། གསུམ་པ་ནི། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་ཞིང་སྟོང་ཉིད་ཟབ་མོའི་དོན་ལ།སེམས་མི་འགོང་ཞིང་མི་སྐྲག་པ་ཉིད་ལ་སོགས་པ་ཐབས་ལ་མཁས་པ་དང༌། དེའི་མི་མཐུན་པའི་ཕྱོགས་ཉན་རང་གི་ཡིད་བྱེད་དང་བདེན་ཞེན་ཅི་རིགས་བོར་བའི་ཡེ་ཤེས་ཆོས་ཅན། རྣམ་པ་ཀུན་ཏུ་བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཡིན་ཏེ།བྱང་སེམས་སྦྱོར་ལམ་པ་སྲིད་ཞིའི་མཐར་ལྟུང་བ་འགོག་བྱེད་ཀྱི་དེའི་མངོན་རྟོགས་ཡིན་པའི་ཕྱིར། བྱང་སེམས་སྦྱོར་ལམ་པ་ལ་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ལ་སོགས་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་དེའི་མི་མཐུན་ཕྱོགས་བདུད་དང༌། སྡིག་གྲོགས་སོགས་བོར་བའི་ལམ་སྟོན་པའི་སངས་རྒྱས་མཆོག་གི་སྤྲུལ་སྐུ་ཆོས་ཅན། བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་སུ་འཛིན་པ་ཡིན་ཏེ། དེ་ལ་ཐ(BSSHE)ས ཡོངས་སུ་རྫོགས་པ་འདོམས་པར་བྱེད་པའི་དེའི་བདག་རྐྱེན་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། གསུམ་པ་གདམས་དོན་ཇི་ལྟར་སྒྲུབ་པའི་ཐབས་སྒྲུབ་པ་བཤད་པ་ལ་བཞི། སྒྲུབ་པའི་རྟེན་བཤད་པ་དང༌། སྒྲུབ་པའི་དམིགས་པ་བཤད་པ་དང༌། སྒྲུབ་པའི་ཆེད་དུ་བྱ་བ་བཤད་པ་དང༌།སྒྲུབ་པ་རང་གི་ངོ་བོ་བཤད་པའོ།།དང་པོ་ལ་གཉིས། རིགས་ཀྱི་དབྱེ་བ་དང༌། རྩོད་སྤོང་ངོ།།དང་པོ་ནི། སྐབས་འདིར་བསྟན་གྱི་རིགས་དེ་ལ་བཅུ་གསུམ་དུ་ཡོད་དེ། འཇིག་རྟེན་པའི་ལམ་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་དང༌། འཇིག་རྟེན་ལས་འདས་པའི་ལམ་ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་གཉིས་ཏེ། རྟོགས་པ་ཡི་ཆོས་དྲུག་གི་རྟེན་བཅས་ཀྱི་ཆོས་ཉིད་དྲུག་དང༌། གཉེན་པོ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། སྤང་བྱའི་ས་བོན་འགགས་པ་ལ་མངོན་དུ་ཕྱོགས་པའི་ཚུལ་གྱིས་སྤོང་བ་དང༌། སྤང་བྱ་དེ་དག་ཡོངས་སུ་གཏུགས་པའི་[18B]རྣམ་གྲོལ་ལམ་དང་སྲིད་ཞིའི་མཐའ་འགོག་པའི་ཤེས་རབ་སྙིང་བརྩེར་བཅས་པ་དང༌། སློབ་མ་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པ་ཉིད་དང༌། གཞན་གྱི་དོན་གོ་རིམས་སུ་བྱེད་པའི་སྒྲུབ་པ་དང༌།ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ལ་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་སྟེ། བདུན་པོ་དེའི་རྟེན་དྲི་བཅས་ཀྱི་ཆོས་ཉིད་བདུན་ཏེ། བཅུ་གསུམ་པོ་དེ་ལ་རིགས་ཞེས་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། རྩོད་པ་དང༌། ལན་ནོ།།དང་པོ་ནི། ཐེག་པ་གསུམ་གྱི་རིགས་ནི་ཐ་དད་པར་རུང་བ་མ་ཡིན་ཞིང༑ རིགས་ཅན་གསུམ་གའི་སློབ་པ་རྣམས་ཐེག་ཆེན་གྱི་རིགས་ལ་གནས་པར་ཐལ། བྱང་སེམས་ཀྱི་སེམས་ཀྱི་ཆོས་ཉིད་དེ་རིགས་གང་ཞིག །དེ་རྣམས་ཀྱི་ཆོས་དབྱིངས་ལ་དབྱེར་མེད་པའི་ཕྱིར། གཉིས་པ་ནི། ཐེག་པ་གསུམ་གྱི་དེ་བཞིན་ཉིད་རིགས་དང་དེ་གསུམ་གྱི་དེ་བཞིན་ཉིད་ལ་དམིགས་པ་ལ་ཁྱད་པར་མེད་ན། རིགས་གསུམ་གྱི་དབྱེ་བ་མི་རུང་བའི་སྐྱོན་མེད་པར་ཐལ། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས་རྟེན་དེའི་དབྱེ་བ་འཇིག་རྟེན་ན་ཡོངས་སུ་བརྗོད་ཅིང༌། གྲགས་པ་ལྟར་རྟེན་ཆོས་ཀྱི་སྒོ་ནས་དབྱེ་བ་འཐད་པའི་ཕྱིར༑ གཉིས་པ་སྒྲུབ་པའི་དམིགས་པ་ནི། ཆོས་རྣམས་ཐམས་ཅད་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། དེ་ཡི་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། དམིགས་པ་དེ་ཡང་ཆོས་ཅན། བཅུ་གཅིག་ཏུ་ཡོད་དེ། སྤྱིར་དགེ་བ་དང་ལ་སོགས་པས་མི་དགེ་བ་དང་ལུང་མ་བསྟན་གསུམ་ཡིན་ཞིང༌། གསུམ་པོ་དེ་ལས་ཕྱེ་བ་བྱིས་པའི་སྐྱེ་བོ་ཐམས་ཅད་དང་འབྲེལ་བའི་འཇིག་རྟེན་པའི་ལམ་གྱི་རྟོགས་པ་དང༌། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བསྡུས་པའི་ཟག་མེད་ཀྱི་བསམ་གཏན་བཞི་པོ་གང་དག་འཇིག་རྟེན་ལས་འདས་པའི་ལམ་དུ་འདོད་པ་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཟག་བཅས་དང༌། ཟག་མེད་ཀྱི་དྲན་པ་ཉེར་གཞག་བཞི་ཟག་པ་མེད་པའི་ཆོས་དང༌། རྒྱུ་རྐྱེན་ལ་རག་ལས་པ་ལམ་བདེན་གང་དག་འདུས་བྱས་རྒྱུ་དང་རྒྱུ་ལ་མི་བལྟོས་པ་བྲལ་བ་འདུས་མ་བྱས་[19A]འབྲས་བུའི་ཆ་དང༌། ཐེག་པ་གསུམ་གའི་འཕགས་པའི་རྒྱུད་ལ་འབྱུང་བ་བསམ་གཏན་བཞི་སློབ་མ་ཉན་ཐོས་དང་ཐུན་མོང་བའི་ཆོས་རྣམས་དང་སྟོབས་བཅུ་རྟེན་གྱི་གང་ཟག་ཐུབ་པའི་ཐུན་མོང་མ་ཡིན་པའི་ཆོས་ཏེ་བཅུ་གཅིག་ཏུ་ཡོད་པའི་ཕྱིར།བྱང་ཆུབ་སེམས་དཔའི་སྒྲུབ་པས་དམིགས་པ་ལ་འཇུག་པའི་ཚེ་ཡང་རིམ་པ་དེ་ལྟར་དུ་དཔྱོད་པར་བྱེད་དོ།།གསུམ་པ་ནི། རང་བྱུང་དུ་གྱུར་པས་རང་བྱུང་གི་མིང་གིས་བཏགས་པའི་བྱང་ཆུབ་སེམས་དཔའི་ཆེད་དུ་བྱ་བ་འདི་ཡིན་པར་ཤེས་པར་བྱ་སྟེ། སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་ཐུགས་རྗེ་ཆེན་པོ་སེམས་ཆེན་པོ་དང༌། སྤངས་པ་མཐར་ཐུག་སྤོང་བ་ཆེན་པོ་དང༌། རྟོགས་པ་མཐར་ཐུག་རྟོགས་པའི་ཆེན་པོ་ལ་ཆེན་པོ་གསུམ་གྱིས་བསྟན་པ་རྣམས་ཡིན་པའི་ཕྱིར། བཞི་པ་སྒྲུབ་པ་རང་གི་ངོ་བོ་བཤད་པ་ལ་བཞི༑ བསམ་པ་རྒྱ་ཆེ་བ་གོ་སྒྲུབ། སྦྱོར་བ་རྒྱ་ཆེ་བ་འཇུག་སྒྲུབ།ཚོགས་གཉིས་རྒྱུ་ཆེ་བ་ཚོགས་སྒྲུབ། རྣམ་མཁྱེན་དུ་གདོན་མི་ཟ་བར་འབྱིན་བྱེད་ངེས་འབྱུང་སྒྲུབ་པ་བཤད་པའོ།།དང་པོ་ནི། གོ་ཆའི་སྒྲུབ་པ་གང་ཡིན་པ་དེ་བཤད་པའོ།།ཇི་ལྟར་ན་དྲུག་ཚན་དྲུག་གི་མདོ་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར། དྲུག་ཚན་དྲུག་ཏུ་ཡོད་དེ། གོ་ཆའི་སྒྲུབ་པ་དྲུག་པོ་དེ་དག་སོ་སོར་སྦྱིན་པ་ལ་སོགས་པ་རྣམས་ལ་དྲུག་དྲུག་ཏུ་བསྡུས་པའི་དྲུག་ཚན་དྲུག་ཏུ་ཡོད་པའི་ཕྱིར།གཉིས་པ་ནི། ཐེག་པ་ཆེན་པོའི་ལམ་གྱིས་བསྡུས་པའི་བསམ་གཏན་གཟུགས་མེད་དང་སྦྱིན་སོགས་ལམ་གྱིས་བསྡུས་པ་བརྒྱད་དང༌། འབྲས་བུས་བསྡུས་པའི་རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི་འཇུག་ཅིང་ཉམས་སུ་ལེན་པའི་བྱི་བ་ཆོས་ཅན། ཐེག་ཆེན་ལ་འཇོག་པ་ཡིན་པར་ཤེས་པར་བྱ་སྟེ། རྒྱུ་དང་འབྲས་བུས་བསྡུས་པའི་ཐེག་པ་ཆེན་པོ་ལ་གོང་ནས་གོང་དུ་འཇུག་པའི་སྒྲུབ་པ་ཡིན་པའི་ཕྱིར། འཇུག་སྒྲུབ་དགུ་པོ་དེ་ཡང་བསྡུ་ན་གཉིས་སུ་འདུ་སྟེ།ཐེག་ཆེན་གྱི་ལམ་ལ་འཇུག་པ་དང༌། དེའི་འབྲས་བུ་ལ་འཇུག་པ་གཉིས་སུ་ངེས་པ་ཡིན་པའི་ཕྱིར། དང་པོ་ལ་[19B]གསུམ་ཡོད་དེ།།ཐེག་ཆེན་གྱིས་བསྡུས་པ་བསམ་གཏན་གཟུགས་མེད་ལ་སྙོམས་པར་འཇུག་པ་ཉམས་སུ་ལེན་པའི་བྱ་བ་གཅིག་དང༌། འཇིག་རྟེན་ལས་འདས་པའི་ལམ་ལ་འཇུག་པ་དང༌། དེ་གཉིས་ཐེག་དམན་ལས་འབྱེད་པའི་ཆོས་རྣམས་ཡོད་པའི་ཕྱིར་བར་པ་ལ་བཞི་ཡོད་དེ། རང་དོན་རྟོགས་པ་མཐར་ཐུག་འཐོབ་བྱེད་སྦྱིན་སོགས་ཕར་ཕྱིན་དྲུག་དང༌། སྤངས་པ་ཕུན་ཚོགས་འཐོབ་བྱེད་མཐོང་བ་ལ་སོགས་པའི་ལམ་དང༌། གཞན་དོན་སྒྲུབ་པའི་ཐབས་བྱམས་སོགས་ཚད་མེད་བཞི་དང༌། གཞན་དོན་རྣམ་པར་དགབྱེད་སྟོང་ཉིད་རྟོགས་པའི་བདེན་གྲུབ་ཏུ་དམིགས་པ་མེད་པ་དང་ལྡན་པ་རྣམས་ཡིན་པའི་ཕྱིར། གསུམ་པ་ཐེག་དམན་ལས་འབྱེད་པའི་ཆོས་ལ་ཡང་གསུམ་ཡོད་དེ། བྱ་བྱེད་བདེན་པས་སྟོང་པའི་འཁོར་གསུམ་རྣམ་པར་དག་པ་དང༌། དགེ་རྩ་ཆེད་དུ་བྱ་བ་གསུམ་གྱི་དོན་དུ་སྒྱུར་བ་དང༌།།ཚོགས་མྱུར་དུ་རྫོགས་པར་བྱེད་པའི་ཐབས་མངོན་ཤེས་དྲུག་ལ་འཇུག་པ་རྣམས་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ།འབྲས་བུ་ལ་འཇུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་ནས་ཡང་དག་པར་གནས་པའི་མཚན་ཉིད་ཀྱི་ཉམས་ལེན་གྱི་བྱ་བ་རྣམས་ཡོད་པའི་ཕྱིར་རོ།།གསུམ་པ་ཚོགས་སྒྲུབ་བཤད་པ་ལ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ།།དང་པོ་ནི། ཚོགས་ཀྱི་སྒྲུབ་པ་ཡི་རིམ་པ་དེ་ལྟར་ཡིན་པར་ཤེས་པར་བྱ་སྟེ། སྤྱོད་པ་རྟེན་དང་བཅས་པའི་དབང་དུ་བྱས་པ་ཐོག་མར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་དང༌། སྙིང་རྗེའི་དབང་གིས་སྦྱིན་པ་ལ་སོགས་དྲུག་གི་སྦྱིན་པས་ཚེ་འདིའི་བདེ་བ་སྒྲུབ་པ་དང༌། ཚུལ་ཁྲིམས་ཀྱིས་ཕྱི་མའི་བདེ་བ་སྒྲུབ་པ་དང༌། བཟོད་པ་བརྩོན་འགྲུས་བསམ་གཏན་རྣམས་ཀྱིས་ཏིང་ངེ་འཛིན་གྱི་བདེ་བ་ལ་བཀོད་ནས་གཅིག་ཏུ་ངེས་པར་བྱེད་པ་དང༌། ཤེས་རབ་ཀྱིས་མྱང་འདས་ལ་བཀོད་ནས་གཏན་དུ་བའི་བདེ་བ་སྒྲུབ་པ་དང༌།མཉམ་རྗེས་ཀྱི་དབང་དུ་བྱས་པ་[20A]ཞི་གནས་དང་ལྷག་མཐོང་དང་བཅས་པ་དང༌། ཞི་ལྷག་ཟུང་དུ་འབྲེལ་པའི་ལམ་གང་གི་ཚོགས་དང་ལྡན་པ་ནི། གཞན་དོན་བྱེད་པའི་ཐབས་ལ་མཁས་པའི་ཚོགས་གང་ཡིན་པ་དང༌། ཚོགས་ཀྱི་དབྱེ་བའི་དབང་དུ་བྱས་པ་མཉམ་རྗེས་གོམས་པར་བྱས་པས་ཡེ་ཤེས་དང་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་པ་དང༌། འབྲས་བུ་འགྲུབ་ཅིང་དམིགས་པ་འཛིན་པའི་དབང་དུ་བྱས་པ་ཚོགས་གཉིས་གོམས་པས་མཐོང་བ་ལ་སོགས་པའི་ལམ་གྱི་ཚོགས་དང་ལྡན་པ་དང༌། ལམ་དང་ལྡན་པས་ཚིག་དོན་མི་བརྗེད་པར་འཛིན་པའི་ཚིག་ལ་སོགས་པ་གཟུངས་ཀྱི་ཚོགས་དང༌།ཡོན་ཏན་གྱི་རྟེན་བྱེད་ཅིང་སྒྲིབ་པ་སྤོང་བའི་དབང་དུ་བྱས་པ་ཡོན་ཏན་གྱི་རྟེན་བྱེད་པས་ས་བཅུ་པའི་ཚོགས་དང༌། མི་མཐུན་ཕྱོགས་སྤང་བར་བྱ་བའི་ཕྱིར་གཉེན་པོའི་ཚོགས་རྣམས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། སའི་ཚོགས་བྱེ་བྲག་ཏུ་བཤད་པ་དང༌། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པའོ།།དང་པོ་ལ་གཉིས། རྒྱུའི་ས་བཤད་པ་དང༌། འབྲས་བུའི་ས་བཤད་པའོ།།དང་པོ་ལ་དགུ་ལས། ས་དང་པོ་ལ་ཡོངས་སྦྱོངས་བཅུ༑ གཉིས་པ་ལ་བརྒྱད། གསུམ་པ་ལ་ལྔ། བཞི་པ་ལ་བཅུ། ལྔ་པ་ལ་བཅུ། དྲུག་པ་ལ་བཅུ་གཉིས། བདུན་པ་རིང་དུ་སོང་བ་ལ་ཡོངས་སྦྱོངས་ཉི་ཤུ། བརྒྱད་པ་མི་གཡོ་བ་ལ་བརྒྱད། དགུ་པ་ལེགས་པའི་བློ་གྲོས་ལ་ཡོངས་སྦྱོངས་བཅུ་གཉིས་ཀྱིས་བཤད་པའོ༑།དང་པོ་ནི། སྦྱོང་བྱེད་ཀྱི་ཆོས་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས་ནི་དང་པོའི་ཡོན་ཏན་རྫོགས་པར་འཐོབ་པར་འགྱུར་བ་ཡིན་ཏེ།གཞི་ཐམས་ཅད་ལ་གཡོ་རྒྱུ་དང་གྱ་གྱུ་མེད་པའི་བསམ་པ་དང༌།རང་གཞན་གྱི་དགོས་པ་ལ་ཕན་པ་ཐེག་པ་ཆེན་པོའི་ཆོས་ཀྱི་དངོས་པོ་འཛིན་པ་ཉིད་དང༌། ཚད་མེད་པ་བཞིས་སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་དང༌། ས་འདིར་སྦྱིན་པའི་ཕར་ཕྱིན་ལྷག་པས་ལུས་ལོངས་སྤྱོད་དགེ་རྩ་སོགས་གཏོང་བ་ལ་སེར་སྣའི་ཀུན་འཛིན་མི་སྐྱེ་བ་ཉིད་དང༌། སྒོ་གསུམ་[20B]གྱིས་དགེ་བའི་བཤེས་གཉེན་མགུ་བར་བྱེད་ཅིང་བསྟེན་པ་དང་ཐེག་པ་གསུམ་དུ་གཏོགས་པའི་དམ་པའི་ཆོས་ཀྱི་དམིགས་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་འཚོལ་བ་དང༌། རྟག་ཏུ་ངེས་པར་འབྱུང་བའི་སེམས་ཉིད་ཀྱིས་ཁྱིམ་ལ་གནས་པ་ལ་མངོན་པར་མི་དགའ་བ་དང༑ སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་སངས་རྒྱས་ཀྱི་སྐུ་འདོད་ཅིང་དགའ་བ་དང༌། དཔེ་མ་ཁྱུད་དང་སེར་སྣ་མེད་པས་ཆོས་སྟོན་པ་དང༌། དམ་བཅས་པ་མཐར་ཕྱིན་པར་བྱེད་པས་བདེན་པའི་ཚིག་ནི་སྨྲ་བར་བྱེད་པ་ཡོངས་སྦྱོང་བཅུས་ས་དང་པོའི་ཡོན་ཏན་རྫོགས་པར་ཐོབ་པ་ཡིན་པར་འདོད་པའི་ཕྱིར། ཇི་ལྟར་ཡོངས་སུ་སྦྱོང་བའི་ཚུལ་སོགས་ཡོད་དེ། བཅུ་པོ་འདི་དག་སྙིང་རྗེ་ཆེན་པོ་དང་བདེན་པའི་རང་བཞིན་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱོང་བར་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ།།བྱང་སེམས་ས་དང་པོ་བའི་རྒྱུད་ཀྱི་ཡོངས་སྦྱོང་བཅུ་པོ་འདི་ཆོས་ཅན། ས་དང་པོའི་ཡོངས་སྦྱོང་ཡིན་ཏེ། ས་དང་པོའི་མི་མཐུན་ཕྱོགས་འཇོམས་ཤིང་ཡོན་ཏན་རྫོགས་པར་བྱེད་པའི་ས་དང་པོའི་ཡོན་ཏན་ཡིན་པའི་ཕྱིར། ཡོངས་སུ་སྦྱོང་ཚུལ་དང་ཡོངས་སུ་སྦྱོང་དོན་འདི་གོང་མ་རྣམས་ལ་ཡང་ཤེས་པར་བྱའོ།།གཉིས་པ་ནི་ས་གཉིས་པ་ལ་ཡོངས་སྦྱོང་བརྒྱད་ཡོད་དེ། ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པས་དགེ་བ་ཆོས་སྡུད་སོགས་ཚུལ་ཁྲིམས་གསུམ་དང༌། གཞན་གྱིས་ཕན་པ་བྱས་པ་དྲན་པའི་བྱས་པ་བཟོ་བ་དང༌། གནོད་པ་བྱས་པ་བཟོད་པ་དང༌། དགེ་བ་སྒྲུབ་པ་ལ་སྤྲོ་བའི་དགའ་བ་དང༌། སེམས་ཅན་ནམ་ཡང་མི་འདོར་བའི་སྙིང་བརྩེ་སྟེ་སྙིང་རྗེ་ཆེ་བ་དང༌། མཁན་པོ་སོགས་གོང་མ་རྣམས་ལ་འདུད་པའི་བཀུར་སྟི་བྱེད་པ་དང༌། བླ་མ་དང་དགེ་བའི་བཤེས་གཉེན་ལ་གུས་པས་ཆོས་ཉན་པ་གསུང་ཇི་ལྟ་བ་བཞིན་དུ་སྒྲུབ་པ་དང༌། ཡོངས་སྦྱོང་བརྒྱད་པ་སྒྲུབ་པ་དམ་ཕ་སྦྱིན་པ་ལ་སོགས་པར་ཕྱིན་དྲུག་ལ་བརྩོན་པ་ཞེས་བྱ་བ་བརྒྱད་ཡོ་ [21A]པའི་ཕྱིར། གསུམ་པ་ནི། ས་གསུམ་པ་ལ་ཡོངས་སྦྱོང་ལྔ་ཡོད་དེ། མང་དུ་ཐོས་པ་ལ་བརྩོན་པས་ཆོས་ཐོས་པས་མི་ངོམས་པ་ཉིད་དང༌། རྙེད་བཀུར་གྲགས་པ་སོགས་ཟང་ཟིང་དོན་དུ་གཉེར་བ་མེད་པར་གཞན་ལ་ཆོས་སྦྱིན་པ་དང༌། སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པ་ཀུན་སྦྱོང་བ་དང༌། ས་འདིར་བཟོད་པའི་ཕར་ཕྱིན་ལྷག་པས་ཕན་བཏགས་པའི་སེམས་ཅན་གྱི་མི་མཐུན་པ་གནོད་པ་བྱེད་པ་ལ་སོགས་འཁོར་བའི་ཉེས་པ་མཐོང་བས་གཞན་དོན་ལ་ཡོངས་སུ་མི་སྐྱོ་བ་དང༌། རང་དང་གཞན་ལ་ལྟོས་ནས་ངོ་ཚ་དང་ཁྲེལ་ཡོད་རྫོགས་པས་མི་དགེ་བའི་ཆོས་མི་བསྐྱེད་པ་ཞེས་བྱ་བ་ཆོས་རྣམས་ལ་དོན་དམ་པར་རློམ་པ་མེད་པ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བདག་ཉིད་ཡོངས་སྦྱོང་དེ་རྣམས་ལྔ་ཡོད་པའི་ཕྱིར།བཞི་པ་ནི། ས་བཞི་པ་ལ་ཡོངས་སྦྱོང་བཅུ་ཡོད་དེ། ཉན་རང་གི་ཡིད་བྱེད་ཀྱིས་དབེན་པའམ། འདུ་འཛིས་དབེན་པ་གྲོང་ལས་རྒྱང་གྲགས་གཅིག་གིས་འཕགས་པའི་དགོན་པའི་ནགས་སུ་གནས་པ་དང༌། རྙེད་པ་ལ་འདོད་པ་མེད་པའམ་འདོད་པ་ཆུང་བ་དང༌། རྙེད་པ་ཐོབ་པ་ལ་ལྷག་པར་འདོད་པ་མེད་པའི་ཆོག་ཤེས་པ་དང༌། བསོད་སྙོམས་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་ཡི་དམ་བརྟན་པས་ཡང་དག་པར་བསྡོམས་པ་བརྟེན་པ་དང༌། ཉེས་ལྟུང་གིས་མ་གོས་པས་བསླབ་པ་བླངས་པ་སྲོག་ལ་སོགས་པའི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་དང༌།འདོད་ཡོན་ལ་སྲེད་པ་ཆེད་དུ་གཏད་ནས་སྤོང་བར་བྱེད་པས་འདོད་ཡོན་རྣམས་ལ་སྨོད་པ་དང༌། གདུལ་བྱ་དང་འཚམས་པར་བྱས་པ་ལ་གཞོལ་བར་བྱེད་པ་དང༌། ཕྱི་ནང་གི་བདོག་པ་ཀུན་གཏོང་བ་དང༌། ས་འདིར་བརྩོན་འགྲུས་ཀྱིས་ཕར་ཕྱིན་ལྷག་པས་རང་ལ་དགེ་བ་མཐའ་དག་སྒྲུབ་པའི་ནུས་པ་ཡོད་པར་ཤེས་ནས་དགེ་བ་སྒྲུབ་པ་ལ་སེམས་མི་ཞུམ་པ་དང༌། དངོས་པོ་ཐམས་ཅད་ལ་མངོན་ཞེན་གྱི་ལྟ་བ་མེད་པ་ཞེས་བྱ་བའི་ཡོངས་སྦྱོང་བཅུ་[021B]ཡོད་པའི་ཕྱིར། ལྔ་པ་ནི། ས་ལྔ་པ་ལ་ཡོངས་སྦྱོང་བཅུ་ཡོད་དེ། རྙེད་བཀུར་ལ་སྲེད་པས་དེའི་དོན་དུ་རབ་བྱུང་སོགས་དང་འདྲིས་པ་དང༌། ཁྱིམ་ལ་སྲེད་པས་གཞན་ལ་དང་བ་ཅན་གྱི་ཁྱིམ་ལ་འཁྲེན་པ་སྟེ་མི་སྟོན་པ་དང༌། འདུ་འཛི་ལ་སྲེད་པས་སྐྱེ་བོ་མང་པོ་རྒྱུ་བ་སོགས་ཀྱི་འདུ་འཛིར་གྱུར་པའི་གནས་སུ་གནས་པ་དང༌། རྙེད་བཀུར་གྱི་ཆེད་དུ་བདག་བསྟོད་པ་དང་གཞན་ལ་སྨོད་པ་དང༌། དེ་ལ་བརྟེན་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་ལྷག་པར་འཕེལ་བ་དང༌། ཐོས་པ་ལ་སོགས་པའི་རློམ་པས་གཞན་ལ་མི་འདུད་པའི་ཁེངས་པ་དང༌། བླང་དོར་ཕྱིན་ཅི་ལོག་ཏུ་ཞེན་པ་དང༌།ལོག་ལྟ་སོགས་བློ་གྲོས་ངན་པ་དང༌། ཆགས་སོགས་ཀྱི་ཉོན་མོངས་ལ་བཟོད་པ་སྟེ་ཕྱོགས་པར་བྱེད་པའི་ཆོས་བཅུ་པོ་འདི་དག་ནི་རྣམ་པར་སྤངས་ནས་དེ་ལས་ལོག་པའི་ཆོས་གཉེན་པོ་དོན་གྱིས་འཕངས་པའི་ཡོངས་སྦྱོང་བཅུས་ས་ལྔ་པའི་ཡོན་ཏན་རྫོགས་པར་ནི་ཡང་དག་པར་ཐོབ་པའི་ཕྱིར། ལས་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་ས་དང་པོའི་རྣམ་གྲོལ་ལམ་ནས་ས་བོན་དང་བཅས་པ་སྤངས་ཟིན་པས། དུས་དེར་འཁོར་དེར་གནས་པའི་གདུལ་བྱ་ལ་བལྟོས་པའམ། ཡང་ན་མཐར་འཛིན་གྱི་རྟག་ཆད་དུ་འཛིན་པའི་མཐར་ལྟ་ལ་ལོག་ལྟར་བཏགས་པ་ལ་བྱའོ།།ངེས་པར་ལོག་ལྟ་ལ་འཆད་ན་ནི་རྒྱང་རིང་དུ་ཐག་བསྲིང་བའི་གཉེན་པོ་སྐྱེས་པ་ལ་བྱའོ།།སྐབས་འདི་དག་ཏུ་བསྟན་པའི་སྤང་བྱ་གཞན་རྣམས་ཀྱང་མངོན་གྱུར་བ་ཕལ་ཆེར་མི་འབྱུང་མོད་ཀྱི། ས་དེར་འདི་དག་ནི་ས་པོན་ཅི་རིགས་པ་སྤངས་པ་ཤེས་པའི་ཆེད་དུ་དེ་དག་གི་སྤང་བྱར་རྣམ་པར་གཞག་པའོ།།དྲུག་པ་ནི། ས་དྲུག་པ་མངོན་དུ་གྱུར་པ་ལ་ཡོངས་སྦྱོང་བཅུ་གཉིས་ཡོད་དེ། སྦྱིན་པ་དང༌།ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌།ཤེས་རབ་ཀྱི་ཕར་ཕྱིན་གྱི་ཉམས་ལེན་དྲུག་རབ་ཏུ་རྫོགས་པས་སྤང་བྱ་དྲུག་སྤོང་སྟེ། ཚུལ་ཁྲིམས་དང༌། བསམ་གཏན་གྱི་ཕར་ཕྱིན་རྫོགས་པས། སློབ་མ་ཉན་ཐོས་དང་ནི་བསེ་རུ་[022A]རང་སངས་རྒྱས་ལ་དགའ་བ་སྟེ་འདོད་པ་སྤོང་བ་དང༌། བཟོད་པའི་ཕར་ཕྱིན་རྫོགས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པའི་སེམས་སྤོང་བ་དང༌། སྦྱིན་པའི་ཕར་ཕྱིན་རྫོགས་པས་སློང་བ་པོས་བསླངས་ན་ཞུམ་པ་སྤོང་བ་དང་མི་ཞུམ་པ་དང༌། སྦྱིན་པ་ལ་སྤྲོ་དགའི་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པས་བདོག་པ་ཀུན་བཏང་ཡང་མི་དགའ་བ་སྤོང་བས་མི་དགའ་བ་མེད་པ་དང༌། ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པས་དབུལ་ཞིང་བཀྲེན་ཡང་སློང་བ་པོ་མི་སྤོང་བས་ན་དེ་ལྟར་གཉེན་པོ་དྲུག་རྫོགས་པ་དང༌། སྤང་བྱ་དྲུག་སྤོང་བ་སྟེ་ཡོངས་སྦྱོང་བ་ཅུ་གཉིས་ཀྱིས་ས་ནི་དྲུག་པའི་ཡོན་ཏན་རྫོགས་པར་ཡང་དག་པར་ཐོབ་པའི་ཕྱིར། བདུན་པ་རིང་དུ་སོང་བ་ལ། སྤང་བྱ་ཉི་ཤུ་སྤོང་བ་དང༌། གཉེན་པོ་ཉི་ཤུ་བ་བསྟེན་པར་བསྟན་པའོ།།དང་པོ་ནི། སྤང་བྱ་ཉི་ཤུ་སྤོང་བ་ཡོད་དེ། བདག་ཏུ་འཛིན་པ་དང༌། སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པ་དང༌། ཆད་པ་དང་རྟག་པ་དང་མཚན་མ་དང་རྒྱུ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ནི་ཁམས་གསུམ་པོ་ལ་གནས་པ་དང་ཆགས་པ་དང༌། སེམས་ནི་ཀུན་ཏུ་ཞུམ་པ་དང༌། སངས་རྒྱས་ཆོས་དང་དགེ་འདུན་ཏེ། དཀོན་མཆོག་གསུམ་དང༌། ཚུལ་ཁྲིམས་ལ་དེར་ལྟ་བའི་མངོན་པར་ཞེན་པ་དང༌། སྟོང་པ་ཉིད་ལ་རྩོད་པ་སྟེ་སྟོང་ཉིད་དངོས་པོའི་འཇིག་བྱེད་དུ་འཛིན་པ་དང༌། སྟོང་པ་ཉིད་དེ་དང་ཀུན་རྫོབ་འགལ་བར་བརྗེད་པའི་འཛིན་པ་སྟེ། ཉེས་པ་ནི་ཉི་ཤུ་པོ་དེ་གང་ལ་རྣམ་པར་ཆད་པ་སྟེ་སྤངས་པ་དེའི་ས་ནི་བདུན་པ་འཐོབ་པར་འགྱུར་བའི་ཕྱིར། གཉིས་པ་ནི་གཉེན་པོ་ཉི་ཤུའི་ངོ་བོར་གྱུར་པའི་ས་བདུན་པའི་ཡོངས་སྦྱོང་ཉི་ཤུ་ཡོད་དེ།བྱང་སེམས་ས་དྲུག་པ་བས་ཆོས་རྣམས་ཀྱིས་ངོ་བོ་རྒྱུ་འབྲས་བུ་གསུམ་བདེན་པས་སྟོང་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌།མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་ཐར་སྒོ་གསུམ་ཤེས་པས། རིམ་བཞིན་གང་ཟག་གི་བདག་དང༌། སེམས་[022B]ཅན་དང་སྲོག་ཏུ་འཛིན་པ་སྤོང་བ་དང༌། དགེ་བཅུའི་ལམ་ལ་བསད་བྱ་གསོད་བྱེད། བསད་པའི་འཁོར་གསུམ་བདེན་གྲུབ་ཀྱིས་རྣམ་པར་དག་པ་ཉིད་མངོན་སུམ་དུ་རྟོགས་པས་རང་དབང་བའི་གང་ཟག་གཅིག་ཏུ་འཛིན་པ་སྤོང་བ་དང༌། སྐྱེ་བོ་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་དང་ལྡན་པས་སེམས་ཅན་ཆད་པར་འཛིན་པ་སློང་བ་དང༌། དངོས་པོ་བདེན་བར་རློམ་པ་མེད་པས་སེམས་ཅན་རྟག་པར་འཛིན་པ་སྤོང་བ་དང༌། ཆོས་ཐམས་ཅད་བདེན་པར་གྲུབ་པས་སྟོང་པར་མཉམ་པ་ཉིད་དུ་རྟོགས་པས། བླང་དོར་གྱི་མཚན་མ་བདེན་པར་འཛིན་པ་སྤོང་བ་དང༌།མཐར་ཐུག་པའི་ཐེག་པའི་ཚུལ་གཅིག་ཏུ་ཤེས་པས་མཐར་ཐུག་པའི་རྒྱུ་རིགས་ཐ་དད་པ་གསུམ་དུ་འཛིན་པ་སློང་བ་དང༌། ཆོས་ཐམས་ཅད་དོན་དམ་པར་མི་སྐྱེ་བ་ཡོངས་སུ་ཤེས་པས་ཕུང་པོ་བདེན་པར་འཛིན་པ་སྤོང་བ་དང༌། སྟོང་ཉིད་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་ཤེས་པས་ཁམས་གསུམ་ལ་བདེན་པར་འཛིན་པ་སྤོང་བ་དང༌། སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་ཐེག་པ་ཆེན་པོའི་ཐབས་ཀྱི་སྒོ་ནས་བདེན་མེད་དུ་རྣམ་པ་གཅིག་ཏུ་སྟོན་པས་སྐྱེ་མཆེད་བདེན་པར་འཛིན་པ་སྤོང་བ་དང༌། བདེན་འཛིན་གྱི་རྟོག་པ་ཀུན་ཏུ་འཇོམས་པ་ལ་བརྟེན་ནས་ཁམས་གསུམ་ལ་གནས་བྱར་བདེན་པར་འཛིན་པ་སྤོང་བ་དང༌། གཙང་བདེ་སོགས་ཀྱི་མཚན་མར་འཛིན་པའི་འདུ་ཤེས་མེད་པ་དང༑ འཇིག་ཚོགས་ལ་ལྟ་བ་སོགས་ལྔ་འདོར་བ་དང༌། ཆགས་སོགས་ཀྱི་ཉོན་མོངས་པ་སྤོང་པ་གསུམ་གྱིས་ཁམས་གསུམ་ལ་དོར་བྱར་བདེན་པར་ཆགས་པ་སྤོང་བ་དང༌། རྣམ་མཁྱེན་ལ་རྩེ་གཅིག་པའི་ཞི་གནས་ངེས་པར་སེམས་པ་སྒོམ་པས་ནི་གོང་མའི་ཁྱད་པར་རྣམ་མཁྱེན་འཐོབ་མི་ནུས་སྙམ་དུ་སེམས་ཞུམ་པ་སྤོང་བ་ལྷག་མཐོང་གིས་བསྡུས་པའི་ཤེས་རབ་ཁྱད་པར་ཅན་དང༌།རྟེན་འབྲེལ་སྒྱུ་མ་ལྟ་བུར་ཤེས་པའི་ཐབས་ལ་མཁས་པ་དང་ལྡན་པས་སངས་རྒྱས་ལ་བདེན་ཞེན་སྤོང་བ་དང༌། གནས་ལུགས་[023A]རྟོགས་པས་བདེན་པར་ལྟ་བའི་ཁེངས་པ་དང་བྲལ་བའི་སེམས་དུལ་བས་ཆོས་ལ་བདེན་འཛིན་སྤོང་བ་དང༌། ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པས་དགེ་འདུན་ལ་བདེན་ཞེན་སྤོང་བ་དང༌།གང་ལ་ཡང་བདེན་པར་ཆགས་པའི་ས་སྟེ་གནས་མིན་པར་རྟོགས་པས་ཚུལ་ཁྲིམས་ལ་བདེན་ཞེན་སྤོང་བ་དང༌། ཆོས་རྣམ་པར་འབྱེད་པའི་དོན་དུ་རང་གང་འདོད་པར་ཞིང་གཞན་དུ་ནི་མཉམ་དུ་འགྲོ་བ་དང་ལྡན་པས་སྟོང་ཉིད་ལ་ཕྱིན་ཅི་ལོག་ཏུ་རྩོད་པ་སྤོང་བ་དང༑ སེམས་ཅན་རྗེས་སུ་བཟུང་པའི་ཆེད་དུ་གདུལ་བྱ་དང་རྗེས་སུ་མཐུན་པར་ཀུན་ཏུ་བདག་གི་ལུས་ལ་དབང་སྒྱུར་ཐོབ་པས་ལུས་ཀྱི་ངོ་བོ་ནི་སྟོན་པས་སྟོང་པ་དང་རྟེན་བྱུང་འགལ་བར་བརྗོད་པ་ལ་འཛིན་པ་སྤོང་བ་ཉིད་དང་ནི་ཉི་ཤུ་ཡོད་པའི་ཕྱིར།བརྒྱད་པ་ནི། ས་བརྒྱད་པ་མི་གཡོ་བ་ལ་ཡོངས་སུ་སྦྱོང་བ་ལ་བརྒྱད་ཡོད་དེ། སེམས་ཅན་ཀུན་གྱི་ཡིད་ཆགས་པ་དང་བཅས་པ་དང༌། དེ་དང་བྲལ་བ་སེམས་གཅིག་གིས་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རོལ་པའི་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་བ་དང༌། རང་གི་སངས་རྒྱས་ཀྱི་ཞིང་རྟེན་གསེར་དང་བཻ་ཌཱུརྱ་ལ་སོགས་པའི་ངོ་བོ་བཟང་པོ་སྒྲུབ་པ་དང༌། རྣམ་པ་ཐམས་ཅད་དུ་ཆོས་ཀྱི་ཚིག་དོན་ཡོངས་སུ་རྟོགས་པའི་ཕྱིར་སངས་རྒྱས་མཉེས་པར་བྱེད་པས་བསྟེན་པ་དང༌། ལྷའི་མིག་སྐྱེས་པས་དབང་པོ་མཆོག་དམན་ཤེས་པ་དང༌། རང་གི་རྒྱལ་བའི་ཞིང་རྟེན་པས། སེམས་ཅན་ཀྱི་རྒྱུད་ཡོངས་སུ་སྦྱོང་བ་དང༌། ལྡང་འཇུག་ཐམས་ཅད་དུ་སྒྱུ་མ་ལྟ་བུ་ར་གནས་པ་དང༌། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་བསམས་བཞིན་སྲིད་པར་སྐྱེ་བ་ལེན་པ་དང་ནི་ཡོངས་སྦྱོང་གི་ལས་ནི་རྣམ་པ་འདི་བརྒྱད་དུ་བཤད་པའི་ཕྱིར། དགུ་པ་ནི། ས་དགུ་པ་ལེགས་པའི་བློ་གྲོས་ལ་ཡོངས་སྦྱོང་བཅུ་གཉིས་ཡོད་དེ། ཕྱིན་དྲུག་རྫོགས་པས་སྨོན་ལམ་དག་ནི་མཐའ་ཡས་པ་[023B]འགྲུབ་པ་དང༌། ངེས་ཚིག་སོ་སོ་ཡང་དག་རིག་པ་ཐོབ་པས། ལྷ་ལ་སོགས་པའི་ཐམས་ཅད་ཀྱི་བྱེ་བྲག་ཤེས་པ་དང༌། སྤོབས་པ་སོ་སོ་ཡང་དག་རིག་པ་ཐོབ་པས་ཆོས་སྟོན་པ་ལ་སྤོབས་པ་ཆུ་བོ་ལྟ་བུ་ཟད་མི་ཤེས་པ་དང༌། མངལ་དུ་འཇུག་པ་མཆོག་སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་མའི་མངལ་དུ་འཇུག་པ་དང་ནི། རྒྱལ་པོ་དང་བྲམ་ཟེའི་རིགས་ཕུན་སུམ་ཚོགས་པར་གནས་པ་དང༌། ཉི་མ་དང་བུ་རམ་ཤིང་པ་ལ་སོགས་པའི་རུས་ཕུན་སུམ་ཚོགས་པར་སྐྱེ་བ་དང༌། མ་ལ་སོགས་པ་བདུ་ན་བརྒྱུད་ཚུན་ཆད་དུ་ལེགས་པར་འབྲེལ་བའི་གཉེན་ཆོ་འབྲང་དང༌། རང་གིས་བཏུལ་ཏེ་བྱང་ཆུབ་ལ་བཞག་པས་ཆོག་པའི་དབང་བའི་འཁོར་ཕུན་སུམ་ཚོགས་པ་དང༌། བརྒྱ་བྱིན་དང་མིའི་དབང་པོ་ལ་སོགས་པས་བསྟོད་པར་སྐྱེ་བ་དག་དང་ནི་སངས་རྒྱས་དང་གནས་གཙང་མའི་ལྷའི་བུ་ལ་སོགས་པས་བསྐུལ་ཏེ་ཁྱིམ་ནས་ངེས་པར་འབྱུང་བ་དང༌། ཡིད་བཞིན་གྱི་ནོར་བུ་འདྲ་བའི་བྱང་ཆུབ་ཀྱི་ཤིང་སྟོན་པའི་ཨ་ཤྭད་ཐ་དང༌། བྱམས་པའི་ཀླུ་ཤིང་སོགས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་རྣམས་དང༌། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་སྟེ་རྫོགས་པར་བྱེད་པ་ཞེས་བྱ་བ་ཡོངས་སྦྱོང་བཅུ་གཉིས་རྣམས་ཡིན་པའི་ཕྱིར། གཉིས་པ་ནི། འབྲས་བུའི་ས་བཅུ་པ་ལ། རིགས་ངེས་པའི་ཉན་ཐོས་ཀྱི་སྦྱོར་ལམ་རིགས་ཀྱི་ས་དང༌། རྒྱུན་ཞུགས་ཞུགས་པའི་རྟོགས་པ་བརྒྱད་པའི་ས་དང༌། རྒྱུན་ཞུགས་ཀྱི་རྟོགས་པ་མཐོང་བའི་ས་དང༌། ཕྱིར་འོང་གི་རྟོགས་པ་སྲབས་པའི་ས་དང༌། ཕྱིར་མི་འོང་གི་རྟོགས་པ་འདོད་ཆགས་དང་བྲལ་བའི་ས་དང༌། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་བྱས་པ་རྟོགས་པའི་ས་དང༌། ཞུགས་པ་ལྷག་མ་གསུམ་གྱི་རྟོགས་པ་ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་རྟོགས་པ་རང་སངས་རྒྱས་ཀྱི་ས་དང་བཅས་པའི་དམན་པ་ས་བརྒྱད་དང་རྒྱུའི་ས་དགུ་ལ་བྱང་ཆུབ་སེམས་དཔའི་ས་ཞེས་[24A]གཅིག་ཏུ་གྲངས་པའི་ས་དགུའི་སྔ་མ་ཤེས་མཐོང་དང༌། ཕྱི་མ་ལ་གནས་ནས་འདའ་བ་སྟེ་འདའ་བྱའི་ས་བཅུ་པའི་ཡེ་ཤེས་ནི་ཆོས་ཅན།བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་སྟེ། གང་གི་སྟེ་མདོ་ལས་འདའ་བྱ་ས་དགུ་བཤད་མ་ཐག་པའི་སངས་རྒྱས་ཀྱི་སར་གནས་པ་ཞེས་བཤད་པ་དེ་ནི་ཡིན་པའི་ཕྱིར། ས་འདི་ཡོངས་སྦྱོང་གིས་སྒོ་ནས་མི་འཆད་པའི་རྒྱུ་མཚན་ཡོད་དེ། རྒྱུའི་ས་དགུ་ཡོངས་སྦྱོང་གི་སྒོ་ནས་བཤད་ཅིང༌། ས་འོག་མ་རྣམས་ཀྱི་སྤངས་རྟོགས་ཀྱི་རིགས་ཡར་ལྡན་དུ་ཡོད་པས་ས་འདི་མཚན་ཉིད་ཀྱི་སྒོ་ནས་བཤད་པས་རྟོགས་ནུས་པའི་ཕྱིར། གཉིས་པ་གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པ་ནི། མཐོང་བ་དང་སྒོམ་པ་སྟེ་སྒོམ་པའི་ལམ་དག་ལ་ཆོས་ཅན། གཉེན་པོ་རྣམ་པ་བརྒྱད་ཡོད་ཅེས་བྱ་སྟེ། སྤང་བྱ་གཟུང་བ་དང་འཛིན་པའི་རྣམ་རྟོག་བརྒྱད་པོ་རྣམས་ཉེ་བར་ཞི་བར་བྱ་བའི་གྲངས་ཀྱི་བརྒྱད་ཡོད་པའི་ཕྱིར། བཞི་པ་ངེས་འབྱུང་སྒྲུབ་པ་ལ། ངེས་པར་འབྱུང་བ་རྣམ་པ་བརྒྱད་ཀྱི་བདག་ཉིད་འདི་ཉམས་སུ་ལེན་པའི་སེམས་དཔའི་བྱ་བ་ངེས་འབྱུང་སྒྲུབ་པ་ཡིན་ཞེས་ཤེས་པར་བྱ་སྟེ།ཆེད་དུ་བྱ་བ་ཆེན་པོ་གསུམ་དང༌། ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པར་མཉམ་པ་ཉིད་དུ་རྟོགས་པ་དང༌། སེམས་ཅན་གྱི་དོན་མཐའ་ཡས་པར་བྱེད་པ་དང༌། འབད་རྩོལ་གྱི་མཚན་མ་མེད་པར་བྱེད་པ་ཉིད་ཀྱིས་གཞན་དོན་ལྷུན་གྱིས་གྲུབ་པ་དང༑ དེ་གསུམ་ནི་སེམས་ཆེན་པོའི་ཁྱད་པར་རོ།།རྟག་པ་འཁོར་བ་དང༌།ཆད་པ་མྱང་འདས་ཀྱི་མཐའ་ལས་འདས་པར་མི་གནས་པའི་མྱང་འདས་སུ་ངེས་པར་འབྱུང་བ་དང༌། སྤང་བྱ་ཟད་པས་ཐེག་པ་གསུམ་གྱི་རྟོགས་བྱའི་དོན་ཐམས་ཅད་ཐོབ་པའི་མཚན་ཉིད་ཀྱི་ངེས་འབྱུང་གཉིས་ནི་སྤོང་བ་ཆེན་པོའི་ཁྱད་པར་དང་ཆོས་བཅུ་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡུལ་ཅན་གྱིས་བསྡུས་པ་སྟེ་[024B]བརྒྱད་པོ་ཕྱི་མ་གཉིས་ནི་རྟོགས་པ་ཆེན་པོའི་ཁྱད་པར་རོ།།ངེས་པར་འབྱུང་བ་སྤྱི་དང༌།།བྱེ་བྲག་དེ་བརྒྱད་ཀྱི་སྒོ་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་སྐབས་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་རྣམ་བཤད་སྙིང་པོའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་ལས་སྐབས་དང་པོའི་བཤད་པའོ།། ༈ །།གཉིས་པ་རྣམ་མཁྱེན་དེར་བགྲོད་པའི་ཐབས་ལམ་ཤེས་བཤད་པ་ལ། ཆོས་བཅུ་གཅིག་གིས་ལམ་ཤེས་མཚོན་ཏེ་བསྟན་པ་དང༌།སྐབས་བསྡུ་བའོ།།དང་པོ་ལ་གཉིས། ལམ་ཤེས་ཀྱི་ཡན་ལག་དང༌། ལམ་ཤེས་ཀྱི་རང་བཞིན་བཤད་པའོ།།དང་པོ་ལ་ལྔ། བགེགས་ང་རྒྱལ་མངོན་གྱུར་པ་དང་བྲལ་བ། ལྷན་ཅིག་བྱེད་རྐྱེན་སེམས་བསྐྱེད་པ།ཉེར་ལེན་རིགས་ཀྱིས་ཁྱབ་པ། ལམ་ཤེས་ཀྱི་རང་བཞིན༑ ལམ་ཤེས་ཀྱི་བྱེད་ལས་སོ།།དང་པོ་ནི། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས། འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་ང་རྒྱལ་བཅོམ་ནས་སེམས་བསྐྱེད་དང་ལམ་ཤེས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་བུ་ཡིན་པའི་ཕྱིར། གཉིས་པ་ནི། ལམ་ཤེས་ཆོས་ཅན། ཁྱོད་དངོས་སུ་སྐྱེ་བའི་རྟེན་གྱི་ཡུལ་སོ་སོར་ངེས་པ་ཡིན་ཏེ། ཁྱོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་ཁོ་ནའི་རྒྱུད་ལ་སྐྱེ་བ་ཡིན་པའི་ཕྱིར། གསུམ་པ་ནི།བྱང་སེམས་ལས་གཞན་ལ་ལམ་ཤེས་སྐྱེ་བར་མི་རུང་བ་མ་ཡིན་ཏེ།སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པའི་ཕྱིར།བཞི་པ་ནི། ལམ་ཤེས་ཆོས་ཅན། ཉན་ཐོས་ཀྱི་ལམ་ལས་རང་བཞིན་གྱི་ཁྱད་པར་དུ་འཕགས་ཏེ། ཉོན་མོངས་གཙོ་བོར་མི་སྤོང་བ་དང༌། གཞན་དོན་བྱེད་པའི་ཡན་ལག་ཏུ་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ལྔ་པ་ནི། ལམ་ཤེས་ཆོས་ཅན། ཉན་ཐོས་ཀྱི་ལམ་ལས་དེའི་བྱེད་ལས་ཁྱད་པར་དུ་འཕགས་ཏེ། དུས་མ་ཡིན་པར་འདིར་བསྟན་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང༌།[25A]སེམས་ཅན་མཐའ་ཡས་པ་སྨིན་ཅིང་གྲོལ་བར་བྱེད་པའི་བྱེད་ལས་ཅན་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རང་བཞིན། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རང་བཞིན། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རང་བཞིན་ནོ།།དང་པོ་ལ་གཉིས། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་ངོ་བོ་དང༌། དེའི་རྒྱུ་དེས་འབྱེད་ཆ་མཐུན་ནོ།།དང་པོ་ནི། ལམ་ཤེས་ཉིད་རྫོགས་པར་སྒོམ་པ་ཉིད་ཀྱི་ཚུལ་ལ་ནི། ཉན་ཐོས་ཀྱི་ལམ་འདི་ཇི་ལྟར་སྒོམ་པ་ཡང་ཤེས་པར་བྱ་སྟེ། འཕགས་པའི་བདེན་པ་བཞི་དག་གི་རྣམ་པ་བཅུ་དྲུག་སེམས་བསྐྱེད་བསྔོ་བ་བདེན་པར་མི་དམིགས་པའི་ཤེས་རབ་གསུམ་གྱི་སྒོ་ནས་ནི་བསྒོམ་པར་བྱ་དགོས་པའི་ཕྱིར། གཉིས་པ་ནི། འཕགས་པ་ཉན་ཐོས་ཀྱི་ལམ་ངོན་སུམ་དུ་ཤེས་པ་ལ་ནི་དེའི་རྒྱུ་ངེས་འབྱེད་ཆ་མཐུན་བཞི་སྔོན་དུ་འགྲོ་དགོས་ཏེ།གཟུགས་ལ་སོགས་པའི་ཕུང་པོ་དང་དེའི་སྟོང་པ་ཉིད་རྣམས་ངོ་བོ་དབྱེར་མེད་པར་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཤེས་རབ་ཀྱིས་དང་པོར་ཟིན་པའི་མི་རྟག་སོགས་བཅུ་དྲུག་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་དྲོ་བ་སྟེ་དྲོད་དང༌། གཟུགས་སོགས་དེ་དག་དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་འཕེལ་བས་ཟིན་པ་རྩེ་མོར་གྱུར་པ་དག་ཏུ་འདོད་པ་དང༌། གཟུགས་སོགས་དེ་ལ་རྟག་མི་རྟག་སོགས་སུ་བདེན་པར་དམིགས་པའི་ཚུལ་གྱིས་གནས་པ་བཀགཔའི་ཚུལ་བཟོད་པ་ཐོབ་པས་ཟིན་པ་བཟོད་པ་རྣམས་དང༌། འཛིན་པ་ས་བཅུ་དག་ལ་བརྩམས་ནས་ནི་དོན་དམ་པར་མི་གནས་པར་མདོ་ལས་རྒྱས་པར་བསྟན་པ་ཡི་བདག་མེད་དོ་སྤྱིའི་ཚུལ་གྱིས་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ།ཆོས་ཀྱི་མཆོག་ཏུ་འགྱུར་བ་སྟེ་ཡིན་ཞེས་བཤད་པའི་དེ་བཞི་སྔོན་དུ་འགྲོ་དགོས་པའི་ཕྱིར། གནས་བྱར་མི་བདེན་པ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་མངོན་སུམ་དུ་མཁྱེན་ནས་ཆོས་རྣམས་གནས་བྱར་བདེན་པར་ཡོད་ན་དེ་གཟིགས་དགོས་པ་ལས་དེ་མ་གཟིགས་པའི་ཕྱིར། ཞེས་ཚད་པའི་སྐྱེས་བུས་[25B]མ་དམིགས་པའི་གཏན་ཚིགས་འདི་སྦྱོར་ལམ་བཞི་ག་ལ་སྦྱར། འདིར་དངོས་བསྟན་གྱི་སྦྱོར་ལམ་སྟོང་ཉིད་རྟོགས་པའི་སྦྱོར་ལམ་དང་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ནི་ཤུགས་བསྟན་གཙོ་བོའི་སྦྱོར་ལམ་མོ།།གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རང་བཞིན་བཤད་པ་ལ་གསུམ། རྟེན་གྱི་ཁྱད་པར། དེའི་ལམ་ཇི་ལྟར་ཤེ་པའི་ཚུལ། དེའི་རྒྱུ་ངེས་འབྱེད་ཆ་མཐུན་བཤད་པའོ།།དང་པོ་ལ་གཉིས། ཁྱད་ཆོས་དངོས་དང༌། རྩོད་པ་སྤོང་བའོ།།དང་པོ་ནི། རང་བྱུང་གི་དགྲ་བཅོམ་པ་ཆོས་ཅན། སྲིད་པ་ཐ་མ་པའི་ཚེ་གཞན་གྱིས་བྱང་ཆུབ་བསྟན་མི་དགོས་ཏེ། དེའི་ཆོས་སློབ་དཔོན་ལ་མི་བལྟོས་པར་བདག་ཉིད་ཀྱིས་བྱང་ཆུབ་རྟོགས་པའི་ཕྱིར། བསེ་རུ་ལྟ་བུའི་ཡེ་ཤེས་ནི་ཆོས་ཅན། ཉན་ཐོས་ལས་རྟོགས་པ་ཟབ་པ་ཉིད་དུ་མངོན་པར་བརྗོད་དེ། ཉན་ཐོས་ལྟར་ཆོས་སྟོན་པའི་ངག་གི་འབྲས་རྟགས་ལས་རྟོགས་ནི་མི་ནུས་ཤིང༌། ལུས་ཀྱིས་ཆོས་སྟོན་པའི་དབང་གིས་རྟོགས་པ་ཟབ་མོ་དང་ལྡན་པའི་ཕྱིར། གཉིས་པ་ནི། རང་བྱུང་སངས་རྒྱས་ཀྱི་ངག་གི་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ༑ གདུལ་བྱ་གང་དང་རྟོགས་བྱའི་དོན་ནི་གང་དང་གང་ལ་རྣམ་པ་ཇི་ལྟར་ཇི་ལྟར་ཉན་འདོད་པ་དེ་དང་དེ་ལ་དོན་དེ་དང་དེ་སྒྲ་མེད་ཀྱང་དེ་ལྟར་སྣང་བ་ཡིན་པའི་ཕྱིར། གཉིས་པ་ནི། བསེ་རུ་ལྟ་བུའི་ལམ་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་པས་ཡང་དག་པར་བསྡུས་པར་ཤེས་པར་བྱ་སྟེ། གཟུང་བ་གཟུགས་སོགས་ཕྱི་རོལ་གྱི་དོན་དུ་རྟོག་པ་སྤོང་བའི་ཕྱིར་དང༌། གཟུགས་འཛིན་ཤེས་པ་སོགས་བདེན་པར་འཛིན་པ་མི་སྤོང་བའི་ཕྱིར་དང་ནི་རིགས་ལ་བརྟེན་པའི་རྟེན་གྱིས་ཁྱད་པར་དུ་བྱས་པར་ཤེས་པར་བྱ་བའི་ཕྱིར།དེས་ན་འདིར་དངོས་སུ་བསྟན་པའི་གཟུགས་འཛིན་རྗས་གཞན་གྱིས་སྟོང་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ཉིད་ཡིན་ལ། དེ་ལ་རང་རྒྱལ་གྱི་ལམ་ཞེས་བྱ་ལ། དེ་རང་རྒྱལ་གྱི་རྒྱུད་ལ་ཡོད་པ་ནི་དེའི་སྐྱེ་མཆེད་དྲུག་གི་ཆོས་ཉིད་ལ་བརྟེན་ལ། བྱང་ཆུབ་སེམས་དཔའི་[26A]རྒྱུད་ལ་ཡོད་པ་ནི་དེའི་རང་བཞིན་གནས་རིགས་ལ་བརྟེན་པའོ།།རྟོག་པ་འདིས་བསྡུས་པའི་གཞི་ཤེས་ཀྱང་རྣམ་གཞག་གི་རྟེན་གྱི་དབང་དུ་བྱས་ནས་རང་རྒྱལ་གྱི་ལམ་དུ་བཞག་ཀྱང་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡང་སྐྱེ་བས་བྱང་སེམས་ཀྱིས་རང་རྒྱལ་གྱི་ལམ་ཤེས་པའི་ཚུལ་མིག་གིས་གཟུགས་ལ་བལྟ་བའི་ཚུལ་དུ་གོ་བར་མི་བྱའོ།།འདིར་བསྟན་བྱའི་གཙོ་བོ་ནི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་སོ།།གསུམ་པ་ནི། རང་རྒྱལ་གྱི་ལམ་མངོན་སུམ་དུ་ཤེས་པ་ལ། དེའི་རྒྱུ་ངེས་འབྱེད་ཆ་མཐུན་བཞི་སྔོན་དུ་འགྲོ་དགོས་ཏེ། ཕྱི་རོལ་གྱི་དོན་མེད་པར་རྟོགས་ཀྱང་བརྡར་བཏགས་པའི་ཆོས་ཉིད་དང་མི་འགལ་བར་གཟུགས་སོགས་སྟོན་པའི་རྣམ་པ་དྲོ་བར་གྱུར་པ་དང༌། རྩེ་མོར་གྱུར་པ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་འགྲིབ་པ་མེད་པ་ལ་སོགས་པས་ཕྱེ་བ་དང༌། ནང་སྟོང་པ་ཉིད་ལ་སོགས་པ་རྟོགས་པ་ཡིས་གཟུགས་སོགས་ཕྱི་རོལ་དོན་དུ་མི་འཛིན་པའི་ཕྱིར་བཟོད་པ་དང༌། གཟུགས་སོགས་ཕྱི་རོལ་དོན་དུ་སྐྱེ་བ་མེད་པ་སོགས་ཀྱི་རྣམ་པ་ཅན་ནི། ཆོས་ཀྱི་མཆོག་སྟེ་དེ་བཞི་སྔོན་དུ་འགྲོ་དགོས་པའི་ཕྱིར༑ གསུམ་པ་བྱང་ཆུབ་སེམས་དཔའི་ལམ་ཤེས་པའི་ལམ་ཤེས་ལ་གཉིས།མཐོང་ལམ་དང༌། སྒོམ་ལམ་མོ།།དང་པོ་ལ་གཉིས། སྐད་ཅིག་མ་མདོར་བསྟན་པ་དང༌། རྣམ་པ་སྒོམ་ཚུལ་རྒྱས་པར་བཤད་པའོ།།དང་པོ་ནི།ལམ་ཤེས་ཉིད་ཀྱི་སྐབས་ལ་མཐོང་བའི་ལམ་ཕན་ཡོན་དང་བཅས་པ་འདི་བཤད་དེ། སྡུག་ཀུན་གྱི་བདེན་པ་དང་འགོག་ལམ་གྱི་བདེན་པ་ལ་དམིགས་པའི་བཟོད་པ་དང༌། ཤེས་པའི་སྐད་ཅིག་རྣམ་པ་བཞི་ཡིས་བཤད་པ་ཡིན་པའི་ཕྱིར། གཉིས་པ་ནི། སྡུག་བདེན་གྱི་དེ་བཞིན་ཉིད་དང༌། སངས་རྒྱས་ཏེ་དེ་རྟོགས་པའི་ཡེ་ཤེས་དེ་དག་ཕན་ཚུན་རྟེན་བརྟེན་པའི་བདེན་པར་མེད་པའི་ཕྱིར། དེ་དག་རྟེན་བརྟེན་པའི་རྣམ་གྲངས་སུ་ཁས་མི་ལེན་པ་སྟེ་བདེན་པར་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་[26B]ཅན༑ དེའི་རྣམ་པ་ཡིན་ཏེ། དེའི་ངོས་སྐལ་གྱི་སྤང་བྱའི་ས་བོན་གྱི་དངོས་གཉེན་བྱེད་པའི་སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། གཟུགས་ལ་སོགས་པ་བདེན་སྟོང་གི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་དེའི་ཡུལ་ཅན་གྱི་ཤེར་ཕྱིན་ཡང་ཆེན་པོ་ཉིད་དུ་མངོན་སུམ་དུ་རྟོགས་པའི་སྡུག་བསྔལ་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་ངོས་སྐལ་གྱི་སྤང་བྱའི་ས་བོན་སྤངས་པའི་སྡུག་བསྔལ་ཆོས་ཤེས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། དེ་བཞིན་དུ་སྡུག་བསྔལ་དོན་དམ་པར་འཇལ་བྱེད་ཀྱི་མཚན་མ་མེད་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་སྡུག་བསྔལ་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ།རྟགས་སྔར་བཞིན་ཡིན་པའི་ཕྱིར། ནམ་མཁའ་ཚད་མེད་པ་དེ་བཞིན་དུ་སྡུག་བསྔལ་དེ་དག་དོན་དམ་པར་ཚད་མེད་པར་མངོན་སུམ་དུ་རྟོགས་པའི་སྡུག་བསྔལ་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། གཟུགས་སོགས་དོན་དམ་པར་མེད་པ་ཉིད་ཀྱིས་རྟག་པ་དང་ཆད་པའི་མཐའ་ཉིད་ལ་སོགས་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཀུན་འབྱུང་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར།།ཀུན་འབྱུང་ཆོས་ཤེས་དེར་གནས་པའི་རྣལ་འབྱོར་པ་ནི་བདེན་པས་སྟོང་བའི་ངོ་བོ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་སངས་རྒྱས་ཉིད་ཀྱི་རང་བཞིན་བདེན་སྟོང་དུ་ངེས་པར་འཛིན་པའི་ཀུན་འབྱུང་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། ཆོས་ཐམས་ཅད་དོན་དམ་པར་བླང་བ་མེད་པ་ཉིད་དང་དོར་བ་མེད་པར་མངོན་སུམ་དུ་རྟོགས་པའི་ཀུན་འབྱུང་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། དོན་དམ་པར་ངོ་བོ་ཉིད་མེད་པར་མོས་པ་སྔོན་དུ་འགྲོ་བའི་བྱམས་པ་ལ་སོགས་ཚད་མེད་བཞི་སྒོམ་པར་བྱ་བས་ཏེ་དེ་ལྟར་སྒོམ་པའི་ཕན་ཡོན་དང་ལྡན་པའི་ཀུན་འབྱུང་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་[27A]ཡིན་པའི་ཕྱིར། ཀུན་འབྱུང་རྗེས་ཤེས་ཀྱི་ཚེ་ཚད་མེད་བཞི་མངོན་གྱུར་དུ་སྒོམ་པ་མིན་ཀྱང་དེ་རྗེས་ཀྱི་སྐབས་སུ་མངོན་གྱུར་སྒོམ་པའི་ཡོན་ཏན་དང་ལྡན་པས། དེ་མ་ཐག་འགོག་པར་ལྷུང་བའི་ཉེས་པ་ཁེགས་པ་ཡིན་ནོ།།གཟུགས་སོགས་དང་པོ་ནས་བདེན་པས་སྟོང་པའི་སྟོང་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་འགོག་པ་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། ཆོས་དབྱིངས་དང་མཉམ་པ་དགེ་བའི་འབྲས་བུ་སངས་རྒྱས་ཉིད་ནི་ཐོབ་པའི་ཕན་ཡོན་ཅན་གྱི་འགོག་པ་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། གཉེན་པོ་རྣམ་པར་བྱང་བ་ཀུན་གྱི་རིགས་རྣམས་ཡོངས་སུ་བསྡུས་པའི་ཕན་ཡོན་དང་ལྡན་པའི་འགོག་པ་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། ཕྱི་ནང་གི་འཚེ་བའི་ཉམས་ང་བ་དང༌། ནད་ཀུན་སེལ་བའི་ཕན་ཡོན་དང་ལྡན་པའི་འགོག་པ་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། དོན་དམ་པར་ངོ་བོ་ཉིད་མེད་པ་ཁོ་ནས་གཟུགས་ལ་སོགས་པ་དང་མྱ་ངན་ལས་འདའ་བ་ལ་བདེན་འཛིན་ཞི་བ་ཉིད་ཀྱི་ལམ་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་ཀྱི་ངོས་སྐལ་གྱི་སྤང་བྱའི་ས་བོན་གྱི་དངོས་གཉེན་བྱེད་པའི་ལམ་ཆོས་བཟོད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ཤེས་རབ་དང་ཐབས་མཁས་ལ་ཞུགས་པས། ལྷས་བྱས་པ་དང་འབྱུང་བར་འགྱུར་བ་དང༌། ནད་ཀྱི་བདག་ཉིད་ཅན་གྱི་བར་ཆད་གསུམ་སངས་རྒྱས་རྣམས་ཀྱིས་བསྲུང་བ་དང་ལ་སོགས་པས་སྐྱབས་པ་དང༌། སྦ་བར་མཛད་པའི་ཕན་ཡོན་ཅན་གྱི་ལམ་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་ཀྱི་ངོས་སྐལ་གྱི་སྤང་བྱའི་ས་བོན་སྤོང་བའི་ལམ་ཆོས་ཤེས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། སྲོག་མི་གཅོད་པ་ལ་སོགས་པ་རྣམ་པ་ཀུན་མཁྱེན་པ་ཉིད་ [27B]ཀྱི་རྒྱུའི་ཚུལ་ཕར་ཕྱིན་ལ་བདག་ཉིད་གནས་ཏེ། སེམས་ཅན་གཞན་དག་འགོད་པའི་ཕན་ཡོན་ཅན་གྱི་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྔར་བཞིན་ཡིན་པའི་ཕྱིར། སྦྱིན་པ་ལ་སོགས་པའི་དགེ་བ་མི་ཟད་པར་འདོད་པས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་ཕན་ཡོན་དང་ལྡན་པའི་ལམ་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། ལམ་རྗེས་བཟོད་ཀྱི་ངོས་སྐལ་གྱི་སྤང་བྱའི་ས་བོན་སྤངས་པའི་ལམ་རྗེས་ཤེས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར།ལམ་ཤེས་པ་ཉིད་ཀྱི་སྐབས་ལ་སྐད་ཅིག་མ་བཅུ་དྲུག་ཏུ་ཡོད་དེ། གོང་དུ་བསྟན་པ་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་མོ།།དང་པོ་ནི། ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་བ་ལ་དྲུག་ཡོད་དེ།སྐྱེས་བུ་བྱེད་པའི་འབྲས་བུས་ཀུན་ནས་སེམས་རབ་ཏུ་ཞི་བས་རང་དབང་དུ་བྱེད་པ་དང༌། ང་རྒྱལ་དང་རྒྱགས་པ་བཅོམ་པས་དགེ་བའི་བཤེས་གཉེན་སོགས་ཐམས་ཅད་ལ་འདུད་པ་དང༌། ཆགས་སོགས་ཀྱི་ཉོན་མོངས་ཟིལ་གྱིས་གནོན་པས་ཉོན་མོངས་ལས་རྒྱལ་བ་དང༌།ཕ་རོལ་གྱིས་བྱས་བའི་དུག་མཚོན་དང་བྱད་ཁ་ལ་སོགས་པའི་གནོད་པས་རྫི་བ་མེད་པ་ཉིད་དང༌། རྒྱུ་མཐུན་གྱི་འབྲས་བུ་རང་སྟོབས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པ་དང༌། བདག་པོའི་འབྲས་བུ་སྒོམ་པའི་བྱང་སེམས་གང་དུ་བཞུགས་པའི་རྟེན་གྱི་ཡུལ་དེ་ཡང་མཆོད་བར་བྱ་བ་ཉིད་དུ་བྱེད་པ་དྲུག་ཏུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། ཟག་བཅས་སྒོམ་ལམ་དང༌། ཟག་མེད་སྒོམ་ལམ་མོ།།དང་པོ་ལ་གསུམ། མོས་པ་སྒོམ་ལམ།བསྔོ་བ་སྒོམ་ལམ། རྗེས་སུ་ཡི་རང་སྒོམ་ལམ་དང་གསུམ་ལས། དང་པོ་ནི། ཐེག་ཆེན་གྱི་སྒོམ་ལམ་མོས་པ་ཆོས་ཅན། རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། རང་གི་དོན་དང་ནི་རང་གཞན་གཉིས་ཀའི་དོན་དང༌། གཞན་དོན་མོས་པ་སྒོམ་ལམ་རྣམས་ཡོད་པའི་ཕྱིར། མོས་པ་གསུམ་པོ་དེ་ཡང་ཆོས་ཅན། སོ་སོར་རྣམ་པ་གསུམ་གསུམ་དུ་འདོད་དེ། རེ་རེ་ལའང་ཆུང་ངུ་[28A]འབྲིང་ཆེན་པོ་གསུམ་གསུམ་དུ་ཡོད་པའི་ཕྱིར། ཆུང་འབྲིང་ཆེན་པོ་དེ་ཡང་ཆོས་ཅན། རྣམ་པ་གསུམ་གསུམ་དུ་ཡོད་དེ། ཆུང་ངུའི་ཆུང་ངུ་སོགས་ཀྱི་དབྱེ་བ་ཡི་དེ་ལྟར་ན་མོས་པ་རྣམ་པ་ཉི་ཤུ་རྩ་བདུན་དུ་འདོད་པའི་ཕྱིར། སྤྱིར་མོས་པའི་ཡུལ་ནི་ལུང་རིགས་ཀྱིས་གཏན་ལ་ཕབ་པའི་དགེ་བ་ཐམས་ཅད་ཡིན་ལ།ཐེག་ཆེན་གྱི་སྒོམ་ལམ་གྱི་མོས་པའི་ཡུལ་ནི་གཞུང་ལམ་འབྲས་བུའི་ཤེར་ཕྱིན་རྣམས་ཡིན་ནོ།།གཉིས་པ་ནི། གཞུང་ལམ་འབྲས་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དོན་གསུམ་གྱི་འབྱུང་གནས་སུ་མོས་པའི་གནས་སྐབས་རྣམས་ལ་ནི་ཆོས་ཅན།བསྟོད་པ་དང་བཀུར་བ་དང་བསྔགས་པར་འདོད་དེ། དགུ་ཚན་གསུམ་གྱིས་བསྟོད་བཀུར་བསྔགས་པ་གསུངས་པའི་ཕྱིར། གཉིས་པ་ལ། བསྔོ་བའི་རང་བཞིན་དང༌། བྱེད་པ་གཉིས་ལས། བྱེད་པ་ནི། བྱང་སེམས་སྒོམ་ལམ་པའི་བསྔོ་བ་དེའི་བྱེད་པ་ཉན་རང་གི་བསྔོ་བ་གཞན་ལས་ཁྱད་པར་དུ་མཆོག་ཡིན་ཏེ། རང་གཞན་གྱི་དགེ་རྩ་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་བླ་ན་མེད་པའི་བསྔོ་བ་ཡིན་པའི་ཕྱིར། རང་བཞིན་ལ་བསྔོ་བ་སྤྱིའི་ངོ་བོ་ནི། ཉན་རང་གི་དགེ་བ་ལས་ཡོངས་སུ་བསྔོ་བ།ཁྱད་པར་ཅན་གྱི་མིང་ཅན་གྱི་བླ་ན་མེད་པའི་བྱང་ཆུབ་ལ་དམིགས་པའི་བསྔོ་བ་དང༌། ཁྱད་པར་ལ་བསྔོ་བྱའི་རྫས་ལ་བདེན་ཞེན་དགག་པ། བསྔོ་བྱ་དེ་ནི་དོན་དམ་པར་དམིགས་པ་མེད་པའི་རྣམ་པ་ཅན་གྱི་བསྔོ་བ་ནི་ཚུལ་ཁྲིམས་སོགས་དོན་དམ་པར་མི་དམིགས་པའི་བསྔོ་བ་དང༌། སྔོ་བྱེད་ཀྱི་སེམས་ལ་བདེན་ཞེན་དགག་པ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཅན་གྱི་བསྔོ་བ་ནི་སྔོ་བྱེད་ཀྱི་སེམས་དོན་དམ་པར་མི་དམིགས་པའི་བསྔོ་བ་དང༌། སྔོ་བ་པོ་ལ་བདེན་ཞེན་དགག་པ་སྔོ་བ་པོ་དོན་དམ་པར་དབེན་པའི་མིང་གཞན་གྱི་བསྔོ་བ་ནི་སྔོ་བ་པོ་བདག་ལ་སོགས་པ་དང་ལྡན་པའི་དངོས་པོ་དོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་དམིགས་པའི་བསྔོ་བ་དང༌། རང་དང་སངས་རྒྱས་ཀྱི་དགེ་བ་ལ་བཟང་ངན་དུ་བདེན་ཞེན་འགོག་པ།[28B]སངས་རྒྱས་ཀྱི་བསོད་ནམས་ཚོགས་ཀྱི་རང་བཞིན་དྲན་པའི་སྤྱོད་ཡུལ་ཅན་གྱི་མིང་ཅན་གྱི་བསྔོ་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་དགེ་བདོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་བྱང་ཆུབ་ཏུ་བསྔོ་བ་དང༌། ཕྱིན་དྲུག་གི་དགེ་བ་ལ་བདེན་ཞེན་འགོག་པ་ཐབས་ལ་མཁས་པ་དང་བཅས་པའི་མིང་ཅན་གྱི་བསྔོ་བ་ནི་སྦྱིན་སོགས་དོན་དམ་པར་མི་དམིགས་པའི་བསྔོ་བ་དང༌། བསྔོ་བ་ཐམས་ཅད་ལ་འཁོར་གསུམ་དུ་བདེན་ཞེན་འགོག་པ་མཚན་མ་མེད་པའི་མིང་ཅན་གྱི་བསྔོ་བ་ནི་དོན་དམ་པར་མཚན་མ་བཀག་པའི་བསྔོ་བ་དང་ཐ་སྙད་དུ་རྟེན་འབྲེལ་སྒྱུ་མ་ལྟར་ཤེས་ནས་བསྔོ་བ་སངས་རྒྱས་ཀྱིས་གནང་ནས་རྗེས་སུ་ཡི་རང་བའི་མིང་ཅན་གྱི་བསྔོ་བ་ནི་ལམ་ཐམས་ཅད་དོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་བྱང་ཆུབ་ཏུ་བསྔོ་བ་དང༌། སངས་རྒྱས་ཀྱི་སར་བསྔོ་བ་ནི་ཁམས་གསུམ་དུ་མི་གཏོགས་པའི་མིང་ཅན་གྱི་བསྔོ་བ་ནི་ཁམས་གསུམ་དུ་དོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་བསྔོ་བ་དང༌། འཁོར་བའི་རྒྱུར་མི་བསྔོ་བ་ནི། བསྔོ་བ་གཞན་ནི་རྣམ་པ་གསུམ་པོ་བསོད་ནམས་ཆེ་འབྱུང་བདག་ཉིད་ཀྱི་བསྔོ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡི་ནི་རིམ་པ་བཞིན་དུ་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ལམ་ལ་བཀོད་པའི་དགེ་བ་དོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒྱུར་བ་དང༌། སེམས་ཅན་ཐམས་ཅད་རྒྱུན་ཞུགས་སོགས་ལ་བཀོད་པའི་དགེ་བ་དོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒྱུར་བ་དང༌། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པའི་དགེ་བ་དོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་བསྔོ་བ་ཡིན་པའི་ཕྱིར། གསུམ་པ་ནི། ཟག་པ་དང་བཅས་པའི་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་པའི་ལམ་ཡིན་པར་སྐབས་འདིར་བརྗོད་པའི་ཕྱིར། ཐ་སྙད་དུ་དགེ་རྩ་རྣམས་སྒྱུ་མ་ལྟ་བུར་རྟོགས་པའི་ཐབས་དང༌། དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་དག་གིས་རང་གཞན་[29A]གྱི་དགེ་བའི་རྩ་བ་ལ་དགའ་བ་སྒོམ་པའི་ཡིད་བདེ་དང་མཚུངས་ལྡན་གྱི་དང་བའི་དད་པ་ནི་རྗེས་སུ་ཡི་རང་བའི་སྒོམ་ལམ་ཡིན་པར་བརྗོད་པའི་ཕྱིར། གཉིས་པ་ལ་གཉིས། སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་མོ།།དང་པོ་ནི། ས་གཉིས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། སྒྲུབ་པ་སྒོམ་ལམ་དེའི་ངོ་བོ་ཉིད་དེ་ངོ་བོ་ཡིན་ཏེ། གཟུགས་སོགས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ས་གཉིས་པའི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར།འབྲས་བུ་ཁྱད་པར་དུ་སངས་རྒྱས་ཐོབ་པའི་ཐབས་མཆོག་ཉིད་ཡིན་ཏེ། དེས་མ་ཟིན་པའི་སྦྱིན་པ་གཞན་གྱིས་སངས་རྒྱས་མི་ཐོབ་པ་དང༌། དེས་ཟིན་པའི་དབང་གིས་ཐོབ་པའི་ཕྱིར། བྱེད་ལས་ཀུན་ལ་བདེན་པར་མངོན་པར་འདུ་མི་བྱེད་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་ཁྱད་པར་བདེན་པའི་སྐྱེ་མེད་དུ་རྟོགས་པ་ལ་སྦྱོར་བའི་ཕྱིར། གནས་སྐབས་ཀྱི་འབྲས་བུའི་ཁྱད་པར་ཅན་དང་ལྡན་ཏེ། ངོ་བོ་ཉིད་དང་འབྲས་བུ་དང་བྱེད་པའི་ཁྱད་པར་ལ་སོགས་པ་དང་ལྡན་པའི་ལམ་གྱི་ཆོས་རྣམས་བདེན་པར་དམིགས་སུ་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རྣལ་འབྱོར་པའི་རྒྱུད་ལ་གནས་སྐབས་ཀྱི་འབྲས་བུ་ཁྱད་པར་ཅན་གཏོད་པར་བྱེད་པའི་ཕྱིར། མཐར་ཐུག་གི་འབྲས་བུ་དོན་ཆེན་བོ་ཉིད་བྱེད་དེ། དོན་ཆེན་པོ་སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར། གཉིས་པ་ལ་བཞི། རྒྱུའི་ཁྱད་པར་དང༌། ཡུལ་གྱི་ཁྱད་པར་དང༌། འབྲས་བུའི་ཁྱད་པར་དང༌། ངོ་བོའི་ཁྱད་པར་རོ།།དང་པོ་ནི། གསུམ་པོ་འདི་རྣམས་རྣམ་དག་སྒོམ་ལམ་འདི་ལ་མོས་པའི་རྒྱུ་དག་ཡིན་ཏེ། ཕྱིའི་རྐྱེན་སངས་རྒྱས་བསྟེན་པ་དང༌། ནང་གི་རྐྱེན་སྦྱིན་སོགས་དང་ཞི་ལྷག་ཟུང་འབྲེལ་གྱི་ཐབས་ལ་མཁས་པ་གང་ཡིན་པ་རྣམས་ཡིན་པའི་ཕྱིར། རྣམ་དག་སྒོམ་ལམ་སོགས་ཀྱི་ཆོས་ཀྱིས་འཕོངས་པའི་རྒྱུ་དག་ནི་བཞི་ཡོད་དེ། སྔོན་དགེ་བ་མ་བསགས་པས་བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། ཟབ་མོའི་ཆོས་ལ་མི་མོས་པ་དང༌།ཕུང་པོ་ལ་སོགས་པའི་ཆོས་ལ་བདེན་པར་མངོན་པར་[29B]ཞེན་པ་དང༌། སྡིག་པའི་གྲོགས་པོས་ཟིན་པ་སོགས་བཞི་ཡོད་པའི་ཕྱིར།གཉིས་པ་ནི། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རང་འཐོབ་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་དྲི་མར་གྱུར་པའི་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་དྲི་མ་དག་པ་ན། དེའི་ཡུལ་གཟུགས་ལ་སོགས་པ་ཡང་དྲི་མ་དེ་ཉིད་ཀྱིས་དག་པ་ཉིད་དེ། གང་གི་ཕྱིར་ན་དག་བྱ་རིགས་གཅིག་གིས་དབེན་པའི་དག་པ་དེ་གཉིས་རང་གི་མཚན་ཉིད་ངོ་བོ་ཐ་དད་པའི་སྒོ་ནས་ཐ་དད་མ་ཡིན་ཞིང༌། རིགས་ཐ་དད་པའི་སྒོ་ནས་བཅད་དུ་མེད་པས་དག་པ་རིགས་གཅིག་ཏུ་བརྗོད་པའི་ཕྱིར། གསུམ་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་བྱང་སེམས་སྒོམ་ལམ་པ་རྣམས་དྲི་མ་ཅི་རིགས་པ་རྣམ་པར་དག་བའི་དག་པ་དང་ལྡན་ཏེ། ཉན་རང་དགྲ་བཅོམ་གཉིས་རིམ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་དང༌། གཟུགས་ཕྱིར་རོལ་དོན་དུ་འཛིན་པའི་ཤེས་བྱའི་སྒྲིབ་པས་དབེན་ཞིང༌། བྱང་སེམས་སྒོམ་ལམ་པ་ལམ་གསུམ་གྱི་སྒྲིབ་པའི་ས་བོན་ཅི་རིགས་པ་སྤངས་ཤིང་ཉམས་པའི་ཕྱིར་དག་པ་དེ་དག་ནི་སློབ་མ་དང་བསེ་རུ་དང་རྒྱལ་སྲས་རྣམས་ཀྱི་དག་པ་སྟེ་དག་པ་ཡིན་པའི་ཕྱིར། སངས་རྒྱས་རྣམས་ཀྱི་དག་པ་ནི་ཆོས་ཅན། རྣམ་ཀུན་ཤིན་ཏུ་བཞེས་བྱ་སྟེ། མཐར་ཐུག་པའི་དག་པ་ཡིན་པའི་ཕྱིར། བཞི་པ་ལ་གཉིས། རྣམ་དག་ཤིན་ཏུ་བ་ཡིན་མིན་གྱི་ཁྱད་པར་དང༌། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་སྒྲུབ་པའོ།།དང་པོ་ནི། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་དང་ཉན་རང་གི་རྣམ་དག་ཤིན་ཏུ་བ་མ་ཡིན་ཏེ། འདོད་པ་དང༌།བསམ་གཏན་བཞི་དང༌། གཟུགས་མེད་བཞི་སྟེ། ཁམས་གསུམ་ས་དགུ་ལ་ནི་ཡོད་པའི་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོགས་པ་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུ་ལ་སོགས་པ་འཇོམས་བྱེད་དྲི་མ་ཡི་གཉེན་པོ་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་ལམ་ནི་སྒྲིབ་པ་གཉིས་ཀ་དག་པར་བྱེད་པའི་ལམ་ཡིན་ལ། ཉན་རང་འཕགས་པའི་སྒོམ་ལམ་གྱིས་དྲི་མ་མཐའ་དག་དངོས་སུ་ཟད་མི་ནུས་པའི་ཕྱིར། གཉིས་པ་ནི། ཁོ་[30A]ན་རེ། ཁྱོད་ཀྱི་ལུགས་ལ་མ་དག་པའི་གཞན་དབང་བདེན་པར་གྲུབ་པར་ཐལ། གནོད་བྱ་སྤང་བྱའི་དབྱེ་བ་དགུ་གྲུབ་པའི་ཕྱིར། ཡང་དག་པའི་གཞན་དབང་བདེན་པར་གྲུབ་པར་ཐལ། གནོད་བྱེད་གཉེན་པོའི་དབྱེ་བ་དགུ་གྲུབ་པའི་ཕྱིར༑ ཞེས་པ་ནི། བདེན་གཉིས་འགལ་བར་འཛིན་པའི་རྩོད་པ་དང༌། སྤང་གཉེན་སྐྱེ་རིམས་དང་འགག་རིམས་ལ་རྩོད་པ་ནི། ཁོ་ན་རེ། ཇི་སྐད་བཤད་པའི་སྤང་གཉེན་སྐྱེ་འགག་གི་རིམ་པ་མི་འཐད་དེ། དགྲ་སྟོབས་ལྡན་ལ་གཤེད་མ་སྟོབས་ལྡན་དགོས་པ་ལྟར། དེ་ལ་སྒོམ་སྤངས་ཆེན་པོའི་ཆེན་པོ་ནས་དང་པོར་རིམས་གྱི་འགགས་ན་གཉེན་པོའི་སྒོམ་ལམ་ཆེན་པོའི་ཆེན་པོ་ནས་རིམས་གྱི་སྐྱེ་བ་འཐད་ལ། དགྲ་སྟོབས་ཞན་པ་ལ་གཤེད་མ་སྟོབས་ལྡན་མི་དགོས་པ་ལྟར། སྒོམ་སྤངས་ཆུང་ངུའི་ཆུང་ངུ་ནས་རིམས་ཀྱི་འགགས་ན། གཉེན་པོ་སྒོམ་ལམ་ཡང་ཆུང་ངུའི་ཆུང་ངུ་རིམས་ཀྱི་སྐྱེ་བར་རིགས་སོ་ཞེས་པ་ཀུན་རྫོབ་ལ་བརྟེན་པའི་རྩོད་པའོ།།སྔར་སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། ཞེས་པ་ལས་འཕྲོས་པ་ཡིན་ཏེ། ལན་ནི། བྱང་ཆུབ་སེམས་དཔའི་སྒོམ་ལམ་མཉམ་གཞག་ཡེ་ཤེས་དེ་ནི་ཆོས་ཅན། ཁམས་གསུམ་གྱི་སྒྲིབ་པ་མ་ལུས་པ་དག་བྱེད་ཀྱི་གཉེན་པོ་ཉིད་དུ་འདོད་པ་ཡིན་ཏེ། སྤང་གཉེན་གྱི་རིམ་པ་དེ་ལ་ཇི་སྐད་བཤད་པའི་ཀླན་ཀ་གོས་ལ་ཆགས་པའི་དྲི་མ་རགས་པ་སེལ་བ་ལ་ཡུན་རིང་པོར་འབད་མི་དགོས་ལ། གོས་ལ་ཆགས་པའི་དྲི་མ་ཕྲ་མོ་བསལ་བ་ལ་བཙོ་ལག་མཁན་ཆེ་ཐ་ད་དུ་འབད་པའི་དཔེས་ཀླན་ཀ་སྤངས་པའི་སྒོ་ནས་སྤང་བྱ་དེ་དག་གི་གཉེན་པོར་གྲུབ་པའི་ཕྱིར། དེར་ཐལ། འཇལ་བྱེད་ཤེས་པ་དང༌། གཞལ་བྱ་དག་དོན་དམ་པར་མ་གྲུབ་པར་མཉམ་པ་ཉིད་དུ་མངོན་སུམ་གྱིས་རྟོགས་པ་ཉིད་ཀྱིས་སྤང་བྱ་དེ་དག་དངོས་སུ་འཇོམས་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་རྣམ་བཤད་སྙིང་པོའི་དོན་རབ་ཏུ་[30B]གསལ་བ་ཞེས་བྱ་བ་ལས་སྐབས་གཉིས་པའི་བཤད་པའོ།།།།༈ གསུམ་པ་ལམ་ཤེས་རྣམ་པར་དག་བྱེད་ཀྱི་ཡན་ལག་གཞི་ཤེས་བཤད་པ་ལ་གཉིས།ལེའུའི་གཞུང་བཤད་པ་དང༌། སྐབས་བསྡུ་བའོ།།དང་པོ་ལ་གཉིས། གཞི་ཤེས་ཀྱི་རང་བཞིན་བཤད་པ་དང༌། མཁྱེན་པ་གསུམ་གྱི་མཇུག་བསྡུ་བའོ།།དང་པོ་ལ་གསུམ། ཉེ་རིང་གི་ལམ་བཤད་པ་དང༌། གཞི་ཤེས་ཀྱི་སྦྱོར་བ་དང༌།སྦྱོར་བ་སྒོམ་པའི་འབྲས་བུ་བཤད་པའོ།།དང་པོ་ལ་གསུམ། ལམ་ཉེ་རིང་གི་རྒྱུ་མཚན་དང༌། རྒྱུ་མཚན་དེ་ཉིད་སྒྲུབ་པ་དང༑ མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་བཤད་པའོ།།དང་པོ་ནི། གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན།སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཉེ་བར་འདོད་དེ། དུས་གསུམ་གྱི་ཆོས་རྣམས་བདེན་པའི་རང་བཞིན་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཚུར་རོལ་འཁོར་བའི་མཐའ་དང༌། ཕ་རོལ་ཞི་བའི་མཐའ་ལ་གནས་པ་མ་ཡིན་ཏེ། སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་དང༌། ཞི་མཐའ་འགོག་བྱེད་ཀྱི་སྙིང་རྗེ་ཆེན་པོས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་ཡིན་པའི་ཕྱིར། དེ་ཆོས་ཅན། མཐའ་དེ་དག་གི་བར་ན་འང་དོན་དམ་པར་མི་གནས་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། ཉན་རང་འཕགས་པ་ཆོས་ཅན། གཞི་ཤེས་པའི་ཤེར་ཕྱིན་དེ་ནི་ཁྱོད་ལ་རིང་བ་ཡིན་ཏེ། གཞི་ལ་བདེན་པར་གྲུབ་པའི་མཚན་མར་དམིགས་པའི་སྒོ་ནས་འབྲས་ཡུམ་བསྐྱེད་པའི་ཐབས་མཁས་པ་མ་ཡིན་པས་ཟིན་པའི་ཕྱིར།བྱང་ཆུབ་སེམས་དཔའ་ཆོས་ཅན། ཤེར་ཕྱིན་དེ་ནི་ཁྱོད་ལ་ཡང་དག་ཉེ་བ་ཉིད་དུ་བཤད་པའི་རྒྱུ་མཚན་ཡོད་དེ། ཁྱོད་འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པས་ཟིན་པ་ཡིན་པའི་ [31A]ཕྱིར༑ གསུམ་པ་ལ་གསུམ། གཞི་ལམ་ལ་མཚན་འཛིན་གྱི་སྤང་གཉེན་དང༌། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་དང༌། མཇུག་བསྡུ་བའོ།།དང་པོ་ལ་གཉིས། སྤང་བྱ་དང༌། གཉན་པོའོ།།དང་པོ་ནི། གཞི་ཤེས་བྱ་ཇི་ལྟ་བས་བསྡུས་པ་གཟུགས་ལ་སོགས་པའི་ཕུང་པོ་གང་ཟག་གི་བདག་གིས་སྟོང་པ་ཉིད་དང༌། ཇི་སྙེད་པས་བསྡུས་པ་དུས་གསུམ་དུ་གཏོགས་པའི་ཆོས་རྣམས་དང༌། ལམ་སྦྱིན་སོགས་བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་བདེན་པར་སྤྱོད་པའི་འདུ་ཤེས་ཀྱིས་བཅིངས་པའི་ཉན་ཐོས་ཀྱི་མཐོང་ལམ་ནི་ཆོས་ཅན༑ བྱང་ཆུབ་སེམས་དཔར་རིགས་ངེས་པའི་ལམ་གྱི་གོལ་ས་མི་མཐུན་ཕྱོགས་ཡིན་ཏེ། འབྲས་བུ་ཤེར་ཕྱིན་སྒྲུབ་པའི་རིང་ལམ་ཡིན་པའི་ཕྱིར།གཉིས་པ་ནི། སྦྱིན་པ་ལ་སོགས་པ་འཁོར་གསུམ་དུ་བདེན་པར་ཞེན་པའི་ངར་འཛིན་མེད་པ་ལ་རང་གནས་པས་གདུལ་བྱ་གཞན་དག་དེ་ལ་སྦྱོར་བར་བྱེད་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་གཞི་ལམ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་བྱང་སེམས་འཕགས་པའི་ཡེ་ཤེས་དེ་ནི་ཆོས་ཅན། གཞི་ལམ་ལ་བདེན་པར་ཆགས་པའི་མཐའ་འགོག་པ་ཡིན་ཏེ། དེའི་དངོས་གཉེན་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། འབྲས་བུ་ལ་མཚན་འཛིན་གྱི་ངོ་བོ་དང༌། སྤོང་བྱེད་ཀྱི་གཉེན་པོ་དང༌། འཕྲོས་དོན་ནོ།།དང་པོ་ནི། རྒྱལ་བ་ལ་སོགས་པ་ལ་བདེན་པར་ཆགས་པ་ཕྲ་མོས་བཅིངས་བཞིན་དུ་དེ་ལ་ཕྱག་འཚལ་བ་སོགས་ནི་ཆོས་ཅན། བྱང་ཆུབ་སེམས་དཔའི་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། དེའི་གོལ་ས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། མི་མཐུན་ཕྱོགས་ཡིན་པའི་རྒྱུ་མཚན་དང༌། སྤོང་བྱེད་གཉེན་པོའོ།།དང་པོ་ནི། ཆགས་པ་ཕྲ་མོ་མི་མཐུན་ཕྱོགས་ཡིན་ཏེ། ཆོས་རྣམས་ཀྱི་ལམ་གནས་ལུགས་མཐར་ཐུག་ནི་ཟབ་པ་ཉིད་དེ། རང་བཞིན་གྱིས་དབེན་པའི་ཆོས་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། བྱང་སེམས་འཕགས་པ་རྣམས་ཀྱི་ཆོས་རྣམས་རང་བཞིན་གཅིག་པར་བདེན་སྟོང་དུ་མངོན་སུམ་དུ་ཡོངས་སུ་ཤེས་པའི་མཐོང་ལམ་ནི་ཆོས་ཅན། འབྲས་བུ་ལ་བདེན་པར་ཆགས་པ་སྤོང་བ་ཡིན་ཏེ། དེའི་དངོས་གཉེན་ཡིན་པའི་ཕྱིར།[31B]གཉིས་པ་ལ་གཉིས། ཟབ་པའི་རྒྱུ་མཚན་དང་རྟོགས་དཀའ་བའི་རྒྱུ་མཚན་ནོ།།དང་པོ་ནི། དོན་དམ་བདེན་པ་དེ་ནི་ཆོས་ཅན། རྟོགས་པར་དཀའ་བར་བཤད་པའི་རྒྱུ་མཚན་ཡོད་དེ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཁོ་ནས་རྟོགས་པར་བྱ་བ་ཡིན་གྱི། གཟུགས་མཐོང་བ་ལ་སོགས་པ་ཐ་སྙད་པའི་ཚད་མས་རྟོགས་པ་བཀག་པ་ཡི་ཕྱིར་རོ།།གཉིས་པ་ནི།དོན་དམ་བདེན་པ་དེ་ཆོས་ཅན། ཐ་སྙད་པའི་བློས་བསམ་གྱིས་མི་ཁྱབ་པར་འདོད་དེ། གཟུགས་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་མི་ཤེས་པའི་ཕྱིར། གསུམ་པ་ནི། ཀུན་ཤེས་ཉིད་ཀྱི་ལུགས་ལ་སྟེ་སྐབས་སུ་མི་མཐུན་པ་དང་གཉེན་པོའི་ཕྱོགས་དག་གི་གཞི་ཤེས་ཀྱི་རྣམ་པར་དབྱེ་བ་མ་ལུས་པ་མདོ་ལས་ཇི་སྐད་བཤད་པ་འདིར་ཤེས་པར་བྱ་སྟེ། སྔར་བཤད་པ་དེ་ལྟར་ཤེས་པར་བྱ་བའི་ཕྱིར། གཉིས་པ་གཞི་ཤེས་སྦྱོར་བ་ལ་གཉིས། སྦྱོར་བའི་དབྱེ་བ་དང༌། སྦྱོར་བའི་རང་བཞིན་ནོ།།དང་པོ་ནི། འདིར་བསྟན་གྱི་བྱང་སེམས་ཀྱི་སྦྱོར་བ་དེ་ལ་བཅུར་ཡོད་དེ། ཡུལ་གྱི་སྒོ་ནས་དབྱེ་བ་བཞི། རོ་བོའི་སྒོ་ནས་གསུམ། བྱེད་པའི་སྒོ་ནས་གཉིས། ཤེས་བྱེད་དཔེའི་སྒོ་ནས་དབྱེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་རྫོབ་ལ་དམིགས་པ་གསུམ་དང༌།དོན་དམ་ལ་དམིགས་པ་གཅིག་ཡོད་པའི་ཕྱིར། ཁྱད་གཞི་གཟུགས་ལ་སོགས་པ་ལ་བདེན་ཞེན་བཀག་པ་དང༌། ཁྱད་ཆོས་དེ་མི་རྟག་སོགས་དང་རྟེན་གྱི་ཁྱད་པར་དེ་ཡོན་ཏན་གྱི་རྟེན་དུ་སོ་སོར་མ་རྫོགས་པ་དང༌། རབ་ཏུ་རྫོགས་པ་དེ་ལ་བདེན་པར་ཆགས་པ་མེད་པ་ཉིད་ལ་སྤྱོད་པ་བཀག་པ་དང༌། དོན་དམ་ལ་དམིགས་པ་ནི་བདེན་པར་ཆགས་པ་མེད་པ་ཉིད་ལ་གནས་ནས་བདེན་པར་ཞེན་པའི་སྤྱོད་པ་བཀག་པའི་སྦྱོར་བ་དང་བཞི་ཡོད་པའི་ཕྱིར། གཞན་དབང་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པ་ནི་ཡོན་ཏན་གྱི་རྟེན་དུ་རྫོགས་པ་ཡིན་ཏེ། དེ་ལ་བརྟེན་ནས་མི་མཐུན་པའི་ཕྱོགས་སྤོང་ནུས་ཤིང༌། ཡོན་ཏན་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར། གཞན་དབང་བདེན་པར་ཞེན་པ་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པ་ཡིན་ཏེ། ཡོན་ཏན་སྐྱེ་བའི་གེགས་བྱེད་པ་ཡིན་པའི་ཕྱིར། ངོ་བོའི་སྒོ་ནས་གསུམ་ཡོད་དེ། ལས་སུ་བྱ་བ་ཤེར་ཕྱིན་དོན་དམ་པར་འཕེལ་འགྲིབ་[32A]ཀྱིས་གཞན་དུ་མི་འགྱུར་བར་རྟོགས་པ་དང༌། བྱེད་པའི་སྒོ་ནས་དོན་དམ་པར་བྱེད་པ་པོ་མེད་པ་ཉིད་དང༌། བྱ་བ་འབྲས་བུའི་སྒོ་ནས་གོ་རིམ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་མངོན་སུམ་གྱི་ཆེད་དུ་དཀའ་བ་དོན་དམ་པར་མི་དམིགས་ཀྱང་ཐ་སྙད་དུ་ཆེད་དུ་བྱ་བར་རྟོགས་པ་དང༌། སྦྱོར་བ་བྱ་དཀའ་བ་རྒྱུ་དུས་ཀྱི་ལམ་ཤེས་དོན་དམ་པར་མི་དམིགས་ཀྱང་ཐ་སྙད་དུ་རྣམ་མཁྱེན་གྱི་རྒྱུའི་སྦྱོར་བར་རྟོགས་པ་དང༌། ལས་བྱ་དཀའ་བ་གཞི་ཤེས་དོན་དམ་པར་མི་དམིགས་ཀྱང་ཐ་སྙད་དུ་གཞན་རྗེས་སུ་འཛིན་པའི་ཐབས་ཀྱིས་བྱེད་པ་དང་ལྡན་པར་རྟོགས་པའི་བྱ་དཀའ་རྣམ་གསུམ་གྱི་སྦྱོར་བ་དང་གསུམ་ཡོད་པའི་ཕྱིར། བྱེད་པའི་སྒོ་ནས་གཉིས་ཡོད་དེ།འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པའི་སྒོ་ནས་རིགས་ཅན་གསུམ་གྱི་སྐལ་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པས་འབྲས་ཡོད་འདོད་པ་དེ་དང༌། ཕན་ཡོན་དང་ལྡན་པའི་སྒོ་ནས་བྱང་ཆུབ་རང་སྟོབས་ཀྱིས་ཐོབ་པ་དང༌། སྲུང་སྐྱོབ་སོགས་རང་གི་ནུས་པས་གཞན་ལ་རག་ལས་མིན་པ་གང་དང་གཉིས་ཡོད་པའི་ཕྱིར། ཤེས་བྱེད་ཀྱི་དཔེའི་སྒོ་ནས་བདེན་པར་མ་གྲུབ་བཞིན་དུ་སྣང་བ་རྨི་ལམ་དང༌། སྒྱུ་མ་དང༌།སྨིག་རྒྱུ་དང༌། སྒྲ་བརྙན་དང༌། གཟུགས་བརྙན་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྤྲུལ་པའི་དཔེ་རྣམ་པ་བདུན་གྱི་སྒོ་ནས་ཤེས་པར་བྱེད་པའོ།།ཤེས་པར་བྱེད་ཚུལ་ནི། རྟེན་འབྲེལ་འདི་རྣམས་ཆོས་ཅན།བདེན་པར་མེད་དེ། མངོན་ཞེན་གྱི་བག་ཆགས་ཡོངས་སུ་འགྱུར་བའི་སྣང་བ་ཙམ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་བཞིན་ནོ་ཞེས་སོགས་ཀྱི་སྒོ་ནས་ཤེས་པར་བྱེད་དོ།།འདིར་དངོས་བསྟན་སྟོང་ཉིད་རྟོགས་པའི་བྱང་སེམས་ཀྱི་སྦྱོར་བ་དང༌། གཞི་ཤེས་སྦྱོར་བ་ཤུགས་བསྟན་གྱི་གཙོ་བོའི་སྦྱོར་བའོ།།གཉིས་པ་ནི། གཞི་ཤེས་ཀྱི་སྦྱོར་བ་དེ་ཉིད་གང་གིས་ཟིན་པར་བྱ་བའི་ཕྱིར་སྒོམ་པའི་སྐབས་འདིར་དངོས་བསྟན་གྱི་སྦྱོར་བ་དེ་ཡི་མཉམ་ཉིད་བཞི་ཡོད་དེ། གཟུགས་ལ་སོགས་པའི་ངོ་བོ་དང༌། སྔོན་པོ་ལ་སོགས་པའི་མཚན་[32B]མ་དང༌། སྤྲོས་པའི་དབྱེ་བ་དང༌། ཡུལ་ཅན་རྟོགས་པ་རྣམས་ལ་བདེན་པར་རློམ་པ་མེད་པའི་སྦྱོར་བ་རྣམ་པ་བཞི་ཡོད་པའི་ཕྱིར། གསུམ་པ་སྦྱོར་བ་སྒོམ་པའི་འབྲས་བུ་ལ་གཉིས། སྐད་ཅིག་མ་མདོར་བསྟན་པ་དང༌། རྣམ་པ་རྒྱས་པར་བཤད་པའོ།།དང་པོ་ནི། འདིར་དངོས་སུ་བསྟན་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་དམིགས་ནས་ཆོས་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། ཆོས་དང་རྗེས་སུ་ཤེས་པའི་སྐད་ཅིག་བཅུ་དྲུག་གི་བདག་ཉིད་འདི་ཆོས་ཅན། ཀུན་ཤེས་ཚུལ་ལ་མཐོང་བའི་ལམ་ཡིན་ཏེ། འདའ་བར་བྱེད་པའི་མཐོང་ལམ་འཕེན་པར་བྱེད་པའི་འདའ་བྱེད་ཀྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར།གཉིས་པ་ནི། བདེན་བཞི་ལ་དམིགས་པའི་རྣམ་པ་བཅུ་དྲུག་ཡོད་དེ། དོན་དམ་པར་རྟག་པ་ཡང་མ་ཡིན༑ མི་རྟག་པ་ཡང་མ་ཡིན་པ་དང༌། སྡུག་བསྔལ་དོན་དམ་པར་རྟག་པ་དང་ཆད་པའི་མཐའ་ལས་འདས་པ་དང༌། སྡུག་བསྔལ་དོན་གཞན་གྱི་བདག་གིས་སྟོང་པ་དོན་དམ་པར་རང་བཞིན་གྱིས་རྣམ་པར་དག་པ་དང༌། སྡུག་བསྔལ་གང་ཟག་གི་བདགགི་ངོ་བོར་མ་གྲུབ་པ་དོན་དམ་པར་མ་སྐྱེས་པ་དང༌། མ་འགགས་པ་དང་ལ་སོགས་པས་ཆགས་སོགས་ཀྱི་ཀུན་ནས་ཉོན་མོངས་པ་མ་ཡིན་པ་དང༌། དད་སོགས་ཀྱི་རྣམ་པར་བྱང་བ་མ་ཡིན་པ་སྟེ། དེ་ལྟར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་བཞི་ནི། སྡུགབསྔལ་ཤེས་བཟོད་ཀྱི་རྣམ་པ་བཞི་དང༌། སྡུག་བསྔལ་གྱི་རྒྱུ་ལས་དང་སྲེད་པ་དོན་དམ་པར་མ་གྲུབ་པ་ནམ་མཁའ་དང་འདྲ་བ་དང༌།ཀུན་འབྱུང་ཉོན་མོངས་པ་ཉེ་བའི་ཉོན་མོངས་པའི་ཆགས་པ་སྤངས་པ་སྟེ། དེ་མི་དམིགས་པ་དང༌། དོན་དམ་པར་སྡུགབསྔལ་རབ་ཏུ་སྐྱེ་བ་དང་མི་སྐྱེ་བ་དང་མ་འབྲེལ་བས་ཡོངས་སུ་འཛིན་པ་ལས་གྲོལ་བ་དང༌། སྡུག་བསྔལ་གྱི་རྐྱེན་དང་རྐྱེན་མ་ཡིན་པ་ལས་གྲོལ་བས་དོན་དམ་པར་རང་གི་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་བཞི་ནི་ཀུན་[33A]འབྱུང་བདེན་པའི་རྣམ་པ་བཞི་དང༌། རྒྱུ་མཚན་གང་གི་ཕྱིར་ན་འགོག་པའི་བདེན་པ་འདིའི་དོན་གཟུགས་སོགས་ལྟར་ཚིག་ཏུ་བརྗོད་པ་ཡིས། དོན་དམ་པར་རྒྱུད་གཞན་ལ་སྦྱིན་དུ་མེད་པ་དང༌། སྡུག་བསྔལ་ཞི་བ་དང༌། མ་ཞི་བ་དོན་དམ་པར་མེད་པས་དོན་དམ་པར་དམིགས་པ་མེད་པར་བྱེད་པ་དང༌། ཐར་པ་གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པ་དོན་དམ་པར་མ་གྲུབ་པས།རྟག་ཆད་ཀྱི་མཐའ་ལས་འདས་ཤིང་རང་བཞིན་གྱིས་ཤིན་ཏུ་རྣམ་པར་དག་པ་དང༌། ངེས་འབྱུང་དང་ངེས་འབྱུང་མེད་པ་ཡང་དོན་དམ་པར་མེད་པས་ནད་མི་འབྱུང་བའི་ཕན་ཡོན་དང་ལྡན་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་བཞི་ནི་འགོག་པ་ཤེས་བཟོད་ཀྱི་རྣམ་པ་བཞི་དང༌། ལམ་དང་ལམ་མིན་པར་དོན་དམ་པར་གྲུབ་པ་དང་བྲལ་བས་དམྱལ་བ་སོགས་ངན་སོང་ཆད་པ་དང༌། རིགས་པ་དང་རིགས་པ་མ་ཡིན་པ་དང༌། དོན་དམ་པར་མ་འདྲེས་པས་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཐབས་ལ། དོན་དམ་པར་མི་རྟོགས་པ་ཉིད་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང་སྒྲུབ་པ་མ་ཡིན་པར་དོན་དམ་པར་མ་སྒྲུབ་པས་ཆོས་ཐམས་ཅད་ཀྱི་བདེན་པར་གྲུབ་པའི་མཚན་མ་དག་དང་མ་འབྲེལ་བ་དང༌། ཐེག་ཆེན་གྱི་མཐོང་ལམ་རྗེས་ཤེས་ཆོས་ཅན། བརྗོད་བྱའི་དངོས་བོ་དང༌། རྗོད་བྱེད་ཀྱི་མིང་དང་ཚིག་གཉིས་པོ་ལ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་དམིགས་པའི་ཤེས་པ་སྐྱེ་བ་མེད་པ་ཡིན་ཏེ། མྱང་འདས་སུ་ངེས་པར་འབྱིན་པ་དང༌། ངེས་པར་འབྱིན་པ་མ་ཡིན་པ་དོན་དམ་པར་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་བཞི་ནི་ལམ་ཤེས་བཟོད་ཀྱི་རྣམ་པ་བཞི་ཡིན་ནོ།།གོང་མ་རྣམས་ལ་ཡུལ་གྱི་གནས་ཚུལ་གྱིས་དེ་ལྟར་བཤད།ཚིག་ཚོགས་ཆུང་གིས་གོ་སླ་བས་དེ་ལྟར་བཤད་ཀྱི་དོན་ནི་ཐ་མ་འདི་ལྟར་ཀུན་ལ་སྦྱར་རོ།།སྔར་བཤད་པའི་རྣམ་པ་ཅན་གྱི་ཀུན་ཤེས་ཉིད་ཀྱི་སྐབས་སུ་བསྟན་པའི་ཤེས་བཟོད་སྐད་ཅིག[33B]མ་བཅུ་དྲུག་ཆོས་ཅན། སྐབས་འདིར་དངོས་སུ་བསྟན་པའི་འདའ་བྱེད་ཀྱི་མཐོང་ལམ་ཡིན་ཏེ། དེའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། འདིར་དངོས་བསྟན་འདའ་བྱེད་ཀྱི་མཐོང་ལམ་དང༌། མི་རྟག་སོགས་ཀྱི་རྣམ་པ་ཅན་གྱི་འདའ་བྱའི་མཐོང་ལམ་དང༑ མི་རྟག་སོགས་ཀྱི་རྣམ་པ་ཅན་གྱི་ཉན་ཐོས་ཀྱི་མཐོང་ལམ་གཉིས་ཤུགས་ལ་བསྟན་ཅིང༌། འདའ་བྱའི་མཐོང་ལམ་དེ་ཉིད་ཤུགས་བསྟན་བསྟན་བྱའི་གཙོ་བོ་ཡིན་ནོ།།དེ་ལྟར་བསྟན་པ་ཡང་རིགས་ངེས་ཀྱི་བྱང་སེམས་མཐོང་ལམ་པས་མཐོང་ལམ་དུ་ཉན་ཐོས་ཀྱི་ལམ་ལ་ཤེས་མཐོང་གིས་བལྟས་ནས་འདའ་བའི་ཆེད་ཡིན་གྱིས། མཐོང་ལམ་དེའི་རྒྱུན་མི་རྟག་སོགས་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་གཙོ་བོར་མི་སྟོན་པའི་རྒྱུ་མཚན་ནི། བྱང་སེམས་འཕགས་པས་ཉན་རང་གི་ལམ་གོམ་པ་ལྷུར་ལེན་གྱི་སྒོམ་ལམ་མེད་པས་མ་བསྟན་པའི་ཕྱིར། གསུམ་པ་མཁྱེན་པ་གསུམ་གྱི་མཇུག་བསྡུ་བ་ནི། དེ་ལྟར་མཁྱེན་གསུམ་རྒྱས་པར་བཤད་ནས། མདོ་ལས།རབ་འབྱོར་ཡུལ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། ཞེས་པ་ནས་བརྩམས་ཏེ།འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཞེས་པ་གསུམ་པོ་གཅིག་ཏུ་བསྡུས་པའི་བར་གྱིས་གཞི་ཤེས་ཀྱི་མཇུག་བསྡུས་པའི་ཚིག་དགུ་པོ་འདི་དང༌། རབ་འབྱོར་དེ་ལྟར་ཡུམ་འདི་ནི་ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་ལམ་ཤེས་ཀྱི་མཇུག་བསྡུས་པའི་ཚིག་འདི་དང༌། ཡང་རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ནས་རང་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན། མདོར་བར་བྱེད་པ་མ་ཡིན་ཞེས་སོགས་ཀྱི་མདོ་ཚིག་འདི་ཡིན་ཏེ། མདོ་ཚིག་རྣམ་པ་གསུམ་བོ་འདི་ནི་ཆོས་ཅན། སྔར་མཁྱེན་གསུམ་བརྗོད་བྱར་བྱས་པའི་གནས་སྐབས་གསུམ་པོ་དག་གི་མཇུག་རྫོགས་པར་ཡོངས་སུ་བསྟན་པ་ཡིན་ཏེ། སྔར་མཁྱེན་གསུམ་རྫོགས་པར་བསྟན་པ་དེ་དག་གི་མཇུག་སྡུད་སྟོན་པའི་ཚིག་ཡིན་པའི་[34A]ཕྱིར༑ གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་སྙིང་པོའི་དོན་རབ་ཏུ་གསལ་བ་ལས་སྐབས་གསུམ་པའི་བཤད་པའོ།། ༈ །།གཉིས་པ་སྦྱོར་བ་བཞི་རྒྱས་པར་བཤད་པ་ལ་གཉིས། དབང་དུ་བྱེད་པ་རྒྱུ་འབྲས་དང༌། བརྟེན་པ་རྒྱུ་འབྲས་བཤད་པའོ།།དང་པོ་ལ་གཉིས།དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་བཤད་པ་དང༌། འབྲས་བུ་རྩེ་མོའི་སྦྱོར་བ་བཤད་པའོ།།དང་པོ་ལ་གཉིས༑ ལེའུའི་གཞུང་བཤད་པ་དང༌། སྐབས་བསྡུ་བའོ།།དང་པོ་ལ་གཉིས།རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་གཞག་བཤད་པ་དང༌། ཐར་པ་ཆ་མཐུན་ནས་བཟུང་སྟེ་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པའོ།།དང་པོ་ལ་གསུམ། རྣམ་རྫོགས་སྦྱོར་བའི་ངོ་བོ་དང༌། སྦྱོར་བ་སྒོམ་པའི་སྐྱོན་ཡོན་དང༌། སྦྱོར་བའི་མཚན་ཉིད་བཤད་པའོ།།དང་པོ་ལ་གཉིས། མི་མཐུན་ཕྱོགས་མ་ལུས་པའི་གཉེན་པོ་ཤེས་པའི་ཡན་ལག་གི་རྣམ་པའི་དབྱེ་བ་དང༌། བདེན་འཛིན་དངོས་སུ་འཇོམས་བྱེད་ཀྱི་སྦྱོར་བ་ཁྱད་པར་ཅན་ངོས་བཟུང་བའོ།།དང་པོ་ལ་གཉིས། མདོར་བསྟན་པ།།རྒྱས་པར་བཤད་པའོ།།དང་པོ་ནི།།།འཕགས་པའི་བདེན་པ་བཞིས་བསྡུས་པའི་གཞི་མི་རྟག་སོགས་ཤེས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་མི་མཐུན་པའི་ཕྱོགས་དེ་དང་དེའི་བཟློག་ཕྱོགས་ཀྱི་རྣམ་པ་ཤར་བའི་སྒོ་ནས་དེ་དག་འཇོམས་པར་བྱེད་པའི་མཁྱེན་པ་གསུམ་གང་རུང་གི་རྣམ་པ་ལེགས་པར་ཤར་ནས་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་ཡེ་ཤེས་ཞེས་བྱ་བ་ནི་སྐབས་འདིར་བསྟན་གྱི་གཉེན་པོའི་མཚན་ཉིད།གཉེན་པོར་འཇོག་པའི་ཡེ་ཤེས་ཀྱི་རྣམ་པ་དེ་ནི་རིགས་བསྡུ་ན་གསུམ་དུ་འདོད་དེ། ཀུན་མཁྱེན་ཉིད་ནི་རྣམ་པ་གསུམ་དུ་ངེས་པའི་ཕྱིར། གཉིས་པ་ལ་གསུམ། གཞི་ཤེས་ཀྱི་རྣམ་པ། ལམ་ཤེས་ཀྱི་རྣམ་པ། རྣམ་མཁྱེན་གྱི་རྣམ་པ་བཤད་པའོ།།དང་[34B]པོ་ནི། མདོ་ལས། བཅོམ་ལྡན་འདས་ཤེར་ཕྱིན་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མེད་པའི་རྣམ་པ་ནས་བཟུང་སྟེ། ཤེར་ཕྱིན་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མི་གཡོ་བའི་རྣམ་པའི་བར་སྟོན་པའི་མདོ་ཆོས་ཅན། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་བསྟན་ཏེ། བདེན་པ་དང་པོ་གསུམ་སོ་སོ་ལ་བཞི་བཞི་དང༌། ལམ་བདེན་ལ་གཞི་ཤེས་ཀྱི་རྣམ་པ་དེ་ནི་བཅོ་ལྔར་བཤད་པའི་ཕྱིར། དང་པོ་བདེན་པ་དང་པོ་གསུམ་ལ་བཞི་བཞི་བསྟན་ཏེ། སྡུག་བསྔལ་རྟག་པར་མེད་པ་དང༌། སྡུགབསྔལ་དོན་དམ་པར་མི་སྐྱེ་བ་དང༌། དོན་གཞན་གྱི་བདག་གིས་དབེན་པ་དང༌། རང་གི་ངོ་བོར་གྱུར་པའི་གང་ཟག་གི་བདག་གི་མི་རྫི་བ་དང༌། གཞི་སྡུག་བདེན་གྱི་རྣམ་པ་དང༌། སྲེད་པ་དོན་དམ་པར་མེད་པའི་གནས་མེད་པ་དང༌། ཀུན་འབྱུང་དོན་དམ་པར་ནམ་མཁའ་དང་འདྲ་བ་དང༌། རྫུ་འཕྲུལ་གྱི་རྒྱུ་རྟོག་དཔྱོད་དོན་དམ་པར་བརྗོད་དུ་མེད་པ་དང༌། ཡང་སྲིད་ཀྱི་རྐྱེན་སྲེད་པ་དང༌། ཚོར་བ་དོན་དམ་བར་མིང་མེད་པ་བཞི་ཀུན་འབྱུང་གི་རྣམ་པ་དང༌། འགོག་པ་དོན་དམ་པར་འགྲོ་བ་མེད་པ་དང༌།སྡུག་བསྔལ་ཞི་བ་རྐྱེན་གྱིས་མི་འཕྲོགས་པ་དང༌། གྱ་ནོམ་པའི་ཐར་པ་མི་ཟད་པ་དང༌། དྲི་བྲལ་གྱི་འགོག་པ་སྐྱེ་བ་མེད་པའི་རྣམ་པ་བཞིས་འགོག་བདེན་གྱི་རྣམ་པ་རྣམས་པ་བསྟན་པའི་ཕྱིར། གཞི་ཤེས་ཀྱིས་ལམ་བདེན་གྱི་རྣམ་པ་བཅོ་ལྔ་བསྟན་ཏེ༑ ཉོན་སྒྲིབ་ཀྱི་གཉེན་པོ་ཟག་མེད་མཐོང་ལམ་གྱི་རྣམ་པ་བཞི།གཟུགས་ཕྱི་རོལ་དོན་དུ་འཛིན་པའི་གཉེན་པོ་སྒོམ་ལམ་ཟས་བཅས་ཀྱི་རྣམ་པ་ལྔ། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་གཉེན་པོ་མཐོང་ལམ་ཟག་མེད་ཀྱི་ས་དྲུག་རྣམས་བསྟན་པའི་ཕྱིར༑ དང་པོ་གྲུབ་སྟེ། བྱེད་པ་པོའི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དང༌། དེ་བཞིན་དུ་ཡུལ་ཤེས་པ་པོའི་གང་ཟག་གི་བདག་མེད་པ་དང༌། དམན་པའི་སྐབས་ནས་འཕོ་བ་པོའི་གང་ཟག་གི་བདག[35A]མེད་པ་དང༌། ཉོན་མོངས་འདུལ་བ་པོའི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་རྟོགས་པའི་རྣམ་པ་བྱང་སེམས་ཀྱི་མཐོང་ལམ་བཞི་ནི། རིམ་པ་བཞིན་དུ། ལམ་བདེན་གྱི་ལམ་རིག་པ། བསྒྲུབ་པ་ངེས་འབྱིན་གྱི་མཚན་ཉིད་དགཡིན་པའི་ཕྱིར། གཉིས་པ་འགྲུབ་སྟེ། བྱང་སེམས་སྒོམ་ལམ་པའི་རྗེས་ཐོབ་ཀྱིས་བསྡུས་པ། རྨི་ལམ་བཞིན་དུ་གཟུགས་སོགས་ཕྱི་རོལ་དོན་དུ་ངོ་བོ་ཉིད་མེད་པས་ཆགས་སོགས་ཡོངས་སུ་འགྱུར་བའི་སྣང་བ་ཙམ་དང༌།སྒྲ་བརྙན་བཞིན་དུ་ཕྱི་རོལ་གྱི་དོན་མ་སྐྱེས་པ་དང༌། མི་གཡོར་བཞིན་དུ་ཕྱི་དོན་མ་འགགས་པ་དང༌། སྨིག་རྒྱུ་བཞིན་དུ་ཕྱི་དོན་བཟོད་མ་ནས་ཞི་བ་དང༌། སྒྱུ་མ་བཞིན་དུ་ཕྱི་དོན་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་དུ་རྟོགས་ཤིང༌། ཕྱི་དོན་མེད་བཞིན་དུ་ཕྱི་དོན་དུ་སྣང་བའི་འཁྲུལ་སྣང་ཙམ་དུ་དོགས་པའི་རྣམ་པ་ལྔར་བསྟན་པའི་ཕྱིར། གསུམ་པ་གྲུབ་སྟེ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གཟུགས་ཕྱི་རོལ་གྱི་དོན་གྱི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། དེ་བཞིན་དུ་ཕྱི་རོལ་གྱི་དོན་གྱི་རྣམ་པར་བྱང་བ་མེད་པ་དང༌། ཕྱི་རོལ་དོན་གྱི་བག་ཆགས་ཀྱིས་གོས་པ་མེད་པ་དང༌། དོན་གཞན་གྱིས་དབེན་པའི་སྤྲོས་པ་མེད་པ་དང༌། ཕྱི་རོལ་དོན་དུ་ཞེན་པའི་རྟོགས་པས་རོ་མྱོང་བའི་རློམ་པ་མེད་པ་དང༌། རྟོགས་པ་ཐོབ་ཟིན་ཉམས་པ་མེད་པའི་མི་གཡོ་བའི་གཟུང་བྱ་དོན་གཞན་མེད་པར་མངོན་སུམ་དུ་རྟོགས་པ་དྲུག་གི་རིམ་པ་བཞིན་དུ་གཟུང་རྟོག་ཤེས་བྱའི་སྒྲིབ་པ་ཕྱི་དོན་ལ་དམིགས་ནས་ཆགས་སོགས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང༌།ཉོན་མོངས་པའི་བག་ཆགས་དང༌། གཟུགས་སོགས་དོན་གཞན་གྱིས་དབྱེ་བའི་སྤྲོས་པ་དང༌། དོན་དུ་ཞེན་པའི་རང་གི་རྟོགས་པ་ལ་རོ་མྱོང་བའི་རློམ་པ་དང༌། རྟོགས་པ་དེ་ཉིད་ཐོབ་ཟིན་ཡོངས་སུ་ཉམས་པར་ཞེན་པ་དྲུག་གི་གཉེན་པོའི་རྣམ་པ་དྲུག་བསྟན་པའི་ཕྱིར། གཉིས་པ་ནི། ལམ་ཤེས་ཀྱི་རྣམ་པ་[35B]སུམ་ཅུ་རྩ་དྲུག་ཡོད་དེ། རྒྱུ་ཀུན་འབྱུང་དང༌། ལམ་བདེན་དང༌། འབྲས་བུ་སྡུག་བསྔལ་དང༌། འགོག་པའི་ལམ་ལ་ནི་གོ་རིམས་བཞིན་དུ་རྣམ་པ་དེ་དག་བརྒྱད་དང་བདུན་ནི། ལྔ་དང་བཅུ་དྲུག་ཅེས་མདོ་ལས་བསྒྲགས་པའི་ཕྱིར། ཀུན་འབྱུང་ལ་བརྟེན་པའི་རྣམ་པ་བརྒྱད་བསྟན་ཏེ། འདོད་ཉོན་ལ་སྲེད་པའི་འདོད་ཆགས་དང་བྲལ་བ་དང༌། འདོད་ཉོན་ལ་མི་འབྲལ་བར་ཞེན་པའི་ཚུལ་གྱིས་མི་གནས་པ་དང༌།ལུས་ལ་དགའ་བའི་སྲེད་པ་ཞི་བའི་བྱང་སེམས་ཀྱི་ཡེ་ཤེས་གསུམ་གྱི་ཀུན་འབྱུང་གི་རྒྱུའི་རྣམ་པ་གང་ཡིན་པ་ཡུལ་ལ་སྲེད་པའི་འདུན་པ་དང་མི་འབྲལ་བར་སྲེད་པའི་འདོད་ཆགས་དང༌། ཡང་སྲིད་ལ་དགའ་བའི་སྲེད་པའི་གཉེན་པོར་གྱུར་པའི་རྣམ་པ་གསུམ་དང༌། འདོད་ཆགས་ཀྱི་ཞེན་ཡུལ་མེད་པ་དང༌། ཞེ་སྡང་གི་ཞེན་ཡུལ་མེད་པ་དང༑ གཏི་མུག་གི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་གསུམ་ནི་ཀུན་འབྱུང་གི་རྣམ་པ་གང་ཡིན་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་གཉེན་པོར་གྱུར་པའི་རྣམ་པ་གསུམ་དང༌། ཚུལ་མིན་ཡིད་བྱེད་ཀྱི་ཉོན་མོངས་པའི་ཞེ་ན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་རབ་སྐྱེའི་རྣམ་པ་གང་ཡིན་པ་གཙང་བདེ་རྟག་བདག་སོགས་ཚུལ་བཞིན་མ་ཡིན་པར་ཞེན་པའི་གཉེན་པོར་གྱུར་པའི་རྣམ་པ་བཞི་དང༌། རང་དབང་བའི་སེམས་ཅན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་རྐྱེན་གྱི་རྣམ་པ་གང་ཡིན་བ་རང་དབང་བའི་སེམས་ཅན་དུ་མངོན་པར་ཞེན་པའི་གཉེན་པོར་གྱུར་པའི་རྣམ་པ་སྟེ་སྤང་གཉེན་གྱི་སྒོ་ནས་མངོན་ཞེན་བརྒྱད་པོ་རྣམས་ཀྱི་གཉེན་པོ་དེ་ལྟར་དུ་གསུམ་དང་གསུམ་དང་གཅིག་དང་གཅིག་སྟེ་བརྒྱད་བསྟན་པའི་ཕྱིར། ལམ་བདེན་ལ་བརྟེན་པའི་རྣམ་བ་བདུན་བསྟན་ཏེ། ཐེག་ཆེན་གྱི་མཐོང་ལམ་ལྟ་བུས་སེམས་ཅན་ཚད་མེད་པ་ཐར་པའི་གོ་(GSKA)བས་འབྱེད་པས་སེམས་ཅན་ཐམས་ཅད་ལ་[36A]ཐར་པའི་གོ་སྐབས་འབྱེད་པའི་ལམ་གྱི་རྣམ་པ་དང༌། ཇི་ལྟར་གོ་སྐབས་འབྱེད་པ་འཁོར་འདས་ཀྱི་མཐའ་གཉིས་ལ་མི་བརྟེན་པར་སེམས་ཅན་ཐམས་ཅད་ལ་ཐར་པའི་གོ་སྐབས་འབྱེད་པ་དང༌། ཆོས་ཐམས་ཅད་བདེན་སྟོང་དུ་ཐ་མི་དད་པར་མངོན་སུམ་དུ་རྟོགས་པས་རིག་པའི་རྣམ་པ་དང༌། ཇི་ལྟར་རིགས་པ་ཉན་རང་གི་ལམ་ལ་མཆོག་འཛིན་མེད་པར་སྤྲོས་བྲལ་རྟོགས་པ་དང༌། ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་རྟོགས་ཤིང༌། བདེན་པར་རྣམ་པར་མི་རྟོགཔས་བསྒྲུབ་པའི་རྣམ་པ་དང༌། ཇི་ལྟར་སྒྲུབ་པ་དོན་དམ་པར་ཆོས་ཐམས་ཅད་ཚད་མས་གཞལ་དུ་མེད་པར་མངོན་སུམ་དུ་རྟོགས་པ་དང༌།ཆོས་ཐམས་ཅད་ལ་བདེན་པར་ཆགས་པ་མེད་པའི་རྣམ་པར་མངོན་སུམ་དུ་རྟོགས་པས། ངེས་པར་འབྱིན་པའི་རྣམ་པ་དང་བདུན་ཏེ། དམ་བཅའ་དང་འཐད་པའི་སྒོ་ནས་ལམ་བདེན་ལ་བརྟེན་པ་གཉིས་དང་གཉིས་དང་གཉིས་དང་གཅིག་སྟེ་བདུན་བསྟན་པའི་ཕྱིར། སྡུག་བདེན་ལ་བརྟེན་པའི་རྣམ་པ་ལྔ་བསྟན་ཏེ།ཉེར་ལེན་གྱི་ཕུང་པོ་རྒྱུན་དང༌། སྐད་ཅིག་གིས་འཇིག་པས་མི་རྟག་པ་དང༌། འཕགས་པས་དོར་བར་བྱ་བའི་སྡུག་བསྔལ་བ་དང༌། བདག་དོན་གཞན་གྱིས་དབེན་པས་སྟོང་པ་དང༌། གང་ཟག་བདག་གི་ངོ་བོར་མ་གྲུབ་པས་བདག་མེད་པའི་རྣམ་པ་དང༌། ངོ་བོ་བདེན་པས་སྟོང་པའི་ཕྱིར། མཚན་ཉིད་མེད་པའི་རྣམ་པ་ལྔ། སྡུག་བསྔལ་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བཤད་པའི་ཕྱིར། རྣམ་པ་དེ་དག་མངོན་སུམ་དུ་རྟོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི་ལམ་བདེན་གྱི་རྣམ་པའོ།།འགོག་བདེན་ལ་བརྟེན་པའི་རྣམ་པ་བཅུ་དྲུག་བསྟན་ཏེ། འགོག་པའི་རྣམ་པའི་ངོ་བོ་ཉིད་ནང་དང་ཕྱི་དང་གཉིས་ཀ་སྟོང་པ་ཉིད་ཀྱིས། ནང་དང་ཕྱི་དང་གཉིས་ཀའི་དངོས་པོ་རྣམས་ལ་བདེན་པར་མངོན་པར་ཞེན་པ་བཀག་པས་རབ་ཏུ་ཕྱེ་བའི་བྲལ་བ་དང༌། ཞི་བའི་[36B]རྣམ་པའི་ངོ་བོ་ཉིད་གཞན་གྱིས་ཀུན་བཏགས་པའི་བདག་སྟོང་བ་དང༌། སྣོད་ཀྱི་འཇིག་རྟེན་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། རྟག་པ་དང༌། ཆད་པའི་མཐའ་དང༌། འཁོར་བ་ཐོག་མ་དང་མཐའ་མ་མེད་པ་དང༌། རྟོགས་པའི་ཆོས་དོར་བ་མེད་པ་རྣམས་ལ་བདེན་པར་གྲུབ་པས་སྟོད་པ་ཉིད་ཀྱིས་རིམ་པ་བཞིན་སྟོང་པ་དང༌། ཆེན་པོ་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་ལས་འདས་པ་དང༌། ཐོག་མ་དང་མཐའ་མ་མེད་པ་དང༌། དོར་བ་མེད་པ་རྣམས་ལ་བདེན་པར་མངོན་པར་ཞེན་པ་བཀག་པས་རབ་ཏུ་ཕྱེ་བ་བརྒྱད་དང༌།གྱ་ནོམ་པའི་རྣམ་པ་བྱེད་པ་པོ་གཞན་གྱིས་ཀུན་བཏགས་པའི་བྱེད་པ་པོར་ཞེན་པ་བཀག་པས་རབ་ཏུ་ཕྱེ་བའི་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་དང༌། ངེས་པར་འབྱུང་བའི་རྣམ་པ་ཆོས་ཐམས་ཅད་ཡུལ་དུ་འཁྲུལ་པའི་བདག་ཉིད་བདེན་པར་བཏགས་པ་དང༌། གཟུགས་རུང་སོགས་མཚན་ཉིད་དུ་བདེན་པར་བཟུང་ནས་འཁྲུལ་པ་དང༌། འདས་པ་དང༌། མ་འོངས་པ་སྲོགས་དུས་གསུམ་བདེན་པར་འཁྲུལ་པ་རྣམས་བཀགཔས་རིམ་པ་བཞིན་ཆོས་ཐམས་ཅད་དང༌། རང་གི་མཚན་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་དང༌། གང་ངེས་པར་འབྱུང་བའི་རྣམ་པ་ཁོ་ན། ཆོས་ཐམས་ཅད་ལ་བདེན་པའི་ངོ་བོ་ཉིད་དགག་པས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ། དེ་ལྟར་འགོག་བདེན་གྱི་རྣམ་པ་བཅུ་དྲུག་བསྟན་པའི་ཕྱིར། འདི་དག་གི་དོན་ནི། འགོག་བདེན་གྱི་རྣམ་པ་བཞི་སྟོང་གཞིར་བཟུང་ནས་སྟོང་ཉིད་བཅུ་དྲུག་ཏུ་འབྱེད་པ་དང༌། སྟོང་ཉིད་བཅུ་དྲུག་གློ་བུར་གྱི་དྲི་མ་དང་བྲལ་བ་འགོག་པའི་རྣམ་པ་སོགས་སུ་བསྒྲུབ་པ་གང་རུང་གི་དོན་ཡིན་གྱིས། འགོག་བདེན་སྟོང་ཉིད་དུ་བསྟན་པ་ནི་མ་ཡིན་ནོ།།གསུམ་པ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དྲན་པ་ཉེ་བར་[37A]གཞག་པའི་ཕ་རོལ་ཏུ་ཕྱིན་པའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དམིགས་སུ་མེད་པའི་ཕྱིར། ཞེས་དྲན་པ་ཉེར་གཞག་ནས་བཟུང་སྟེ། ཡུམ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སངས་རྒྱས་པའི་ཕྱིར། ཞེས་པའི་བར་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པའི་ཤེས་རྣམ་མཐར་ཐུག་པ་རྣམས་ལ། གང་ཟག་གསུམ་གྱི་རྒྱུད་ལ་མཁྱེན་པས་བསྡུས་པའི་ལམ་གྱི་བདེན་པ་མི་འདྲ་བ་གསུམ་ཡོད་པའི་རྗེས་སུ་མཐུན་པར་རིགས་ཀྱི་སྒོ་ནས་ཀུན་མཁྱེན་པ་གསུམ་དུ་ཕྱེ་བས་ན་གསུམ་དུ་ཡོད་དེ། རྣམ་པར་གཞག་པའི་རྟེན་སློབ་མ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་རྣམས་ལ་རིམས་བཞིན་དུ་འབྲེལ་པ་ལ་བལྟོས་དས་དེ་ཡང་རིམ་པ་བཞིན་དུ་སུམ་ཅུ་རྩ་བདུན་དང༌། སུམ་ཅུ་རྩ་བཞི་དང༌། སུམ་ཅུ་རྩ་དགུ་དག་ཏུ་དབྱེ་བ་བྱར་ཡོད་པར་མདོ་ལས་བཞེད་པའི་ཕྱིར། དེ་ཡང་དང་པོ་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཞི་ཤེས་ཀྱི་རྣམ་པ་སོ་བདུན་ཡོད་པ་ལས། སྡེ་ཚན་དང་པོ་ལུས་སེམས་སོགས་ཀྱི་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་ལ་དྲན་པ་ཉེར་གཞག་ཡོད་དེ།ལུས་མི་གཙང་བ་དང༌། ཚོར་བ་སྡུག་བསྔལ་བ་དང༌། སེམས་མི་རྟག་པ་དང༌། ཆོས་བདག་མེད་པ་རང་གི་མཚན་ཉིད་དང༌། མི་རྟག་སྡུག་བསྔལ་སྟོང་བདག་མེད་དང༌། བདེན་སྟོང་གི་སྤྱི་ཡི་མཚན་ཉིད་ཀྱིས་ཤེས་རབ་ཀྱིས་ཡོངས་སུ་བརྟགས་པ་དེ་ཉིད་ལ་དྲན་པས་ཡང་ནས་ཡང་དུ་གཏོད་པར་བྱེད་པའི་དྲན་པ་ཉེར་གཞག་བཞི་ཡོད་པའི་ཕྱིར། དེ་ལྟར་བརྟགས་པ་ལ་དགོས་པ་ཡོད་དེ། བདེན་བཞིའི་གནས་ཚུལ་ཁོང་དུ་ཆུད་ནས་དེ་སྒོམ་པ་ལ་འཇུག་པའི་ཕྱིར། སྡེ་ཚན་གཉིས་པ་དེའི་འོག་ཏུ་རྩོལ་བ་[37B]ལས་བྱུང་བའི་ལམ་ཡང་དག་པར་སྤོང་བ་བཞི་ཡོད་དེ། མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བ་དང༌། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པ་དང༌། དགེ་བ་རྣམ་བྱང་གི་ཕྱོགས་སྐྱེས་པ་འཕེལ་བ་དག་མ་སྐྱེས་བསྐྱེད་པར་བྱེད་པའི་བརྩོན་འགྲུས་ཀྱི་ངོ་བོར་གྱུར་པའི་ཡང་དག་སྤོང་བ་བཞི་ཡོད་པའི་ཕྱིར། སྡེ་ཚན་གསུམ་པ་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་རྫུ་འཕྲུལ་གྱི་རྐང་པ་བཞི་ཡོད་དེ། ཉེས་པ་ལྔའི་གཉེན་པོར་འདུན་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེགཔ་དང༌། བརྩོན་འགྲུས་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པ་དང༌།སེམས་དཔའི་ཏིང་ངེ་འཛིན་སྔོན་ཏིང་ངེ་འཛིན་བསྒོམས་པ་སྐྱེས་ཐོབ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པ་དང༌། དཔྱོད་པའི་ཏིང་ངེ་འཛིན་གཞན་གྱིས་བསྟན་པའི་ཆོས་རབ་ཏུ་རྣམ་འབྱེད་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པ་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་བཞི་ཡོད་པའི་ཕྱིར། སྤོང་བའི་འདུ་བྱེད་བརྒྱད་ཡོད་དེ།འདུན་པ། རྩོལ་བ། དད་པ། ཤིན་ཏུ་སྦྱངས་པ། དྲན་པ། ཤེས་བཞིན། སེམས་པ། བཏང་སྙོམས་རྣམས་ཡིན་པའི་ཕྱིར། ཉེས་པ་ལྔ་ཡོད་དེ། ལེ་ལོ།།བརྗེད་ངེས། བྱིང་རྒོད། མངོན་པར་འདུ་བྱེད་པ། མངོན་པར་འདུ་མི་བྱེད་པ་རྣམས་ཡིན་པའི་ཕྱིར། སྡེ་ཚན་བཞི་པ་མངོན་པར་རྟོགས་པ་སྦྱོང་བའི་ལམ་ལ་དབང་པོ་ལྔ་ཡོད་དེ། བདེན་པ་ལ་ཡིད་ཆེས་པའི་དད་པའི་དབང་པོ་དང༌། བླང་དོར་བྱེད་པར་སྤྲོ་བའི་བརྩོན་འགྲུས་ཀྱི་དབང་པོ་དང༌། དམིགས་རྣམ་མ་བརྗེད་པའི་དྲན་པའི་དབང་པོ་དང༌། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་དབང་པོ་དང༌། གནས་ལུགས་འབྱེད་པར་བྱེད་པའི་ཤེས་རབ་ཀྱི་དབང་པོ་རྣམས་སུ་ཡོད་པའི་ཕྱིར། སྡེ་ཚན་ལྔ་པ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ལ་སྟོབས་ལྔ་ཡོད་དེ། བདེན་པ་རྣམས་ལ་ཡིད་ཆེས་པའི་དད་པའི་སྟོབས་[38A]དང༑ བདེན་པ་མྱུར་དུ་རྟོགས་བའི་བརྩོན་འགྲུས་ཀྱི་སྟོབས་དང༌།བདེན་པའི་དམིགས་རྣམ་མ་བརྗེད་པའི་དྲན་པའི་སྟོབས་དང༌། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་དང༌། བདེན་པའི་རྣམ་པ་སོ་སོར་འབྱེད་པའི་ཤེས་རབ་ཀྱི་སྟོབས་དང་ལྔ་ཡོད་པའི་ཕྱིར། སྡེ་ཚན་དྲུག་པ་མངོན་པར་རྟོགས་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོད་དེ།བདེན་པ་ལས་གཞན་དུ་གཡེང་བར་བྱེད་པའི་གནས་ཀྱི་ཡན་ལག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཆོས་རབ་ཏུ་རྣམ་འབྱེད་བྱང་ཆུབ་ཀྱི་ཡན་ལག་དང༌། ངེས་པར་འབྱུང་བའི་ཡན་ལག་བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་དང༌། ལུས་སེམས་ལ་ཕན་འདོགས་པ་ཕན་ཡོན་གྱི་ཡན་ལགདགའ་བ་བྱང་ཆུབ་ཀྱི་ཡན་ལག་དང༌། ཉོན་མོངས་མེད་པའི་གཞིའི་ཡན་ལག་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་དང༌། གནས་ཀྱི་ཡན་ལག་ཏིང་ངེ་འཛིན་གྱི་ཡན་ལག་དང༌། ངོ་བོའི་ཡན་ལག་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལགབདུན་ཡོད་པའི་ཕྱིར། སྡེ་ཚན་བདུན་པ་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་ཡོད་དེ། མཉམ་གཞག་ཏུ་རྟོགས་པའི་ཆོས་ཉིད་རྗེས་ཐོབ་ཏུ་ཡོངས་སུ་དཔྱོད་པར་བྱེད་པ་ཡང་དག་པའི་ལྟ་བ་དང༌། རང་གི་རྟོགས་པ་གཞན་ལ་སྟོན་པར་བྱེད་པའི་ངག་ཀུན་ནས་སློང་བ་ཡང་དག་པའི་རྟོག་པ་དང༌། རང་གི་རྟོགས་པ་དེ་གཞན་ལ་སྟོན་པར་བྱེད་ཅིང་ངག་གི་ལས་རྣམ་པར་དག་པའི་ཡང་དག་པའི་ངག་དང༌། སྲོག་གཅོད་སྤོང་བ་སོགས་ལུས་ཀྱི་ལས་རྣམ་པར་དག་པ་ཡང་དག་པའི་ལས་ཀྱི་མཐའ་དང༌། ཚུལ་འཆོས་དང་ཁ་བསག་སོགས་སྤོང་བ་ལུས་ངག་གི་ལས་རྣམ་པར་དག་པ་ཡང་དག་པའི་འཚོ་བ་དང༌། སྤང་བྱ་སྤོང་བའི་གཉེན་པོ་ལ་རྩོལ་བ་ཡང་དག་པའི་རྩོལ་བ་དང༌། ཞི་[38B]གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་མ་བརྗེད་པར་འཛིན་པའི་ཡང་དག་པའི་དྲན་པ་དང༌། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་གྱི་དོན་དུ་སྒོམ་པ་ཡང་དག་པའི་ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་དུ་ཡོད་པའི་ཕྱིར། གཉིས་པ་བྱང་སེམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་བཞི་ཡོད་པས།དྲུག་གི་དང་པོ་གཉེན་པོའི་ལམ་རྣམ་ཐར་སྒོ་གསུམ་ཡོད་དེ། བྱང་སེམས་འཕགས་པའི་རྒྱུད་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྟོང་པ་དང༌། བདག་མེད་པའི་རྣམ་པའི་ངོ་བོ་ཉིད་ནི་རྣམ་པར་ཐར་པའི་སྒོ་དང་པོ་དང༌།འགོག་པ་དང་ལམ་གྱི་བདེན་པའི་ངོ་བོ་ཉིད་བརྒྱད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྒོ་གཉིས་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། ཀུན་འབྱུང་བདེན་པའི་ངོ་བོ་ཉིད་བཞི་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྣམ་པར་ཐར་པའི་སྒོ་གསུམ་པ་ཡིན་པའི་ཕྱིར། གཉིས་པ་སྤྲུལ་ལམ་ལ་རྣམ་པར་ཐར་པའི་སྒོ་གསུམ་ཡོད་དེ༑ བསམ་གཟུགས་གང་རུང་གི་སེམས་ལ་བརྟེན་ནས་ནང་རྣལ་འབྱོར་པ་རང་ལུས་ལ་གཟུགས་ཀྱི་འདུ་ཤེས་ཉེ་བར་གཞག་ནས། གཟུགས་གང་འདོད་དུ་སྒྲུལ་པ་འདོད་པ་དེར་མོས་པར་བྱེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར་དང༌། རྣལ་འབྱོར་པ་རང་ལུས་ལ་གཟུགས་ཅན་མ་ཡིན་པ་མིང་གཞིའི་ཕུང་པོ་ཙམ་གྱི་འདུ་ཤེས་བཞག་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ཇི་ལྟར་འདོད་བཞིན་དུ་སྤྲུལ་མི་ནུས་པའི་གཉེན་པོ་གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར་དང༌། བསམ་གཟུགས་གང་རུང་གི་སེམས་ལ་བརྟེན་ནས་གཟུགས་སྡུག་པ་སྤྲུལ་པ་ལ་དགའ་བ་དང༌། མི་སྡུག་པ་སྤྲུལ་པ་ལ་མི་དགའ་བའི་ཉོན་མོངས་ཀྱི་གཉེན་པོར་གཟུགས་སྡུག་མི་[39A]སྡུག་བལྟོས་པ་དང་ཕན་ཚུན་འབྲེལ་པ་གོམས་པར་བྱས་པས་གཟུགས་སྡུག་མི་སྡུག་བལྟོས་མེད་ཀྱི་འདུ་ཤེས་དང༌། ངོ་བོ་ཉིད་ཀྱིས་ཐ་དད་པའི་འདུ་ཤེས་བསལ་ནས་མཐར་གཟུགས་སྣང་ཐམས་ཅད་སྡུག་པར་རོ་གཅིག་ཏུ་མོས་པར་བྱེད་པའི་སྡུག་པའི་རྣམ་ཐར་གསུམ་དུ་ཡོད་པའི་ཕྱིར།གསུམ་པ་ལ་མཐོང་ཆོས་བདེར་གནས་ཀྱི་ལམ་ལ་ལྔ་ཡོད་དེ། ཐར་པའི་ལམ་གྱི་རྒྱུ་བྱེད་ཅིང༌། ཟག་མེད་ཀྱི་ཐར་པ་དང༌། རང་སའི་ཉོན་མོངས་པས་མ་བསླད་པར་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་ཀྱི་སྙོམ་པར་འཇུག་པའི་དངོས་གཞིས་བསྡུས་པ་བཞི་དང༌། ཚོར་བ་དང་འདུ་ཤེས་རགས་པ་ཞི་བས་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་འདུ་ཤེས་དང་ཚོར་བ་འགོག་པའི་ འགོག་པ་གཅིག་སྟེ་གསུམ་ཡོད་པའི་ཕྱིར། བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ལ་མཐར་གནས་སྙོམ་འཇུག་དགུ་ཡོད་དེ། འཇིག་རྟེན་ལས་འདས་པའི་ལམ་གྱི་ངོ་བོར་གྱུར་པའི་བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང༌། འགོག་པའི་སྙོམ་པར་འཇུག་པ་སྟེ་དགུ་ཡོད་པའི་ཕྱིར། ལྔ་པ་སྤོང་བའི་ལམ་ལ་བཞི་ཡོད་དེ། ཆོས་བཟོད་བར་ཆད་མེད་ལམ་གྱི་རྣམ་པ་ཡུལ་བདེན་པ་བཞིས་བསྡུས་པའི་ཡུལ་ཅན་བར་ཆད་མེད་ལམ་བཞི་ཡོད་པའི་ཕྱིར། དྲུག་པ་སངས་རྒྱས་ཉིད་ཀྱི་ལམ་ལ་བཅུ་ཡོད་དེ། སེར་སྣ་སོགས་ཀྱི་གཉེན་པོར་གྱུར་པའི་སྦྱིན་པ་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོད་པའི་ཕྱིར། གསུམ་པ་སངས་རྒྱས་ཁོ་ན་ལ་ཡོད་པའི་རྣམ་མཁྱེན་གྱི་རྣམ་པ་ལ་ཡོན་ཏན་གྱི་དབྱེ་བ་དང༌། ངོ་བོ་དང༌། རྟེན་དང༌། ཆེད་དུ་བྱ་བའོ།།དང་པོ་ལ་བཞི། དངོས་སྟོབས་ཀྱི་རྣམ་པ་བཅུ་ཡོད་དེ། དགེ་མི་དགེའི་ལས་ལས་འབྲས་བུ་བདེ་སྡུག་འབྱུང་བ་གནས་དང༌། དེ་ལས་བཟློག་པ་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་འབྲས་མ་ལུས་པ་མངོན་སུམ་དུ་རྟོགས་པ་ལས་ཀྱི་རྣམ་པར་[39B]སྨིན་པ་མཁྱེན་པ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་མོས་པའི་མོས་པ་སྣ་ཚོགས་མཁྱེན་པ་དང༌། འཇིག་རྟེན་གྱི་རང་བཞིན་དུ་མ་མཁྱེན་པ་དང༌། དད་སོགས་ཀྱི་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་པོ་མཆོག་དང་མཆོགམ་ཡིན་པ་མཁྱེན་པ་དང༌། མངོན་མཐོ་དང་ངེས་ལེགས་ཐམས་ཅད་དུ་འགྲོ་བའི་ལམ་དང༌། དེ་ལས་བཟློག་པ་ལ་ཆགས་ཐོགས་མེད་པར་འཇུག་པའི་མཁྱེན་པ་དང༌། སྙོམ་འཇུག་གི་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་དང༌། རང་གཞན་གྱི་སྔོན་གནས་ཚེ་རབས་སྔ་མ་རྗེས་སུ་དྲན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མ་འོངས་པར་འཇུག་པའི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་དང༌། ཉན་རང་གི་ཉོན་སྒྲིབ་ཟད་པ་དང༌།སངས་རྒྱས་རྣམས་ཀྱི་དྲི་མ་མཐའ་དག་ཟད་པའི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་རྣམ་པ་བཅུ་ཡོད་པའི་ཕྱིར། གཉིས་པ་མི་འཇིགས་པ་བཞི་ཡོད་དེ། རང་དོན་གྱི་དབང་དུ་བྱས་པ་འཁོར་གྱི་དབུས་སུ་ང་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བདག་ཉིད་ཀྱི་ཞལ་གྱིས་འཆེས་པ་ལ། ཆོས་འདི་ཐུགས་སུ་མ་ཆུད་དོ་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པས་རྟོགས་པ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པ་དང༌། གཞན་དོན་གྱི་དབང་དུ་བྱས་པ་ཆགས་སོགས་ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་མཁྱེན་པའི་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་ལ་སྤང་བྱ་འདི་བསྟེན་ཀྱང༌། བར་ཆད་དུ་མི་འགྱུར་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པས་བར་དུ་གཅོད་པའི་ཆོས་བསྟན་པ་ལ་མི་འཇིགས་པ་དང༌། ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ལ་སོགས་པ་ཐར་པ་དང་ཐམས་ཅད་མཁྱེན་པར་ངེས་པར་འབྱུང་བ་ཉིད་དུ་བསྟན་པ་ལ་ལམ་འདི་བསྟེན་ཀྱང་ངེས་པར་འབྱུང་མི་ནུས་སོ་ཞེས་ཆོས་མཐུན་གྱི་[40A]རྒོལ་བ་མེད་པས་ངེས་པར་འབྱུང་བའི་ལམ་སྟོན་པ་ལ་མི་འཇིགས་པ་དང༌། བདག་ཉིད་ཀྱི་ཟག་པ་མ་ལུས་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པས་རང་དོན་སྤངས་པ་ཕུན་ཚོགས་ལ་མི་འཇིགས་པ་བཞི་ཡོད་པའི་ཕྱིར། གསུམ་པ་སོ་སོ་ཡང་དག་པར་རིག་པ་བཞི་ཡོད་དེ། བཤད་བྱ་ལ་ཐོགས་པ་མེད་པ་ཉོན་མོངས་དང་རྣམ་བྱང་གི་ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་དུ་མ་ལ་མཁྱེན་པ་ཐོགས་མེད་དུ་འཇུག་པའི་ཏིང་ངེ་འཛིན་ཤེས་རབ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། ཆོས་ཀྱི་ངོ་བོ་དང་རྣམ་པའི་དབྱེ་བའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པའི་ཏིང་ངེ་འཛིན་ཤེས་རབ་ནི་དོན་སོ་སོ་ཡང་དག་རིག་པ་དང༌། འཆད་བྱེད་ལ་ཐོགས་པ་མེད་པ་རང་རང་གི་ཡུལ་དང་མཐུན་པར་སྐད་སྨྲ་བའི་སེམས་ཅན་ཐམས་ཅད་ཀྱི་ཡུལ་སྐད་ལ་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པའི་ཏིང་ངེ་འཛིན་ཤེས་རབ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པ་རིག་པ་དང༌། ཆོས་ཀྱི་ངོ་བོ་དང་རྣམ་པའི་དབྱེ་བའི་ཡུལ་ལ་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པའི་ཏིང་ངེ་འཛིན་ཤེས་རབ་ནི་སྤོབས་པ་སོ་སོ་ཡང་དག་པ་རིག་པ་བཞི་ཡོད་པའི་ཕྱིར། བཞི་པ་སངས་རྒྱས་ཀྱི་ཆོས་རྟེན་འོག་མ་རྣམས་དང་མ་འདྲེས་པ་བཅོ་བརྒྱད་ཡོད་དེ༑ སྤྱོད་པས་བསྡུས་པ་དྲུག །རྟོག་པས་བསྡུས་པ་དྲུག །འཕྲིན་ལས་ཀྱིས་བསྡུས་པ་གསུམ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་སྟེ་བཅོ་བརྒྱད་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། སངས་རྒྱས་ཉན་རང་ལས་འཕྲིན་ལས་ཁྱད་པར་འཕགས་པས་སྤྱོད་ལམ་བཞིས་གདུལ་བྱ་འདུལ་བ་སྐུའི་འཕྲིན་ལས་དང༌། ཆོས་དང་དོན་དང་ལྡན་པའི་གཏམ་མཛད་པ་གསུང་གི་འཕྲིན་ལས་དང༌། བྱམས་པ་དང་སྙིང་རྗེ་སོགས་ཐུགས་ཀྱི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་བར་དུ་ཡེ་ཤེས་དང་[40B]ལྷན་ཅིག་ཏུ་རྒྱུ་བས་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བའི་འཕྲིན་ལས་གསུམ་ཡོད་པའི་ཕྱིར། བཞི་པ་གྲུབ་སྟེ། ཉན་རང་དང་ཡེ་ཤེས་མ་འདྲེས་པ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ལ་བཞེད་པ་ཙམ་གྱིས་མཁྱེན་པ་འཇུག་པས་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་རྣམ་པ་གསུམ་རྣམས་ཡོད་པའི་ཕྱིར། གཉིས་པ་བདེན་འཛིན་དངོས་སུ་འཇོམས་བྱེད་ཀྱི་སྦྱོར་བ་ཁྱད་པར་ཅན་ངོས་བཟུང་བ་ལ་གཉིས། དགེ་བའི་རྩ་བ་བསོག་པའི་རྟེན་དང༌།སྦྱོར་བ་དངོས་སོ།།དང་པོ་ནི། འཆད་འགྱུར་གྱི་མཚན་ཉེད་དང་ལྡན་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཐེག་པ་ཆེན་པོའི་ཤེར་ཕྱིན་ནི་གསུམ་པོ་འདི་ཉན་པའི་སྣོད་ཡིན་ཏེ། སྔོན་གྲངས་ལས་འདས་པའི་སངས་རྒྱས་རྣམས་ལ་བཀུར་སྟི་སོགས་ལྷག་པར་བྱ་བ་བྱས་པའི་ཕྱིར་དང༌། དེ་ལ་གཙུག་ལག་ཁང་དང་བསོད་སྙོམས་འབུལ་བ་སོགས་དགེ་བའི་རྩ་བ་བསྐྲུན་པའི་ཕྱིར་དང༌། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པ་ཡིན་པའི་ཕྱིར། ཡུམ་གྱི་ཚིག་བློ་ལ་ལེན་པ་དང༌། མི་བརྗེད་པར་འཛིན་པ་དང༌། སྒྲུབ་པ་རྫོགས་པར་བྱེད་པའི་སྣོད་དུ་དམ་པ་སངས་རྒྱས་དང་བྱང་སེམས་རྣམས་བཞེད་དེ། དེའི་ཆེད་དུ་སངས་རྒྱས་གྲངས་མེད་པ་བསྟེན་པ་དང༌། ཐེ་ཚོམ་ཟ་བའི་ཚིག་དོན་ཀུན་འདྲི་བ་དང༌། དྲིས་པའི་དོན་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཕར་ཕྱིན་བཅུ་ཉམས་སུ་ལེན་པའི་སྤྱོད་པ་ཉམས་སུ་ལེན་པ་རྣམས་ཡིན་པའི་ཕྱིར།གཉིས་པ་ལ་ལྔ། སྦྱོར་བའི་ངོ་བོ་དང༌། རྟེན་གྱི་གང་ཟག་གི་སྒོ་ནས་དབྱེ་བ་དང༌། སྦྱོར་བ་རྫོགས་པ་ཐབས་ཀྱི་སྒོ་ནས་དབྱེ་བ་དང༌། འབྲས་བུའི་སྒོ་ནས་བཞག་པ་དང༌། དུས་ཀྱི་སྒོ་ནས་(ABZHA)ག་པའོ།།དང་པོ་ལ།།ངོ་བོའི་སྦྱོར་བ་ལྔ་ནི། བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། གཟུགས་སོགས་ལ་མི་གནས་པའི་སྦྱོར་བ་དང༌། སྦྱོར་བ་བཀག་[041A]པའི་སྦྱོར་བ་དང༌། ཟབ་པའི་སྦྱོར་བ་དང༌། གཏིང་དཔག་དཀའ་བའི་སྦྱོར་བ་དང༌། ཚད་མེད་པའི་སྦྱོར་བ་ཞེས་བྱ་སྟེ། གཟུགས་ལ་སོགས་པ་གཞི་ལམ་རྣམ་པས་བསྡུས་པའི་ཆོས་རྣམས་ལ་བདེན་པར་མི་གནས་པར་བདག་མེད་དུ་རྟོགས་པའི་ཕྱིར་དང༌། བཀག་པའི་སྦྱོར་བ་དེ་ལ་བདེན་ཞེན་བཀག་ནས་སྒོམ་པའི་ཕྱིར་དང༌། གཞི་གཟུགས་སོགས་དེའི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་ཕྱིར། ལམ་གྱིས་བསྡུས་པའི་ཆོས་དེ་རྣམས་ཀྱི་ཆོས་ཉིད་གཏིང་དཔག་དཀའ་བར་རྟོགས་པའི་ཕྱིར་དང༌། རྣམ་པས་བསྡུས་པའི་ཆོས་དེ་དག་གི་ཆོས་ཉིད་ཚད་ནི་མེད་པར་རྟོགས་པའི་ཕྱིར། གཉིས་པ་སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་གི་སྒོ་ནས་བརྒྱད་ལས། ཆོས་ཉིད་ལ་སྒོམ་བྱུང་གིས་གསལ་སྣང་མ་ཐོབ་པས་སྐྲག་པ་ཤས་ཆེར་སྐྱེ་བའི་དབང་དུ་བྱས་པ་ནི་བྱང་སེམས་ཚོགས་ལམ་པ་དབང་རྟུལ་གྱི་རྒྱུད་ཀྱི་སྦྱོར་བ་ཆོས་ཅན། དུས་ཡུན་རིང་མོ་ཞིག་ནས་འཚང་རྒྱ་བས་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཡིན་ཏེ། གནས་ལུགས་ཀྱི་དོན་རྟོགས་པའི་ཤེས་རབ་ལ་སྐྲག་པ་ཤས་ཆེར་མངོན་གྱུར་འབྱུང་བའི་ལས་དང་པོ་པའི་རྒྱུད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། སྟོང་ཉིད་ལ་སྐྲག་པ་ཤས་ཆེར་མི་འབྱུང་བའི་དབང་དུ་བྱས་ནས་རང་དོན་དང་ལྡན་པའི་སྦྱོར་བ་དང༌། གཞན་དོན་དང་ལྡན་པའི་སྦྱོར་བ་གཉིས་ལས། དང་པོ་ནི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆོས་ཅན། ལུང་བསྟན་ཐོབ་པའི་སྦྱོར་བ་ཡིན་ཏེ།སྟོང་ཉིད་ལ་གསལ་སྣད་ཐོབ་པས་མི་སྐྲག་ཅིང་སངས་རྒྱས་ཀྱིས་མྱུར་དུ་ལུང་བསྟན་པའི་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོའི་ཡེ་ཤེས་ཆོས་ཅན། ཕྱིར་མི་ལྡོག་པ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། དྲོད་ལས་ཁྱད་པར་དུ་གྱུར་པས་ཡུམ་ཐོས་བསམ་སོགས་ཀྱིས་ཡང་དག་པར་འཛིན་པའི་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་[041B]བཟོད་པ་ཆོས་ཅན། ངེས་པར་འབྱུང་བའི་སྦྱོར་བ་ཡིན་ཏེ། ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཐོབ་པས་ཉན་རང་གི་ཡིད་བྱེད་སོགས་བར་ཆད་ལས་འདས་པའི་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན།བར་ཆད་མེད་པའི་སྦྱོར་བ་ཡིན་ཏེ། ཆོས་ཀྱི་དབྱིངས་རྒྱ་མཚོ་ལྟ་བུར་འཇུག་པར་མཐོང་ནས་རྟག་ཏུ་ཆོས་སྒོམ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་པ་ཡིན་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ཡིན་ཏེ། ཐེག་ཆེན་གྱི་ལམ་ཟག་མེད་ཀྱི་ཆོས་གསར་རྙེད་ཀྱི་རྟེན་གྱི་སྦྱོར་བ་ཡིན་པའི་ཕྱིར། ས་གཉིས་པ་ནས་བདུན་པའི་བར་གྱི་ཡེ་ཤེས་ནི་ཆོས་ཅན། མྱུར་དུ་འཚང་རྒྱ་བའི་སྦྱོར་བ་ཡིན་ཏེ། མྱུར་དུ་འབྲས་བུ་ཆོས་སྐུ་འགྲུབ་པའི་སྦྱོར་བ་ཡིན་པའི་ཕྱིར། གཉིས་པ་ནི། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། གཞན་དོན་གྱི་སྦྱོར་བ་ཡིན་ཏེ། སྙིང་རྗེས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་ནུས་པས་གཞན་དོན་ཆོས་འཁོར་བསྐོར་བའི་སྦྱོར་བ་ཡིན་པའི་ཕྱིར།གསུཾ་པ་སྦྱོར་བརྫོགས་པའི་ཐབས ཀྱི་སྒོ་ནས་དབྱེ་བའི་སྦྱོར་བ་ལ་བཞི་ལས། དང་པོ་ནི། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། འཕེལ་མེད་འགྲིབ་མེད་དུ་རྟོགས་པའི་སྦྱོར་བ་ཡིན་ཏེ། ཐ་སྙད་དུ་སྐྱོན་ཡོན་འཕེལ་འགྲིབ་བྱེད་ཀྱང༌། དོན་དམ་པར་འཕེལ་བ་དང་འགྲིབ་པ་མི་མཐོང་བའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཆོས་དང་ཆོས་མིན་སོགས་དོན་དམ་པར་མི་མཐོང་བའི་སྦྱོར་བ་ཡིན་ཏེ། དོན་དམ་པར་ཆོས་གང་ཡང་འདོད་པའི་ཁམས་སུ་མི་དམིགས་པར་རྟོགས་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། གཟུགས་སོགས་བསམ་མི་ཁྱབ་མི་མཐོང་བའི་སྦྱོར་བ་ཡིན་ཏེ། གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་བདེན་པར་རློམ་པ་མེད་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། མཚན་གཞི་གཟུགས་སོགས་དང༌།གཟུགས་རུང་[042A]སོགས་དེའི་མཚན་མ་དང་དེའི་མཚོན་བྱའི་ངོ་བོར་བདེན་པར་རྣམ་པར་མི་རྟོག་པའི་སྦྱོར་བ་ཡིན་ཏེ། མཚན་གཞི། གཟུགས་དང་དེའི་མཚན་མ་དང༌། མཚོན་བྱ་དེ་ཡི་ངོ་བོ་བདག་ཉིད་བདེན་པར་རྣམ་པར་མི་རྟོག་པའི་དགསའི་སྦྱོར་བ་ཡིན་པའི་ཕྱིར། བཞི་པ་འབྲས་བུའི་སྒོ་ནས་བཞག་པ་ལ་གཉིས་ལས། ས་དགུ་པའི་ཡེ་ཤེས་ཆོས་ཅན། ཡོན་ཏན་འཕེལ་བར་བྱེད་པ་འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་སྦྱོར་བ་ཡིན་ཏེ། འབྲས་བུ་དང་པོ་རྒྱུན་ཞུགས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་མཐོང་བའི་དག་སའི་སྦྱོར་བ་ཡིན་པའི་ཕྱིར། ས་བཅུ་པའི་ཡེ་ཤེས་ཆོས་ཅན། ཉེས་པ་སེལ་བར་བྱེད་པའི་སྦྱོར་བ་དེ་ནི་རྣམ་པར་དག་པའི་སྦྱོར་བ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་རྣམ་པར་དག་པར་སྒོམ་པའི་དག་སའི་སྦྱོར་བ་ཡིན་པའི་ཕྱིར། ལྔ་པ་དུས་ཀྱི་སྒོ་ནས་བཞག་པ་ནི། ཡུམ་མྱུར་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཆོས་ཅན། ས་མཚམས་དང་བཅས་པའི་སྦྱོར་བ་ཡིན་ཏེ། ཞག་དང་ཟླ་བ་དང་ལོ་སྐོར་དུ་དུས་ཚིགས་བཅད་ནས་སྒོམ་པ་ལ་མངོན་པར་བརྩོན་པ་མི་འདོར་བའི་བྱང་སེམས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། དེ་ལྟར་ན་སྔ་མ་ལྔ་དང་ཕྱི་མ་བཅོ་ལྔ་སྟེ་སྦྱོར་བ་ཉི་ཤུའོ།།གཉིས་པ་སྦྱོར་བསྒོམ་པའི་སྐྱོན་ཡོན་བཤད་པ་ལ་གཉིས། སྦྱོར་བའི་ཡོན་ཏན་དང༌།སྦྱོར་བ་སྒོམ་པའི་བགེགས་སོ།།དང་པོ་ནི། སྦྱོར་བ་སྒོམ་པའི་སྟོབས་ཀྱིས་བདུད་ཀྱི་མཐུ་བཅོམ་པ་དང་ལ་སོགས་པ་ཡོན་ཏན་རྣམ་པ་བཅུ་བཞི་ཡོད་དེ། སྦྱོར་བ་སྒོམ་པ་ལ་གྲངས་བཞིན་དུ་སངས་རྒྱས་ཀྱིས་བྱིན་གྱིས་རླབས་པའི་ཕྱིར་བར་ཆད་ཀྱིས་མི་ཚུགས་པས་བདུད་ཀྱི་མཐུ་བཅོམ་པ་དང༌། སངས་རྒྱས་ཀྱི་ཐུགས་ཀྱིས་དགོངས་པའི་ཕྱིར་སངས་རྒྱས་ཀྱི་དགོངས་ཤིང་མཁྱེན་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཟིགས་པའི་ཕྱིར། སངས་རྒྱས་ཀྱི་མངོན་སུམ་དུ་མཛད་པ་དང༌།རྫོགས་བྱང་དང་ཉེ་[042B]བར་གྱུར་པ་ཐོབ་པའི་ཕྱིར། རྫོགས་བྱང་དང་ཉེ་བར་གྱུར་པ་དང༌། ད་ལྟར་སྦྱོར་བ་སྒོམ་པའི་ཕན་ཡོན་ཆེན་པོ་ཐོབ་པའི་ཕྱིར།སངས་རྒྱས་དང་མི་འབྲལ་བ་ལ་སོགས་ཐོབ་པ་དང༌། ཡུམ་གཞན་ལ་སྟོན་པ་སོགས་སངས་རྒྱས་ཀྱི་བྱ་བ་བྱེད་པ་ཐོབ་པའི་ཕྱིར། རང་གང་དུ་སྐྱེ་འགྱུར་གྱི་ཡུལ་དེ་བཞིན་གཤེགས་པས་ལུང་སྟོན་པ་སོགས་ཡུལ་དཔྱད་པའི་ཕན་ཡོན་དང༌། གཉེན་པོའི་ཆོས་ཡོངས་སུ་རྫོགས་པའི་ཕྱིར། ཟག་མེད་ཀྱི་ཡོན་ཏན་རྫོགས་པའི་ཕན་ཡོན་དང༑ སངས་རྒྱས་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་བརྗོད་པ་ཐོབ་པའི་ཕྱིར། ཡུམ་གཞན་ལ་སྟོན་པའི་སྨྲ་བའི་སྐྱེས་བུ་ཉིད་དུ་བྱེད་པའི་ཕན་ཡོན་དང༌། སངས་རྒྱས་རྣམས་ཀྱིས་གྲོགས་མཛད་པའི་ཕྱིར།རྣམ་མཁྱེན་ལས་བདུད་སོགས་ཀྱིས་མི་ཕྱེད་པའི་ཕན་ཡོན་དང༌། སྦྱོར་བ་སྒོམ་པ་ལ་དགའ་བ་བསྐྱེད་པའི་ཕྱིར། དགེ་བའི་རྩ་བ་ཉན་རང་དང་ཐུན་མོང་མིན་པ་སྐྱེ་བའི་ཕན་ཡོན་དང༌། ཡུམ་སྒོམ་པ་དེའི་དམ་བཅས་པའི་ཚིག་ལ་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་བ་ཐོབ་པའི་ཕྱིར། གཞན་དོན་སྒྲུབ་པར་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་འགྲུབ་པའི་ཕན་ཡོན་དང༌། ཐེག་ཆེན་གྱི་ཆོས་ཟབ་མོ་མངོན་པར་འདོད་པ་ཐོབ་པའི་ཕྱིར།ཚེ་རབས་གཞན་དུ་དགེ་བ་རླབས་པོ་ཆེའི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་ཐོབ་པའི་ཕན་ཡོན་དང༌། སྲོག་ཆགས་མང་པོ་བྱང་ཆུབ་ལ་འགོད་པ་སོགས་སེམས་ཅན་གྱི་དོན་བྱེད་པ་ཐོབ་པའི་ཕྱིར། བདོག་པ་གཏོང་བ་སོགས་སེམས་ཅན་གྱི་དོན་སྒྲུབ་པའི་ཕན་ཡོན་དང༌། ཚེ་འདིར་ཤེར་ཕྱིན་གྱི་ཚིག་དོན་ཚང་བར་རྙེད་པའི་ཡོན་ཏན་ཐོབ་པའི་ཕྱིར། ཚེ་རབས་གཞན་དུ་ཡུམ་ངེས་པར་ཐོབ་པ་ཞེས་བྱ་བའི་ཕན་ཡོན་ཏེ་སྦྱོར་བ་སྒོམ་པའི་ཕན་ཡོན་བཅུ་བཞི་ཡོད་པའི་ཕྱིར། གཉིས་[043A]པ་ནི། སྦྱོར་བ་སྐྱེ་བའི་གེགས་དང་རྒྱུན་གནས་པའི་གེགས་སྐྱོན་ནི་བཅུ་ཚན་བཞི་དང་བཅས་པའི་དྲུག་ཏུ་ངེས་པར་རྟོགས་པར་བྱ་སྟེ། སྦྱོར་བའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་པ་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། འགལ་རྐྱེན་གཞན་ལ་བརྟེན་པ་སྟེ་ཞེ་དྲུག་ཏུ་ཡོད་པའི་ཕྱིར། དང་པོ་ལ་ཡང་སྤོབས་པའི་དབང་དུ་བྱས་པ་གཉིས། གནས་ངན་ལེན་གྱི་དབང་དུ་བྱས་པ་གསུམ།ཐེག་ཆེན་ལས་ཉམས་བྱེད་ཀྱི་རྒྱུ་བདུན། ཐེག་ཆེན་ལས་གཡེང་བའི་རྒྱུ་བརྒྱད་རྣམས་སུ་ཡོད་ལ། དང་པོ་གཉིས་ཡོད་དེ། ཡུམ་གྱི་ཚིག་དོན་ལ་དུས་ཡུན་རིང་མོ་ཞིག་ནས་ངེས་པར་སྐྱེ་བ་ཚོགས་ཆེན་པོས་ཐོབ་པ་དང༌། མ་བརྟགས་པར་ངེས་པར་མྱུར་དུ་སྐྱེ་བ་སྤོབས་པ་ཧ་ཅང་མྱུར་བ་གཉིས་ཡོད་པའི་ཕྱིར། གཉིས་པ་གསུམ་ཡོད་དེ།གླལ་བ་སོགས་ཀྱི་དང་ནས་ཡུམ་འདྲི་བ་སོགས་ལུས་ཀྱི་གནས་ངན་ལེན་དང༌། ཆགས་པར་གྱུར་པས་འདྲི་བ་སེམས་ཀྱི་གནས་ངན་ལེན་དང༌། རྙེད་བཀུར་སོགས་འདོད་པས་ཁ་བཏོན་བྱེད་པ་སོགས་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་བཏོན་བྱེད་པ་རྣམས་ཡིན་པའི་ཕྱིར། གསུམ་པ་བདུན་ཡོད་དེ། ཡུམ་ལ་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་དང༌། རྣམ་མཁྱེན་གྱི་རྒྱུ་ལ་མངོན་པར་ཞེན་པ་དད་པ་ཉམས་པ་དང༌། གྱ་ནོམ་པའི་ཡུམ་གྱི་རོ་མྱོང་བ་ཉམས་པ་དང༌། རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཡུམ་ཀུན་ཏུ་འཛིན་པ་ཉམས་པ་དང༌། ཡུམ་རྙེད་པ་དོར་ནས་དམན་པའི་སྡེ་སྣོད་ལས་རྣམ་མཁྱེན་འཚོལ་བ་རྟག་ཏུ་ཆེད་དུ་བྱ་བ་ཉམས་པ་དང་བཅུ་ཚན་དང་པོའོ།།དམན་པའི་སྡེ་སྣོད་ཀྱི་དོན་ཙམ་ཉམས་སུ་བླངས་པས་རྣམ་མཁྱེན་འཐོབ་པར་འདོད་པ་རྒྱུ་དང་འབྲས་བུ་འབྲེལ་བ་ཉམས་པ་དང༌། ཐེག་ཆེན་གྱི་སྡེ་སྣོད་དང་ཐེག[043B]དམན་གྱི་སྡེ་སྣོད་གཉིས་ཀ་འདྲ་བར་འཛིན་པ་གོང་ན་མེད་པ་སྐུ་གསུམ་གྱི་རྒྱུ་ལས་ཉམས་པ་དང་བདུན་ཡོད་པའི་ཕྱིར། བཞི་པ་བརྒྱད་ཡོད་དེ། གཟུགས་སྒྲ་སོགས་ཀྱི་ཡུལ་རྣམ་པ་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་བ་དང༌། ཡུམ་ཡི་གེར་འདྲི་བ་ཙམ་ལ་ཡུམ་དུ་མངོན་པར་ཞེན་པ་དང༌། རྟེན་འབྱུང་དངོས་པོ་མེད་པ་ལ་གནས་ལུགས་ཀྱི་དོན་དུ་ཞེན་པ་དང༌། ཡི་གེ་ལ་ཡུམ་དུ་མངོན་པར་ཞེན་པ་དང༌། ཡི་གེ་མེད་པ་ལ་ཡུམ་དུ་མངོན་པར་ཞེན་པ་དང༌། ཡུམ་གྱི་རོ་མྱོང་འདོད་ནས་ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་དང་བསྟོད་པའི་ཚིག་གིས་ཚིགས་སུ་བཅད་པའི་རོ་མྱོང་བ་དང༌། ལམ་མ་ཡིན་པ་བདུད་ཀྱིས་བསྟན་པའི་ཚིག་ཐབས་ལ་མཁས་པས་འཚོལ་བ་སྟེ་བརྒྱད་ཡོད་པའི་ཕྱིར། བཅུ་ཚན་གཉིས་པའོ།།རང་གཞན་གང་རུང་ལ་བརྟེན་པ་མཐུན་རྐྱེན་མ་ཚང་བ་ཉེར་གསུམ་ཡོད་དེ། སློབ་དཔོན་ལ་བརྟེན་པ་བཅུ་བཞི། རང་ཉིད་ལ་བརྟེན་པ་གཉིས། དཔོན་སློབ་གཉིས་ཀ་ལ་བརྟེན་པ་བདུན་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་བཅུ་བཞི་ཡོད་དེ། ཉན་པ་པོ་སྔ་མ་དང་འཆད་པ་པོ་ཕྱི་མ་རྣམས་དང་འབྲེལ་པ་དང༌། དེ་ལས་བཟློག་སྟེ་འབྲེལ་ན་ཡང་སྐྱོན་དུ་འགྱུར་བས་གང་ཡང་རུང་བ་དང་མངོན་པར་འབྲེལ་པས་ཉན་པ་པོ་འདུན་པ་ཆེ་བ་དང༌། འཆད་པ་པོ་སྙོམས་ལས་ཀྱིས་ཉམས་པ་དང༌། ཉན་པ་པོ་འདིར་ཉན་འདོད་འཆད་པ་པོ་གཞན་དུ་འཆད་འདོད་པས་འདུན་པའི་ཡུལ་ཐ་དད་པས་ཉམས་པ་དང༌།ཉན་པ་པོ་འདོད་པ་ཆུང་འཆད་པ་པོ་འདོད་པ་ཆུང་བ་མ་ཡིན་པ་ཉིད་ཀྱིས་ཉམས་པ་དང༌། ཉན་པ་པོ་སྦྱངས་ཡོན་དང་ལྡན་ཅིག་ཤོས་མི་ལྡན་པ་དང༌།ཉན་པ་པོ་དང་སོགས་དགེ་བ་དང་ཅིག་ཤོས་དགེ་བ་མ་ཡིན་པའི་ཆོས་ཉིད་དང་ལྡན་པ་དང༌། ཉན་པ་པོ་[044A]བདོག་པ་ཐམས་ཅད་གཏོད་བ་དང་ཅིག་ཤོས་དེ་ལ་སེར་སྣ་བྱེད་པ་དང༌། ཉན་པ་པོ་ནོར་སྦྱིན་པ་ཅིག་ཤོས་མ་ཡིན་པ་དང༌། ཉན་པ་པོ་འགོ་སྨོས་པས་གོ་ཅིག་ཤོས་རྣམ་པར་སྤྲོས་པས་གོ་བ་དང༌། ཉན་པ་པོ་མདོ་ལ་སོགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་ཆོས་མངོན་པར་ཤེས་ཅིག་ཤོས་མི་ཤེས་པ་དང༌། ཉན་པ་པོ་ཕར་ཕྱིན་དྲུག་དང་ལྡན་ཅིག་ཤོས་མི་ལྡན་པ་ཞེས་བྱ་བ་དང་བཅུ་ཚན་གསུམ་པའོ།།ཉན་པ་པོ་འཚང་རྒྱ་བའི་ཐབས་ལ་མཁས་ཅིག་ཤོས་མི་མཁས་པ་དང༌། ཉན་པ་པོས་མི་བརྗེད་པའི་གཟུངས་ཐོབ་ཅིག་ཤོས་མ་ཐོབ་པ་དང༌། ཉན་པ་པོ་ཡུམ་ཡི་གེར་འདྲི་འདོད་ཅིག་ཤོས་དེ་མ་འདོད་པ་དང༌། ཉན་པ་པོ་འདོད་པའི་འདུན་པ་སོགས་སྒྲིབ་པ་ལྔ་དང་བྲལ་ཅིག་ཤོས་དེ་དང་མ་བྲལ་བ་སྟེ་བཅུ་བཞི་ཡོད་པའི་ཕྱིར།གཉིས་པ་ལ་གཉིས་ཡོད་དེ། དམྱལ་བ་ལ་སོགས་མི་བསྔགས་པ་ཐོས་པས་གཞན་དོན་དུ་ངན་སོང་གི་འགྲོ་བ་ལ་ཡིད་ཕྱིར་ཕྱོགས་པ་དང༌། ལྷ་ལ་སོགས་པའི་བསྔགས་པ་ཐོས་པས་དེ་ལ་སྲེད་ཅིང་བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་སྟེ་གཉིས་ཡོད་པའི་ཕྱིར། འཆད་པ་པོ་སྔ་མ་དང་ཉན་པ་པོ་ཕྱི་མ་དང་འབྲེལ་པ་དང༌། དེ་ལས་བཟློག་སྟེ་འབྲེལ་ན་ཡང་སྐྱོན་དུ་འགྱུར་བས།འཆད་པ་པོ་གཅིག་བུ་ལ་དགའ་བ་དང༌། ཉན་པ་པོ་འཁོར་མང་པོ་ལ་དགའ་བ་དང་འཆད་པ་པོ་གཞན་རྗེས་སུ་འབྲང་བའི་གོ་སྐབས་མི་འབྱེད་པ་དང༌། ཉན་པ་པོ་གཞན་རྗེས་སུ་འབྲང་བར་འདོད་པ་དང༌། འཆད་པ་པོ་ཟང་ཟིང་ཅུང་ཟད་ཙམ་འདོད་པ་དང༌། ཅིག་ཤོས་དེ་སྦྱིན་པར་མི་འདོད་པ་དང༌། འཆད་པ་པོ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་སུ་འགྲོ་བ་དང༌། ཅིག་ཤོས་དེར་མི་འགྱུར་བའི་ཕྱོགས་སུ་འགྲོ་བར་འདོད་པ་དང་བཅུ་ཚན་བཞི་པའོ།།དེ་བཞིན་དུ་འཆད་པ་པོ་མུ་གེ་འབྱུང་བའི་ཕྱོགས་སུ་[044B]འགྲོ་བར་འདོད་པ་དང་ཅིག་ཤོས་དེར་མི་འགྲོ་བ་དང༌། འཆད་པ་པོ་ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་ཅིག་ཤོས་དེར་མི་འགྲོ་བ་དང༌། འཆད་པ་པོ་རང་ལ་བསོད་སྙོམས་སྟེར་བའི་ཁྱིམ་ཡང་ཡང་ལྟ་བས་ཡིད་བདེ་བ་དང་ཅིག་ཤོས་དེར་ཡིད་མི་བདེ་བ་དང་བདུན་ཡོད་པའི་ཕྱིར།གསུམ་པ་འགལ་རྐྱེན་གཞན་ལ་བརྟེན་པ་གསུམ་ཡོད་དེ། བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་ཡུམ་ནི་དེད་ཀྱི་སྡེ་སྣོད་ལས་བྱུང་བ་བཞིན་ཡིན་གྱིས༑ རྒྱས་འབྲིང་བསྡུས་གསུམ་ནས་འབྱུང་བ་མ་ཡིན་ནོ།།ཞེས་ཆོས་དང་གང་ཟག་ལ་དབྱེན་བྱེད་པ་བདུད་ཀྱིས་འབྱེད་པའི་སྦྱོར་བ་དང༌།མི་སྡུག་བ་སྒོམ་པ་སོགས་གནས་ལུགས་ཀྱི་དོན་སྒོམ་པར་སྟོན་པ། ཡུམ་བཅོས་མ་ཉེ་བར་སྒྲུབ་པ་དང༌། བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་འོངས་པ་ལ་དད་པ་སྐྱེ་བ་དང༌། དད་པའི་ཡུལ་སྟོན་པ་ཇི་ལྟ་བ་བཞིན་མ་ཡིན་པ་ལ་དགའ་བ་བསྐྱེད་པ་ཞེས་བྱ་བ་གསུམ་དང༌། སྦྱོར་བའི་སྐྱོན་བཞི་བཅུ་རྩ་དྲུག་གོ །ཇི་སྐད་བཤད་པའི་སྐྱོན་དེ་དག་དང་བྲལ་བའི་སྒོ་ནས་དཔོན་སློབ་ཚོགས་པར་བྱས་ན་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ཇི་ལྟ་བ་བཞིན་འབྱུང་བས་བཤེས་གཉེན་བསྟེན་ཚུལ་ཡང་དོན་གྱིས་བསྟན་ནོ།།རྒྱས་པར་ནི་གོ་སླ་བར་དགོངས་ནས་རྩ་བས་དངོས་སུ་མ་བསྡུས་པ་སློབ་དཔོན་གྱིས་གསུངས་པ་བཀོད་པའོ།།གཉིས་པ་སྦྱོར་བའི་མཚན་ཉིད་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།།དང་པོ་ནི། སྐབས་འདིར་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད་བཤད་པ་ལ་དགོངས་པ་དང་བཅས་ཏེ། མཚོན་བྱེད་གང་གི་ལམ་ཤེར་ཕྱིན་གྱིས་མ་ཚོན་ནུས་པ་དེའི་མཚན་ཉིད་དུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འདིར་བསྟན་མཚན་ཉིད་དེ་ཡང་རྣམ་པ་[045A]གསུམ་དུ་དབྱེར་ཡོད་དེ། མཁྱེན་གསུམ་དུ་སྦྱོར་བ་མཚོན་བྱེད་ཤེས་པའི་མཚན་ཉིད། ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བར་མཚོན་བྱེད་ཁྱད་པར་གྱི་མཚན་ཉིད། གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བ་མཚོན་པར་བྱེད་པའི་མཚན་ཉིད་དེ་དེ་རྣམས་ཡོད་པའི་ཕྱིར། སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་བསྟན་པ་ལ་དགོས་པ་དང་བཅས་ཏེ། སྦྱོར་བའི་ངོ་བོ་བདག་ཉིད་གང་མཚོན་པར་བྱ་བའི་མཚོན་བྱ་དང་མཚན་ཉིད་ཡང་སྦྱོར་བའི་མཚན་ཉིད་ཀྱི་སྒྲས་བསྟན་པའི་སྒོ་ནས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་བཞི། ཤེས་པ། ཁྱད་པར། བྱེད་པ། ངོ་བོ་ཉིད་ཀྱི་མཚན་ཉིད་དོ།།དང༌༈ པོ་ལ་གསུམ། གཞི་ཤེས།ལམ་ཤེས། རྣམ་མཁྱེན་སྦྱོར་བའི་མཚན་ཉིད་དོ།།དང་པོ་ནི། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་གཞི་ཤེས་པའི་སྦྱོར་བའི་མཚན་ཉིད་བསྡུས་པ་འདི་ཡིན་ཏེ། ཉོན་མོངས་རྟག་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཞི་པོ་རྣམས་མཚན་གཞི། སེམས་དཔའི་རྒྱུད་ཀྱི་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བར་མཚོན། གང་གིས་ན་སྦྱོར་བའི་ངོ་བོར་གྱུར་པའི་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གི་མཚན་ཉིད་ཀྱིས་མཚོན་བྱ་མཚོན་པ་དང་ཇི་ལྟ་བ་བཞིན་དུ་མཚོན་པའི་ཕྱིར༑ མཚན་ཉིད་དེ་དག་ཀྱང་ཡོད་དེ། གཞི་ཤེས་སྦྱོར་བའི་ཤེར་ཕྱིན་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པའི་སེམས་དཔའི་ཡེ་ཤེས་དང༌། འཇིག་རྟེན་དོན་དམ་པར་འཇིག་པ་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་ཟིན་པ་མི་སེམས་དཔའི་ཡེ་ཤེས་ཀྱི་བདག་ཉིད་དང༌། སེམས་ཅན་གྱི་སེམས་ཀྱི་སྦྱོད་པ་དུ་མ་ཤེས་པ་དང༌། གང་ཟག་གི་བདག་མེད་པ་དེ་ལ་སེམས་བསྡུས་པ་དང༌། དེ་ལ་སེམས་ཅན་ཕྱིར་བལྟས་པ་སྟེ་རྣམ་པར་གཡེང་བ་དང༌། ནམ་མཁའ་[045B]དང་འདྲ་བར་སེམས་མི་ཟད་པའི་རྣམ་པ་དང༌། སེམས་འདོད་ཆགས་དང་བཅས་པ་དང༌། ཞེ་སྡང་དང་བཅས་པ་དང༌། གཏི་མུག་དང་བཅས་པ་དང༌། སོགས་པས་བསྡུས་པ་སེམས་འདོད་ཆགས་དང་བྲལ་བ་དང༌། ཞེ་སྡང་དང་གཏི་མུག་དང་བྲལ་བ་ཤེས་པའི་སེམས་དཔའི་ཡེ་ཤེས་དང༌། སེམས་ཀྱི་གནས་ལུགས་རྒྱ་ཆེན་པོ་དང༌། ཐ་སྙད་དུ་སྒྱུ་མ་ལྟ་བུར་སྣང་བས་སེམས་ཆེན་པོར་གྱུར་པ་དང༌། དོན་དམ་པར་སོ་སོར་ངེས་པའི་རྟེན་མེད་པས་སེམས་ཚད་མེད་པ་དང༌།དབང་པོའི་རྣམ་ཤེས་ལ་འདིའོ་ཞེས་སེམས་བསྟན་དུ་མེད་པ་དང༌། སྤྱན་ལྔས་སེམས་བལྟར་མེད་པ་དང༌། ཤེས་པ་སེམས་དེ་གཡོ་བ་ལ་སོགས་པས་འདུ་བ་དང༌། བཀྲམ་པ་དང༌། བཅུམ་པའི་ལྟ་བ་རྣམས་འཁྲུལ་གཞི་ཕུང་པོ་ལ་བརྟེན་ནས་འབྱུང་ཞིང་གང་ཟག་གིས་བདག་མེད་པར་རྟོགས་པའི་སེམས་དཔའི་ཡེ་ཤེས་ཞེས་བྱ་བ་དང༌། དེ་ལས་གཞན་ཡང་གཡོ་བ་ལ་སོགས་པའི་སེམས་དེ་དག་ནི། བདེན་པས་སྟོང་པའི་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པའི་སེམས་དཔའི་ཡེ་ཤེས་དང༌། ཐུབ་པས་དེ་བཞིན་ཉིད་རྟོགས་པ་སྟེ། གཞན་ལ་བསྟན་ཅིང་བརྟག་པ་ཞེས་བྱ་བར་རྟོགས་པའི་སེམས་དཔའི་ཡེ་ཤེས་ཞེས་བྱ་བ་འདི་རྣམས་ཀྱི་རང་བཞིན་ནི། སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱིས་ནི་ཤེས་པའི་མཚན་ཉིད་འདི་ཡིན་པར་བཞེད་དེ། སེམས་དཔའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅོ་ལྔ་མཚན་གཞི་ལམ་ཤེས་སྦྱོར་བར་མཚོན། གང་གིས་ན་གོང་དུ་བཤད་པ་འདི་རྣམས་ཀྱི་ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་གིས་བསྡུས་པའི་སེམས་དཔའི་ཡེ་ཤེས་གྱི་ཚ་རེག་གིས་མེ་མཚོན་པ་བཞིན་དུ་མཚོན་པའི་ཕྱིར། མཚན་ཉིད་དེ་དག་ཀྱང་ཡོད་དེ། ལམ་ཤེས་པའི་ཤེར་ཕྱིན་ལ་བརྟེན་ནས་[046A]བདེན་པར་གྲུབ་པའི་ངོ་པོས་སྟོང་པ་ཉིད་དང༌། རྒྱུའི་མཚན་མ་མེད་པ་དང་བཅས་པ་དང༌། འབྲས་བུ་ལ་སྨོན་པ་རྣམ་པར་སྤངས་པ་སྟེ་མེད་པར་ཤེས་པའི་སེམས་དཔའི་ཡེ་ཤེས་དང༌། དོན་དམ་པར་སྐྱེ་བ་མེད་པ་དང༌། འགགས་པ་མེད་པ་དང༌། སོགས་པའི་སྒྲས་བསྡུས་པ་ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པ་དང༌། དད་སོགས་ཀྱི་རྣམ་པར་བྱང་བ་མེད་པ་དང༌། དོན་དམ་པར་སྤང་བྱའི་དངོས་པོ་མེད་པ་དང༌།རང་བཞིན་གྱིས་གྲུབ་པའི་ངོ་བོ་ཉིད་དང༌། དོན་དམ་པར་གྲུབ་པའི་རྟེན་མེད་པ་དང༌། དེ་བཞིན་ཉིད་ཀྱི་རང་བཞིན་ནམ་མཁའི་མཚན་ཉིད་དེ་དྲུག་རྟོགས་པའི་སེམས་དཔའི་ཡེ་ཤེས་དང༌། དོན་དམ་པར་སྐྱེ་བ་མེད་པ་དང༌། གཞན་དུ་མི་འགྱུར་བས་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་དང༌། བློ་སྔོན་དུ་བཏང་ནས་འདུ་མི་བྱེད་པ་དང༌། མཚན་ཉིད་དང༌། མཚན་གཞིའི་དབྱེ་བ་བདེན་པར་མ་གྲུབ་པར་རྣམ་པར་མི་རྟོག་པ་དང༌། རབ་ཏུ་དབྱེ་བ་དང༌། མཚན་ཉིད་དེ་ཡང་མཚན་ཉིད་མེད་པ་ཉིད་ཅེས་བྱ་བར་ཤེས་པའི་སེམས་དཔའི་ཡེ་ཤེས་རྣམས་ནི་ལམ་ཤེས་སྦྱོར་བའི་མཚན་ཉིད་ཡིན་པའི་ཕྱིར། དེ་དག་རེ་རེ་ནས་མཚན་ཉིད་ཀྱི་དོན་ལྡོག་ཏུ་སྟོན་པ་མ་ཡིན་གྱི། གང་མཚན་ཉིད་དུ་བཞེད་པ་དེ་ཉིད་ཀྱི་དབྱེ་བའི་ཡ་གྱལ་ཡིན་ནོ།།གསུམ་པ་ནི། རྣམ་ཀུན་མཁྱེན་པའི་ཚུལ་གྱི་སྐབས་ལ་ནི། རྣམ་མཁྱེན་སྦྱོར་བའི་ཤེས་པའི་མཚན་ཉིད་འདི་ཡིན་ཞེས་བཤད་པ་ཡིན་ཏེ། སེམས་དཔའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བདུན་མཚན་གཞི། རྣམ་མཁྱེན་སྦྱོར་བར་མཚོན། གང་གིས་མཚོན་ན་གོང་དུ་བཤད་པ་འདི་རྣམས་ཀྱི་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་བསྡུས་བའི་སེམས་དཔའི་ཡེ་ཤེས་ཀྱིས་ཚ་རེག་གིས་མེ་མཚོན་པ་ཇི་ལྟ་བ་[046B]བཞིན་དུ་མཚོན་པའི་ཕྱིར། མཚན་ཉིད་དེ་དག་ཀྱང་ཡོད་དེ།རྣམ་མཁྱེན་གྱི་སྦྱོར་པ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་ལ་མངོན་པར་བརྟེན་ནས་མཐོང་ཐོས་ལ་བདེ་བར་གནས་པའི་སེམས་དཔའི་ཡེ་ཤེས་དང༌། དགེ་བའི་བཤེས་གཉེན་ལ་གུས་པར་བྱ་བ་དང༌། བཀའ་ལས་མི་འདའ་བར་བླ་མར་བྱ་བ་ཉིད་དང༌། རྙེད་བཀུར་གྱིས་མཉེས་པར་བྱ་བ་དང༌། དེ་ནས་མེ་ཏོག་སོགས་ཀྱིས་མཆོད་པ་དང༌། དོན་དམ་པར་བྱེད་པ་མེད་པ་ཉིད་ཤེས་པ་དང༌། ཀུན་ཏུ་འཇུག་པའི་མཁྱེན་པ་གང་ཡིན་པ་དང༌། དོན་དམ་པར་གང་དུ་ཡང་མ་མཐོང་བའི་དོན་དེ་ཁོ་ན་ཉིད་དུ་སྟོན་པར་མཛད་པ་དང༌། འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་པ་དང༌། གདུལ་བྱ་ལ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་དང༌། འཇིགརྟེན་སྟོང་པ་ཉིད་དུ་འཇིག་རྟེན་པའི་སྒོམ་བྱུང་གིས་ཤེས་པར་མཛད་པ་དང༌། གདུལ་བྱས་འཇིག་རྟེན་སྟོང་པ་ཉིད་དུ་མངོན་སུམ་དུ་མཐོང་བར་མཛད་པ་དང༌། ཆོས་ཉིད་རྟོགས་པའི་བློས་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པ་དང༌། དོན་དམ་པའི་སྤྲོས་པ་ཉེ་བར་ཞི་བ་ཉིད་དུ་སྟོན་པ་དང༌། འཇིག་རྟེན་དེ་ཁོ་ནར་གྲུབ་པ་འགོག་པ་དང༌། འཇིག་རྟེན་འདི་དང་ཕ་རོལ་ལ་དོན་དམ་པར་བླང་དོན་གྱི་འདུ་ཤེས་འགོག་པ་ཞེས་བྱ་བ་ཤེས་པའི་སེམས་དཔའི་ཡེ་ཤེས་རྣམས་རྣམ་མཁྱེན་སྦྱོར་བའི་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ཁྱད་པར་གྱི་མཚན་ཉིད་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ།།དང་པོ་ནི། འོག་ནས་འཆད་པའི་བསམ་གྱིས་མི་ཁྱབ་སོགས་ཁྱད་པར་གྱི་མཚན་ཉིད་བཤད་པ་ཡིན་ཏེ། དེ་ཡང་ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་པར་མཚོན་པའི་བདེན་པའི་སྤྱོད་ཡུལ་ཅན་སྐད་ཅིག་མ་ནི་བཅུ་དྲུག་གིས་བཤད་པའི་ཕྱིར། གཉིས་པ་ནི། ལམ་ཤེས་དང་རྣམ་མཁྱེན་སྦྱོར་བས་བསྡུས་པའི་གང་གི་[047A]ལམ་ནི་ཁྱད་པར་གྱི་ལམ་ཡིན་ཏེ། ཉན་རང་གི་ལམ་གཞན་དག་ལས་ཁྱད་པར་དུ་འཕགས་པའི་ཕྱིར། གང་གིས་ཁྱད་པར་དུ་འཕགས་ན། ཁྱད་པར་ནི་བདེན་པ་བཞིའི་ཡུལ་ཅན་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་ཀྱིས་ཤེས་པར་བྱ་བ་སྟེ་ཡིན་པའི་ཕྱིར། དེ་དག་ཀྱང་ཡོད་དེ། བདག་རྐྱེན་སངས་རྒྱས་བྱང་སེམས་ལ་སོགས་པས་ཡོངས་སུ་གཟུང་བའི་ཤེས་རབ་ཀྱིས་སྡུག་བསྔལ་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཁོང་དུ་ཆུད་པ་དང༌། དཔེ་མེད་པས་མི་མཉམ་པ་ཉིད་དང༌། ཐ་སྙད་པའི་ཚད་མས་གཞལ་བ་ལས་ཡང་དག་པར་འདས་པ་དང་གྲངས་སོགས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པའི་ཆོས་ཉིད་རྟོགས་པའི་ཤེས་བཟོད་སྐད་ཅིག་མ་བཞི་དང་ཀུན་འབྱུང་གི་ཡུལ་ཅན་བཞི་ནི་འཕགས་པའི་གང་ཟག་ཀུན་གྱི་ཡོན་ཏན་ཐམས་ཅད་བསྡུས་པ་དང༌། ཇི་ལྟ་ཇི་སྙེད་ཤེས་པའི་སྐྱེས་བུས་མཁས་པ་ཡི་རིག་པར་བྱ་བ་ཤེས་པ་དང༌། ཉན་ཐོས་སོགས་དང་ཐུན་མོང་མིན་པའི་དངོས་པོ་ཟབ་པ་དང༌།རྒྱ་ཆེ་བ་ཡོངས་སུ་ཤེས་པ་ཉིད་དང༌། ཐེག་ཆེན་རང་ལུགས་ལ་བལྟོས་པའི་མངོན་པར་ཤེས་པ་ཤིན་ཏུ་མྱུར་བ་ཞེས་པ་བཞི་ནི། ཀུན་འབྱུང་ཤེས་བཟོད་བཞི་ཁྱད་གཞིར་བྱས་ནས་ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་པའི་མཚོན་བྱེད་དོ།།འགོག་པའི་ཡུལ་ཅན་བཞི་ནི་བདག་རྐྱེན་ལ་བརྟེན་པའི་ཆོས་ཐམས་ཅད་དོན་དམ་པར་བྲི་བ་དང་གང་བ་མེད་པའི་ངོ་བོར་རྟོགས་པ་དང༌། དོན་དམ་པར་འཁོར་གསུམ་རྣམ་པར་དག་པས་སྦྱིན་སོགས་རབ་ཏུ་བསྒྲུབ་པ་དང༌། གུས་པ་དང་རྒྱུན་མ་ཆད་པའི་སྦྱོར་བས་བསྐལ་པ་དུ་མར་བསྒྲུབ་པའི་ཚོགས་གཉིས་ཡང་དག་པར་འགྲུབ་པ་དང༌། ཐབས་ཀྱིས་ཟིན་པའི་རྣམ་པར་མི་རྟོག་པར་ཆོས་ཐམས་ཅད་ལ་དམིགས་པའི་ཡེ་ཤེས་ནི་འགོག་པ་ཤེས་བཟོད་བཞི་ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་[047B]པར་མཚོན་པའོ།།ལམ་ཤེས་ཀྱི་ཡུལ་ཅན་བཞི་ནི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ལམ་གྱི་རྟེན་རིགས་དང་ལྡན་པ་དང་བཅས་པ་དང༌། སྨོན་ལམ་སོགས་ཕར་ཕྱིན་བཅུ་མཐའ་དག་ཡོངས་སུ་རྫོགས་པའི་རྒྱུ་ཚོགས་པ་དང་ལྡན་པ་དང༌། ལམ་རྫོགས་པར་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པ་དང༌། འཁོར་འདས་ཀྱི་ཆོས་གང་ལ་ཡང་བདེན་པར་མངོན་པར་ཞེན་པའི་རོ་མྱོང་བ་མེད་པ་བཞི་ནི་ཐེག་ཆེན་གྱི་ལམ་ཤེས་བཟོད་པ་བཞི་ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་པར་མཚོན་པའོ།།དེ་ཡང་ཐེག་ཆེན་གྱི་མཐོང་ལམ་ཉན་རང་གི་ལམ་ལས་ཁྱད་ཞུགས་པར་བསྒྲུབ་པའི་ཆེད་དུ་ཁྱད་ཆོས་དང་ལྡན་པར་དངོས་བསྟན་གྱི་ཉན་རང་གི་སྦྱོར་བ་དེ་དག་གི་ལམ་འདིར་དངོས་སུ་མི་སྟོན་པའི་རྒྱུ་མཚན་ཡོད་དེ།།གོ་སླ་བ་ལ་དགོངས་པའི་ཕྱིར། གསུམ་པ་བྱེད་པའི་མཚན་ཉིད་ལ། སྦྱོར་བའི་ངོ་བོ་བཅུ་གཅིག་བོ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་མཚོན་པར་བྱེད་པའི་མཚན་ཉིད་ཡིན་ཏེ། མཚོན་ཚུལ་ཡང་ཚ་རེག་གིས་མེ་མཚོན་པ་ཇི་ལྟ་བ་བཞིན་དུ་མཚོན་པའི་ཕྱིར། ངོ་བོ་གང་ཞེ་ན།གཞི་ཤེས་སྦྱོར་བའི་བྱེད་མཚན་ཡོད་དེ། སེམས་ཅན་རྣམས་ཐར་པའི་ལམ་ལ་འགོད་པ་ཕུགས་སུ་ཕན་པ་དང༌། སྡུག་བསྔལ་དང་ཡིད་མི་བདེ་ཞི་བ་སོགས་ཚེ་འདིའི་བདེ་བ་དང༑ འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཅིང༌། སླར་ཡང་མི་སྨིན་པར་བྱེད་པ་གསུམ་ཡིན་པའི་ཕྱིར། ལམ་ཤེས་སྦྱོར་བའི་བྱེད་མཚན་ཡོད་དེ།གཏན་དུ་ཕན་པའི་མྱང་འདས་ལ་འགོད་པའི་མི་ལ་སོགས་པ་རྣམས་ཀྱི་ནི་སྐྱབས་དགགི་བྱེད་པ་དང༌། སྡུག་བསྔལ་གྱི་རྒྱུ་བཟློག་པའི་གོ་འཕང་ལ་འགོད་པ་གནས་ཀྱི་བྱེད་པ་དང༌། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པ་ལ་འགོད་པ་དཔུང་གཉེན་གྱི་བྱེད་པ་དང༌། སྲེད་པའི་བརླན་དང་བྲལ་བའི་ཐར་པ་ལ་འགོད་པས་[048A]རང་གཞན་གྱི་དོན་རྟོགས་པའི་གླིང་གི་བྱེད་པ་དང༌། གནས་སྐབས་དང་མཐར་ཐུག་གི་གཞན་དོན་བསྒྲུབ་པ་ཡོངས་འདྲེན་གྱི་བྱེད་པ་ཞེས་བྱ་བ་དང༌། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འཇུག་པའི་བྱེད་པ་དང༑ ཐེག་པ་གསུམ་གྱི་ངེས་པར་འབྲས་བུ་དུས་མ་ཡིན་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་བདག་ཉིད་བདུན་པོ་ཡིན་པའི་ཕྱིར། རྣམ་མཁྱེན་སྦྱོར་བའི་བྱེད་མཚན་ཡོད་དེ། ཐ་མ་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཆོས་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ཉེ་བར་བསྒྲུབ་པའི་དོན་གྱི་རྣམ་མཁྱེན་སྦྱོར་བ་ལ་ནི་འཇིག་རྟེན་གྱི་མཛད་པ་གཅིག་སྟེ་བྱེད་པ་བཅུ་གཅིག་ཡོད་པའི་ཕྱིར། བཞི་པ་ངོ་བོ་ཉིད་མཚན་ལ། མཁྱེན་གསུམ་སྦྱོར་བའི་ངོ་བོ་ཉིད་བཅུ་དྲུགགི་བདག་ཉིད་ནི་ཆོས་ཅན། འདི་མཚོན་པར་བྱ་བས་ན་མཚན་ཉིད་བཞི་པ་ངོ་བོ་ཉིད་མཚན་དུ་བཞེད་པ་ཡིན་ཏེ། མཚོན་ཚུལ་ཡང་མཚོན་བྱ་ལྟ་བུར་མཚོན་པའི་ཕྱིར། དེ་ཡང་ཡོད་དེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤང་བ་དང༌། དེའི་རྟགས་ལུས་ཀྱི་གནས་ངན་ལེན་སྤང་བ་དང༌། དེའི་རྒྱུའི་མཚན་མ་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་སོགས་སྤོང་བ་དང༌། ཆགས་སོགས་ཀྱིས་མི་མཐུན་ཕྱོགས་དང་ཆགས་སོགས་མེད་པ་སོགས་གཉེན་པོ་དག། བླང་དོར་གྱི་རྣམ་གཞག་གིས་དབེན་པ་སྟེ་སྟོང་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བའི་ངོ་བོ་ཉིད་བཞི་དང༌། དོན་དམ་པར་མེད་པའི་སེམས་ཅན་ཐ་སྙད་དུ་མྱ་ངན་ལས་འདའ་དཀའ་བ་བསྒྲུབ་པའི་སྦྱོར་བ་དང༌། ཐེག་པ་གཞན་དུ་མི་ལྟུང་བར་མཐའ་གཅིག་ཏུ་འཚང་རྒྱ་བར་ངེས་པ་བསྒྲུབ་པའི་སྦྱོར་བ་དང༌། ཡུན་རིང་པོ་ནས་བསྒྲུབ་པར་བྱ་བ་ཆེད་དུ་བྱ་བ་ཆེན་པོ་གསུམ་བསྒྲུབ་པའི་སྦྱོར་བ་དང༌། སྒོམ་པ་དང་སྒོམ་པ་པོའི་ཆོས་དོན་དམ་པར་མི་དམིགས་པར་རྟོགས་པ་སྦྱོར་བ་[048B]དང༑ བདེན་པར་མངོན་པར་ཞེན་པ་མཐའ་དག་བཀག་པའི་སྦྱོར་བ་ཞེས་བྱ་བ་ནི་ལམ་ཤེས་པའི་སྦྱོར་བའི་ངོ་བོ་ཉིད་ལྔ་དང༌།ཐམས་ཅད་ཤེས་པ་ཉིད་དང༌། ལམ་ཤེས་པ་ཉིད་ཀྱི་ཡུལ་དུ་བསྡུས་པའི་དང་པོའི་ཁྱད་པར་གཞི་ལམ་ལ་དམིགས་པ་ཞེས་བྱ་བ་གང་ཡིན་པ་དང༌། དངོས་པོ་དང་དངོས་མེད་དམ་བདེན་པར་ཞེན་པ་ལ་སོགས་པ་ལས་ལོག་སྟེ་བསྟན་པས་བྱིས་པ་མི་མཐུན་པ་དང༌། གཟུགས་ལ་སོགས་པ་རྣམས་ལ་ཐོགས་པ་མེད་བར་ཤེས་པ་དང༌། ཤེས་དང་ཤེས་པ་དེ་དོན་དམ་པར་མི་དམིགས་བས་འཁྲུལ་གཞི་བདེན་པར་མེད་པ་དང༌། བདེན་པས་སྟོང་པས་དོན་དམ་པར་གང་དུ་ཡང་འགྲོ་བ་མེད་པ་དང༌། གཟུགས་སོགས་དོན་དམ་པར་མེད་པས་སྐྱེ་བ་མེད་པ་དང༌། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་གསུམ་གྱི་དེ་བཞིན་ཉིད་ནི་དོན་དམ་པར་མི་དམིགས་པར་རྟོགས་པའི་སྦྱོར་བ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བའི་ངོ་བོ་ཉིད་བདུན་ཏེ་བཅུ་དྲུག་རྣམས་སུ་ཡོད་པའི་ཕྱིར། དེ་ལྟར་སྤྱིར་སྡོམ་ན་སྦྱོར་བའི་མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་ཡོད་དེ། ཤེས་ཞེ་བརྒྱད། ཁྱད་མཚན་བཅུ་དྲུག། བྱེད་མཚན་བཅུ་གཅིག །ངོ་བོ་ཉིད་མཚན་བཅུ་དྲུག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ཐར་པ་ཆ་མཐུན་ནས་བཟུང་སྟེ། རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ལ་གསུམ། བསྐལ་པ་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་ཐོག་མ་བཤད་པའི་སྒོ་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང་བ་དང༌། རྒྱུད་སྨིན་བྱེད་ཀྱི་ལམ་སྐྱེ་བའི་རིམ་པ་བཤད་པ་དང༌། དེ་ལ་བརྟེན་ནས་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པའོ།།དང་པོ་ལ་གཉིས། ལམ་སྤྱིའི་མཚན་ཉིད་དང༌། ལམ་གྱི་འཆིངས་ལྔར་བསྡུས་ནས་དེ་ལ་མཁས་པའི་རྒྱན་གྱི་གདུལ་བྱ་ངོས་བཟུང་བའོ།།དང་པོ་ནི།རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་སྟོན་པའི་སྐབས་འདི་ལ་བསྐལ་པ་[049A]གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་འགོ་རྩོམ་པའི་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དེ། དོན་དམ་པར་མཚན་མ་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་རབ་ཏུ་སྦྱིན་པ་ལ་སོགས་པ་ནས་རྣམ་མཁྱེན་ལ་ཐུག་གི་བར་རང་རྒྱུད་ལ་ཡང་དག་པར་བསྒྲུབ་པ་ལ་མཁས་པའི་གང་ཟག་གི་རྒྱུད་ཀྱི་ཆོས་མངོན་རྟོགས་ཡིན་པར་ནི་འདོད་པའི་ཕྱིར། གཉིས་པ་ལ་གཉིས། ལམ་སྤྱིའི་འཆིངས་ལ་མཁས་པའི་ཚད། དེ་ལ་མཁས་པའི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང་བའོ།།དང་པོ་ནི། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཡུལ་རྣམ་པ་ལྔ་ལ་མཁས་པ་ཡིན་ཏེ། སངས་རྒྱས་སོགས་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ལ་དམིགས་པའི་དད་པ་དང༌། སྦྱིན་སོགས་ཕར་ཕྱིན་དྲུག་སྤྱོད་ཡུལ་དུ་བྱེད་པའི་སྤྲོ་བའི་བརྩོན་འགྲུས་དང༌། བསམ་པ་ཕུན་སུམ་ཚོགས་པ་སེམས་བསྐྱེད་ཀྱིས་བསྡུས་པའི་དྲན་པ་དང༌། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང༌།ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་དང་ཡུལ་རྣམ་པ་ལྔ་ལ་མཁས་པའི་ཕྱིར། དེ་ཡང༌། སངས་རྒྱས་སོགས་དམིགས་དད་པ་དང༌། ཞེས་པས་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་བསྟན་པའི་སྒོ་ནས་ཐེག་ཆེན་གྱི་ལམ་གྱི་རྩ་བ་ངོས་བཟུང་བའི་ཆེད་དུ་དད་པ་ལ་མཁས་པ་དང་པོར་བསྟན། བསམ་པ་ཕུན་ཚོགས་དྲན་པ་དང༌།།ཞེས་པས་རྣམ་མཁྱེན་ཡང་ནས་ཡང་དུ་དྲན་པའི་དྲན་པས་ཁྱད་པར་དུ་བྱས་པའི་ཐེག་ཆེན་སེམས་བསྐྱེད་ཐེག་ཆེན་ལམ་གྱི་འཇུག་སྒོར་བསྟན། སྤྱིན་སོགས་སྤྱོད་ཡུལ་བརྩོན་འགྲུས་དང༌། ཞེས་པས་སེམས་བསྐྱེད་ནས་སྤྱོད་པ་སྤྱི་ལ་བསླབ་ཚུལ་བསྟན། ཁྱད་པར་ཕར་ཕྱིན་ཐ་མ་གཉིས་ལ་སློབ་ཚུལ་གྱི་བསམ་གཏན་ལ་སློབ་ཚུལ་དེ། རྣམ་པར་མི་རྟོག་ཏིང་འཛིན་དང༌།།ཞེས་པས་བསྟན། ཤེར་ཕྱིན་ལ་སློབ་ཚུལ་[049B]དེ༑ ཆོས་རྣམས་རྣམ་པ་ཐམས་ཅད་དུ། ཤེས་པའི་ཤེས་རབ་དང་རྣམ་ལྔ། ཞེས་པས་བསྟན། གཉིས་པ་ནི། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་དབང་པོའི་རིམ་པ་གཉིས་སུ་ཡོད་དེ། རྫོགས་པའི་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོས་རྟོགས་ཤིང་ཐོབ་སླ་བ་དང༌། རྟུལ་པོས་རྟོགས་དཀའ་བར་བཞེད་པ་ཡིན་པའི་ཕྱིར། ཤུགས་ལ་དད་སོགས་འབྲིང་ལ་གནས་པ་རང་རྒྱལ་ཚོགས་ལམ་པས་རང་རྒྱལ་གྱི་བྱང་ཆུབ་རྟོགས་ཤིང་ཐོབ་པ་དང༌། དང་སོགས་ཆུང་ངུ་ལ་གནས་པའི་ཉན་ཐོས་ཚོགས་ལམ་པས་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་ཤིང་ཐོབ་པར་བསྟན་ནོ།།གཉིས་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་དྲོ་བ་གསུམ་པོ་རྣམས་ཀྱི་དམིགས་པ་སྐབས་འདིར་སེམས་ཅན་ཐམས་ཅད་ཡིན་པར་བསྔགས་ཤིང་མདོ་ལས་བརྗོད་པ་ཡིན་ཏེ། སེམས་ཅན་དེ་དགཉིད་ལ་དམིགས་ནས་བཏང་སྙོམས་ཀྱི་སེམས་མཉམ་པར་ལྟ་བ་དང༌།སོགས་པས་ཡིད་འོང་གི་རྣམ་པ་ཅན་གྱི་བྱམས་པ་དང༌། ཕན་པ་དང༌།ཁོང་ཁྲོ་བ་མེད་པ་དང༌། རྣམ་པར་འཚེ་བ་མེད་པའི་སེམས་རྣམ་པ་ལྔ་དང༌། སྐྱེས་པ་དང་བུད་མེད་རྒན་པ་ལ་ཕ་མའི་སེམས་དང༌། གཞོན་པ་ལ་བུ་དང་བུ་མོའི་སེམས་དང༌། མཉམ་པ་ལ་སྤུན་དང་སྲིང་མོའི་སེམས་དང༌། ཕན་ཚུན་མཐུན་པ་ཤེས་པ་དང་ཡིད་བརྟེན་པ་གྲོགས་ཀྱི་སེམས་དང༌། རུས་གཅིག་པ་ལ་གཉེན་དང༌། མི་གཅིག་པ་ལ་སྣག་གི་བསྙེན་མཚམས་ཀྱི་སེམས་རྣམ་པ་ལྔ་སྟེ་རྣམ་པ་དག་ནི་བཅུར་མདོ་ལས་བཤད་པའི་ཕྱིར། རྩེ་མོར་གྱུར་པ་ཡང་སེམས་ཅན་ཐམས་ཅད་ལ་དམིགས་པ་ཡིན་ཏེ། རྩེ་མོ་ལ་གནས་པ་བདག་ཉིད་སྡིག་པ་མི་དགེ་བ་བཅུ་ལས་ལྡོག་ཅིང་སྦྱིན་པ་ལ་སོགས་པ་ལ་གནས་པས་སེམས་ཅན་གཞན་དག་པ་ལ་ནི་འགོད་པ་གཉིས་དང༌། མ་བསྐུལ་བར་ཞུགས་པ་ལ་བསྔགས་པ་བརྗོད་པ་དང༌། མཐུན་པར་བྱེད་པ་ལ་དགའ་བ་སྒོམ་པ་ཉིད་རྣམ་པ་གཉིས་ཀྱིས་དམིགས་[050A]པའི་ཕྱིར། དེ་བཞིན་དུ་བཟོད་པ་ནི་སེམས་ཅན་ཐམས་ཅད་ལ་དམིགས་པ་ཡིན་ཏེ། བདེན་བཞི་ཤེས་པ་ལ་རྣག་གནས་ནས་སེམས་ཅན་གཞན་གྱི་རྟེན་ཅན་དེ་ལ་འགོད་པ་དམིགས་པའི་ཕྱིར། ཆོས་མཆོག་ཀྱང་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དམིགས་པ་ཡིན་ཏེ། སེམས་ཅན་རྣམས་སྨིན་པར་བྱེ་དཔ་དང༌། སོགས་པས་གྲོལ་བར་བྱེད་པ་སོགས་ཀྱིས་དམིགས་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་དེ་ལ་བརྟེན་ནས་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ལ་གཉིས། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་བཤད་པ་དང༌། སྐུ་གསུམ་འགྲུབ་བྱེད་ཀྱི་ལམ་ཁྱད་པར་ཅན་བཤད་པའོ།།དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།།དང་པོ་ནི། ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་རྣམས་པ་གསུམ་ཡོད་དེ། དབང་གཞན༌༈པོའི་རྒྱུད་ཀྱི་ངེས་འབྱེད་ཡན་ལག་ནས་བཟུང་སྟེ་མཐོང་བ་དང་ནི་སྒོམ་པ་སྟེ་སྒོམ་པའི་ལམ་དག་གསུམ་ལ་བྱང་ཆུབ་སེམས་དཔའ་གང་དག་གནས་པ་གསུམ་པོ་དེ་འདིར་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པའི་ཕྱིར། གཉིས་པ་གསུམ། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་དང༌། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་དང༌། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པའོ༑༑དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།།དང་པོ་ནི། ངེས་པར་འབྱེད་པའི་ཡན་ལག་ལ་གནས་པའི་སེམས་དཔའ་དབང་པོ་རྣོན་པོ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཀྱི་མཚན་ཉིད་འདི་ལྟར་ཡིན་པར་ཤེས་པར་བྱ་སྟེ། གཟུགས་ལ་སོགས་པ་ལ་བདེན་ཞེན་ལྡོག་སྟེ་འགག་པ་སོགས་རྟགས་རྣམ་པ་ཉི་ཤུར་བརྗོད་པ་ཡིས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། དྲོད་དང༌། རྩེ་མོ་དང་བཟོད་པ་དང་བཅས་པ་[050B]དང་ཆོས་མཆོག་རྣམས་ལ་གནས་པའི་སེམས་དཔའ་དབང་པོ་རྣོན་པོ་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་སུ་ཤེས་པར་བྱ་བ་འདི་ཡིན་ཏེ། རྟགས་ནི་ཉི་ཤུ་དེ་དག་གིས་ཤེས་པར་བྱ་བའི་ཕྱིར།རྟགས་ཉི་ཤུ་ཡོད་དེ། དྲོད་ལ་གནས་པའི་རྟགས་བཅུ་གཅིག །རྩེ་མོའི་རྟགས་དྲུག། བཟོད་པ་ལ་གནས་པའི་རྟགས་གཉིས། ཆོས་མཆོག་ལ་གནས་པའི་རྟགས་གཅིག་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་ལ་སོགས་པའི་ཆོས་ལ་བདེན་ཞེན་མངོན་གྱུར་བ་ལྡོག་པ་དང༌། སྐྱབས་གནས་ཡང་དག་ལ་ཐེ་ཚོམ་མངོན་གྱུར་བ་བཟད་པ་དང༌། ལོག་ལྟ་དང༌། དམྱལ་བ་དང༌། ཡི་དྭགས་དང༌། དུད་འགྲོ་དང༌། སངས་རྒྱས་ཀྱི་བཀའ་མི་ཐོས་པ་དང༌། ཡུལ་མཐའ་འཁོབ་ཏུ་སྐྱེ་བ་དང༌། དབང་པོ་མ་ཚང་བ་གླེན་ལྐུག་དང༌། འདུ་ཤེས་མེད་པའི་ལྷ་ཚེ་རིང་དུ་སྐྱེ་བ་སྟེ་མི་ཁོམ་པ་བརྒྱད་ཟད་པ་དང༌། བདག་ཉིད་དགེ་བ་ལ་གནས་ཤིང་གཞན་དག་དེ་ལ་འགོད་པ་དང༌། སེམས་ཅན་གཞན་གྱི་ཡུལ་ལ་འབྲས་བུ་སྨིན་པར་གྱུར་ཅིག་པའི་རྟེན་ཅན་གྱི་སྦྱིན་པ་ལ་སོགས་པ་དང༌། ཟབ་མོའི་དོན་ལ་སོམ་ཉི་མེད་པ་དང༌། བྱམས་པའི་བསམས་པས་ཀུན་ནས་བསླངས་པས་ལུས་དང་སོགས་པ་ཡང་དག་དང་ཡིད་ཀྱི་ལས་དང་ལྡན་པ་དང༌། འདོད་པ་ལ་འདུན་པ་དང་གནོད་སེམས་དང༌། གཉིད་རྨུགས་དང༌།རྒོད་འགྱོད་དང་ཐེ་ཚོམ་སྟེ་སྒྲིབ་པ་ནི་ལྔ་པོ་དེ་དང་མི་འགྲོགས་པ་དང༌། མ་རིག་པ་དང་ལྟ་བ་སོགས་ཀྱི་བག་ལ་ཉལ་ཀུན་འཇོམས་པ་དང༌། སྦྱོར་ལམ་ཀུན་ཏུ་དྲན་པ་དང་ནི་ཤེས་བཞིན་དང་(HLDA)ན་པ་དང༌། གནས་མེལ་དང་གོས་ལ་སོགས་པ་གཙང་བ་བ་དང་ལྡན་པ་རྣམས་ཡིན་པའི་ཕྱིར། དྲོད་ལ་གནས་པའི་སེམས་དཔའ་དབང་པོ་རྣོན་པོ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། གོང་དུ་བཤད་པའི་རྟགས་བཅུ་གཅིག་དང་ལྡན་པའི་སེམས་དཔའ་དབང་པོ་རྣོན་ཡིན་པའི་[051A]ཕྱིར༑ གཉིས་པ་རྩེ་མོའི་རྟགས་དྲུག་ཡོད་དེ། ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་རྣམས་མི་འབྱུང་བ་དང༌། གཡོ་རྒྱུས་ཀུན་ནས་བསླངས་པའི་གྱ་གྱུའི་སེམས་མེད་པ་དང༌།ཕྱག་དར་ཁྲོད་པ་སོགས་སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་རྣམས་ནི་ཡང་དག་པར་ལེན་པ་དང༌། ཕྱིན་དྲུག་དང་འགལ་བའི་སེར་སྣ་དང༌། འཆལ་ཚུལ་སོགས་མེད་པ་དང༌། ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་ལྡན་པར་འགྲོ་བ་ཉིད་དང༑ སེམས་ཅན་གཞན་དོན་དུ་དམྱལ་བ་འཚོལ་བ་སྟེ་དམྱལ་བ་འདོད་པ་རྣམས་ཡིན་པའི་ཕྱིར། སྦྱོར་ལམ་རྩེ་མོ་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ།རྟགས་དེ་དག་དང་ལྡན་པའི་སེམས་དཔའ་དབང་རྣོན་ཡིན་པའི་ཕྱིར། གསུམ་བ་བཟོད་པའི་རྟགས་གཉིས་ཡོད་དེ། ལམ་གཞན་ཉེ་བར་སྟོན་པ་གཞན་གྱིས་དཀྲི་བར་མི་གཏུབ་པ་དང༌། ཟས་གཅོད་པ་དང་མེ་ལྔ་བསྟེན་པ་སོགས་ལམ་ལྟར་བཅོས་པ་སྟོན་པའི་བདུད་བདུད་ཅེས་བྱ་བར་རྟོགས་པ་དང་གཉིས་ཡོད་པའི་ཕྱིར། བཟོད་པ་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། གོང་གི་རྟགས་དེ་རྣམས་ཀྱི་སྟེང་དུ་རྟགས་དེ་གཉིས་དང་ལྡན་པའི་སེམས་དཔའ་དབང་རྣོན་ཡིན་པའི་ཕྱིར། བཞི་པ་ཆོས་མཆོག་ལ་གནས་པའི་རྟགས་གཅིག་ཡོད་དེ། སྒོ་གསུམ་གྱི་བྱ་བ་ཐམས་ཅད་སངས་རྒྱས་དགྱེས་པའི་སྤྱོད་པ་ཞེས་བྱ་བ་ཡིན་པའི་ཕྱིར།ཆོས་མཆོག་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། རྟགས་དེ་དག་དང་ལྡན་པའི་སེམས་དཔའ་དབང་རྣོན་ཡིན་པའི་ཕྱིར། གཉིས་པ་མཐོང་ལམ་བ་ཕྱིར་མི་ལྡོག་པའི་[051B]རྟགས་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།།དང་པོ་ནི། བྱང་ཆུབ་སེམས་དཔའ་དབང་པོ་འབྲིང་པོའི་རྒྱུད་ཀྱི་མཐོང་བའི་ལམ་ལ་བཟོད་པ་དང༌། ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པའི་ཐབས་ཤེས་ཁྱད་པར་ཅན་དང༌། དེས་དྲངས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ནི་ཆོས་ཅན། བྱང་ཆུབ་སེམས་དཔའ་མཐོང་ལམ་པ་དབང་འབྲིང་དེ་ཉིད་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར་ཤེས་པར་བྱ་སྟེ། དེའི་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར༑ གཉིས་པ་ནི། དེ་འདྲའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པའི་ཐབས་ཤེས་ཁྱད་པར་ཅན་དང༌། དེས་དྲངས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ཆོས་ཅན། བློ་ལྡན་དབང་པོ་འབྲིང་པོ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཡང་དག་ཡིན་ཏེ།།དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར།སྐད་ཅིག་མའི་རྣམ་པ་བཅུ་དྲུག་ཡོད་དེ། སྡུག་བདེན་གྱི་རྣམ་པ་བཞི།ཀུན་འབྱུང་བདེན་པ་ལ་བརྟེན་པའི་རྣམ་པ་བཞི། འགོག་བདེན་ལ་བརྟེན་པའི་རྣམ་པ་བཞི།ལམ་བདེན་ལ་བརྟེན་པའི་རྣམ་པ་བཞི་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གཟུགས་ལ་སོགས་པའི་ཆོས་སུ་བདེན་པར་རྟོགས་པའི་འདུ་ཤེས་ཀུན་བཏགས་བཟློག་པ་དང༌། དོན་དམ་དང་ཀུན་རྫོབ་ཀྱི་སེམས་བརྟེན་པ་དང༌།ཉན་རང་གི་ཐེག་པ་དག་ལས་སེམས་རྣམ་པར་ལོག་པ་དང༌། བསམ་གཏན་དང་གཟུགས་མེད་ཀྱི་སྙོམ་འཇུག་ཐོབ་ཀྱང་གཟུགས་ཁམས་ལ་སོགས་པར་ལས་དབང་གིས་སྐྱེ་བའི་ནུས་པའི་ཡན་ལག་ཡོངས་སུ་ཟད་པ་རྣམས་ཡིན་པའི་ཕྱིར།གཉིས་པ་གྲུབ་སྟེ། ལུས་དང་སེམས་ཡང་བ་ཤིན་ཏུ་སྦྱངས་པ་ཉིད་དང༌། ཞེན་པ་མེད་པར་འདོད་པ་ལ་སྤྱོད་པ་ལ་སེམས་ཅན་འདུལ་བའི་ཐབས་ལ་མཁས་པ་དང༌། འདོད་ཡོན་གྱི་ཉེས་དམིགས་མཐོང་ནས་རྟག་ཏུ་ཚངས་པར་སྤྱོད་པ་[52A]ཉིད་དང༌། འཚོ་བའི་ཡོ་བྱད་རྣམ་པར་དག་པ་ཉིད་རྣམས་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། ཕུང་པོ་དང་སོགས་པས་ཁམས་དང་སྐྱེ་མཆེད་རྣམས་ལ་དང་པོར་བདེན་པར་ཞེན་པའི་སྦྱོར་བ་དང༌། རྗེས་སུ་བདེན་པར་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང༌། འགོག་པ་ཆོས་ཤེས་ཀྱི་རྟོགས་པའི་བར་ཆད་བྱེད་པའི་ཆོས་རྣམས་ལ་སྔ་མ་བཞིན་དུ་དེ་ལྟར་བདེན་ཞེན་བཀག་པ་དང༌། བྱང་ཆུབ་ཀྱི་ཚོགས་སྦྱིན་པ་སོགས་ལ་སྔ་མ་བཞིན་དུ་བདེན་ཞེན་བཀག་པ་དང༌། མདོ་ལས་གྲོང་གི་སྒྲས་བསྟན་པའི་མིག་སོགས་དབང་པོ་དང༌། གྲོང་ཁྱེར་གྱི་སྒྲས་བསྟན་པའི་དབང་བརྟེན་དང༌། གྲོང་བརྡལ་གྱི་སྒྲས་བསྟན་པའི་དབང་པོའི་ཡུལ་དང༌། རྣམ་པར་ཤེས་པའི་སྒྲས་བསྟན་པའི་སྐྱེས་བུ་ལ་སོགས་པ་དང་བཅས་པའི་ཡུལ་དང་ཡུལ་ཅན་བདེན་པར་ཞེན་པ་སྤང་བྱ་དང༌། དེ་དག་བདེན་མེད་དུ་རྟོགས་པའི་སྤོང་གཉེན་གྱི་གཡུལ་འགྱེད་པ་ལ་སྔ་མ་བཞིན་དུ་དང་པོར་བདེན་པར་ཞེན་པའི་སྦྱོར་བ་དང༌། རྗེས་སུ་བདེན་པར་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་རྣམས་ཡིན་པའི་ཕྱིར།བཞི་པ་གྲུབ་སྟེ། སྤང་བྱ་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལ་དང་པོར་བདེན་པར་ཞེན་པ་སྦྱོར་བ་དང༌། ཕྱིས་བདེན་པར་ཞེན་པ་རྗེས་སུ་སྦྱོར་བ་ཡི་གནས་པ་སོ་སོར་བཀག་པ་དང༌། རྟོགས་པའི་ཆོས་ལམ་འབྲས་བུ་དང་བྱང་ཆུབ་དོན་དམ་པར་གྲུབ་པ་ནི་རྡུལ་ཙམ་ཡང་མི་དམིགས་པ་ཉིད། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱིས་རང་གི་ཐོབ་པའི་རང་གི་ས་གསུམ་ལ་ནི་ཐེ་ཚོམ་བྲལ་བའི་ངེས་པ་ཉིད་ཀྱི་གནས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ཀྱི་དོན་དུ་སྲོག །གཏོང་བ་ལ་སེར་སྣ་དང༌། སྡུག་བསྔལ་ཅུང་ཟད་ཀྱང་མི་འབྱུང་བ་རྣམས་ཡིན་པའི་[52B]ཕྱིར༑ ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་རྣམས་མཉམ་གཞག་མིན་ནམ། ཇི་ལྟར་ན་གང་ཟག་གཞན་གྱི་ངོ་བོར་ཕྱིར་མི་ལྡོག་པར་དཔོག་པའི་འབྲས་རྟགས་སུ་འགྱུར་ཞེ་ན་སྐྱོན་མེད་དེ།བྱང་སེམས་མཐོང་ལམ་པ་ལས་དབང་གིས་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ལ་ཤེས་བཟོད་ཀྱི་མིང་གིས་བཏགས་ནས་བསྟན་པའི་ཕྱིར། དེ་ལྟར་འདོགས་པའི་རྒྱུ་མཚན་ཡོད་དེ། མཉམ་གཞག་དེ་ལས་ཐ་སྙད་ཁྱད་པར་ཅན་སྐྱེ་བའི་ཕྱིར།གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ལ་གཉིས། ཐེག་ཆེན་གྱི་སྒོམ་ལམ་རྒྱས་པར་བཤད་པ་དང༌། ཕྱིར་མི་ལྡོག་པའི་རྟགས་ཀྱི་ཁྱད་པར་བཤད་པའོ།།དང་པོ་ལ་གསུམ་སྒོམ་ལམ་གྱི་ཁྱད་ཆོས། ཁྱད་གཞི་སྒོམ་ལམ། སྒོམ་ལམ་གྱི་དབྱེ་བའོ།།དང་པོ་ནི། ཐེག་ཆེན་འཕགས་པའི་སྒོམ་བའི་ལམ་ནི་ཆོས་ཅན། རང་གི་གནས་ལུགས་ཟབ་པ་ཡིན་ཏེ། རང་གི་གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་སོགས་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར།གནས་ལུགས་དེ་ནི་ཟབ་པའི་རྒྱུ་མཚན་ཡོད་དེ། སྒྲོ་འདོགས་དང༌། སྐུར་བའི་མཐའ་ལས་གྲོལ་བ་ཉིད་ཀྱི་ཆོས་དབྱིངས་ཡིན་པའི་ཕྱིར། གཉིས་པ་ནི།ཐེག་ཆེན་འཕགས་པའི་སྒོམ་པའི་ལམ་དེ་ནི་ཆོས་ཅན། རྒྱུན་ཆགས་སུ་འཇུག་པ་ཡིན་ཏེ།སྔར་ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་དང་མཐོང་བའི་ལམ་དང༌།སྒོམ་པའི་ལམ་ཉིད་ཀྱིས་མཁྱེན་གསུམ་གྱི་རྣམ་པ་ལ་ཡང་ནས་ཡང་དུ་སེམས་པ་དང༌། འཇལ་བ་དང་ངེས་པར་རྟོགས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར༑ གསུམ་པ་ལ་གཉིས། དབྱེ་བ་དངོས་དང༌། རྩོད་པ་སྤོང་བའོ།།དང་པོ་ནི་འོ་ན། སྒོམ་ལམ་དེ་ལ་དུ་ཞིག་ཡོད་ཅེ་ན། ཐེག་ཆེན་འཕགས་པའི་སྒོམ་ལམ་དེ་ནི་རྒྱུན་ཆཌ་པ་རྣམ་པ་དགུར་བཞེད་པ་ཡིན་ཏེ། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུ  [53A[53A]དང་འབྲིང་དང་ཆེན་པོ་རྣམས་རེ་རེ་ལ་ཆུང་ངུ་སོགས་དབྱེ་བ་ཡིས་རྣམ་པ་དགུར་ཡོད་པའི་ཕྱིར། དེ་ལ་ཆུང་འབྲིང་དགུར་དབྱེར་རུང་སྟེ། ཆུང་འབྲིང་དགུའི་སྒོ་ནས་རྒྱུན་ཆགས་སུ་འབྱུང་བ་ཡིན་པའི་ཕྱིར། གཉིས་པ་རྩོད་པ་སྤོང་བ་ལ་གཉིས། གྲངས་ངེས་ལ་རྩོད་པ་སྤོང་བ་དང༌། བྱེད་པ་ལ་རྩོད་པ་སྤོང་བའོ།།དང་པོ་ལ་ཁོ་ན་རེ། ཐེག་ཆེན་གྱི་སྒོམ་ལམ་ལ་དགུར་གྲངས་ངེས་པ་མི་འཐད་པར་ཐལ། ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེ་བྲག་རྣམ་པ་དགུ་བས་མང་བའི་ཕྱིར། རྒྱལ་བའི་ཡུམ་རྣམ་པ་གསུམ་ལས་སྒོམ་ལམ་དགུ་པོ་རེ་རེའི་དབང་དུ་བྱས་ནས་འབྲས་བུ་བསོད་ནམས་གྲངས་མེད་པ་གཞལ་དུ་མེད་པ་ཚད་མེད་པ་སྐྱེ་བར་གསུངས་པའི་ཕྱིར་ཞེ་ན། ལན་ལ་གསུམ་གྱི་དེ་ལྟར་ན།འབྲས་བུ་བསོད་ནམས་གྲངས་མེད་པ་ལ་སོགས་པ་བསྟན་པ་རྣམས་དམ་པའི་དོན་དུ་བཟོད་པ་མ་ཡིན་པས་མི་འཐད་ཀྱང་ཐ་སྙད་དུ་མི་འཐད་པའི་སྐྱོན་མེད་པར་ཐལ། དོན་དམ་པར་མི་འཐད་ཀྱང་ཀུན་རྫོབ་ཏུ་ནི་སངས་རྒྱས་ཀྱི་ཐུགས་བརྩེ་བའི་རྒྱུ་མཐུན་གྱི་འབྲས་བུ་གསུང་རབ་ལས་གྲངས་ཇི་ལྟར་བསྟན་པ་དེ་དག་ཐུབ་པ་བཞེད་པའི་ཕྱིར། འགྲེལ་པ་དོན་གསལ་ལས། དོན་དམ་ལ་བལྟོས་པའི་རྟགས་མ་གྲུབ་པ་དང༌། ཀུན་རྫོབ་ལ་བལྟོས་ཏེ་ཁྱབ་པ་མ་གྲུབ་པའི་ལན་མཛད་ཀྱང་དོན་འདྲའོ།།གཉིས་པ་ལ་གཉིས། དོན་དམ་ལ་བལྟོས་པའི་རྩོད་པ་སྤོང་བ་དང༌། ཐ་སྙད་ལ་བལྟོས་པའི་རྩོད་པ་སྤོང་བའོ།།དང་པོ་ལ་གཉིས། རྩོད་པ་དང༌། ལན་ནོ།།དང་པོ་ནི། སྒོམ་ཞེས་བྱ་བའི་ལམ་གྱི་ནི་ཆོས་ཅན། སྤང་བྱ་ཅི་ཞིག་ཉམས་ཤིང་གཉེན་པོ་ཅི་ཞིག་ཐོབ་པར་མེད་པར་ཐལ། དོན་དམ་པར་གྲུབ་པའི་ཕྱིར། ཁ(YB) སྟེ། སྒོམ་ལམ་གྱི་དམ་པར་བརྗོད་དུ་མེད་པ་ལ་ཉམས་པ་དང་ནི་འཕེལ་བ་མི་རུང་བའི་བའི་ཕྱིར་ཞེས་ཟེར།གཉིས་པ་ནི། དོན་[53B]དམ་དུ་འཕེལ་འགྲིབ་མི་རུང་བར་ཐལ། དོན་དམ་པར་གཅིག་དང་དུ་མ་གང་དུ་ཡང་བརྗོད་དུ་མེད་པའི་ཕྱིར་ཞེས་པའི་དོན་དམ་དུ་འདོད་པའི་ལན་འདི་རྩ་བས་དངོས་སུ་མ་བསྡུས་ཀྱང་དོན་གྱིས་བསྟན་ནོ།།དོན་དམ་པར་འཕེལ་འགྲིབ་མེད་ན་སྤོང་གཉེན་མི་འཐད་པས་ཁྱབ་པ་མེད་པར་ཐལ། བླ་ན་མེད་པའི་བྱང་ཆུབ་ཟག་མེད་ཀྱི་ཡེ་ཤེས་དེ་དོན་དམ་པར་འཕེལ་འགྲིབ་མེད་ཀྱང༌། ཐ་སྙད་དུ་གདུལ་བྱའི་དོན་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐེག་ཆེན་གྱི་སྒོམ་ལམ་འདི་ནི་དོན་དམ་པར་འཕེལ་འགྲིབ་མེད་ཀྱང༌། ཐ་སྙད་དུ་སྤང་བྱ་ལ་གནོད་པ་སོགས་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར། བྱང་ཆུབ་དང་ཐེག་ཆེན་གྱི་སྒོམ་ལམ་གཉིས་དཔེ་དོན་མི་མཚུངས་པའི་སྐྱོན་མེད་པར་ཐལ། ཐ་སྙད་དུ་དོན་ཁྱད་པར་ཅན་བྱེད་པར་མཚུངས། བྱང་ཆུབ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ཡིན་པ་དེ་བཞིན་དུ་སྒོམ་ལམ་དེ་ཡང་དེ་བཞིན་ཉིད་དེའི་མཚན་ཉིད་ཅན་དུ་བཞེད་པའི་ཕྱིར། གཉིས་པ་ལ་གཉིས། རྩོད་པ་དང༌། ལན་ནོ། དང་པོ་ནི།ཁོ་ན་རེ། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ནི་བྱང་ཆུབ་བསྐྱེད་པར་མི་རིགས་པར་ཐལ། སེམས་སྔ་མས་བྱང་ཆུབ་བསྐྱེད་པ། རིགས་པ་མིན་ཕྱི་མས་ཀྱང་མ་ཡིན། སྔ་ཕྱི་མང་པོ་ཅིག་ཅར་འབྱུང་བས་ཀྱང་མ་ཡིན།རིམས་ཀྱིས་འབྱུང་བས་ཀྱང་མ་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་སྔ་ཕྱི་མང་པོ་རིམས་ཀྱིས་འབྱུང་བས་རང་འབྲས་སྐུ་གསུམ་མི་བསྐྱེད་པའི་སྐྱོན་མེད་པར་ཐལ། མར་མེ་སྐད་ཅིག་སྔ་མ་ལས་ཕྱི་མ་ཕྱི་མ་ནུས་ལྡན་རིམས་ཅན་དུ་འབྱུང་བས་སྡོང་བུ་སྣུམ་ལྡན་རྫོགས་པར་སྲེག་པའི་མར་མེའི་དཔེའི་ཚུལ་གྱིས་ནི་ཐེག་ཆེན་སེམས་བསྐྱེད་སྐད་ཅིག་སྔ་ཕྱི་མང་པོ་རིམས་ཀྱིས་འབྱུང་བས་རང་འབྲས་སྐུ་གསུམ་བསྐྱེད་པ་དང༌། དེ་འབའ་ཞིག་ཏུ་མ་ཟད་འཆད་[54A]པར་འགྱུར་བའི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་འཐད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར། གཉིས་པ་ནི། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། ཟབ་མོ་རྣམ་པ་བརྒྱད་ཐུགས་སུ་ཆུད་པ་དང་ལྡན་ཏེ། གཞིའི་གནས་ལུགས་སྐྱེ་བ་ཟབ་པ་དང༌། དོན་དམ་པར་མ་ཡིན་པ་ལ་ཀུན་རྫོབ་ཏུ་འགོག་གོ་ཞེས་བྱ་བ་འགོག་པ་ཟབ་པ་དང༌། ཐམས་ཅད་དུ་གོམས་པས་དེ་བཞིན་ཉིད་ཟབ་པ་དང༌། ཆོས་ཐམས་ཅད་ལ་སྤྱིན་སོགས་རྣམ་པ་དུ་མ་རྗེས་སུ་བསྒྲུབ་པས་ཤེས་བྱ་ཟབ་མོ་དང༌། དོན་དམ་པར་འགག་པ་མཐོང་བ་མེད་པ་ཉིད་ཀྱི་ཤེས་པ་ཟབ་མོ་དང༌། ཐམས་ཅད་ལ་དོན་དམ་པར་སྤྱོད་པ་མེད་པ་ཉིད་ཀྱི་སྤྱོད་པ་ཟབ་མོ་དང༌། དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཉིད་ལམ་ཐམས་ཅད་བསྒྲུབ་པ་གཉིས་སུ་མེད་པ་ཟབ་མོ་དང༌། ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་འབྲས་བུ་མངོན་དུ་བྱེད་ཚུལ་ཟབ་པ་ཐབས་ལ་མཁས་པ་ཟབ་པ་ཉིད་རྣམས་སུ་ཐུགས་སུ་ཆུད་པ་དང་ལྡན་པའི་ཕྱིར། གཉིས་པ་ལ་གསུམ།ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང༌། ལོངས་སྐུའི་རྒྱུ་སྲིད་ཞི་དག་པའི་སྦྱོར་བ་དང༌། སྤྲུལ་སྐུའི་རྒྱུ་ཐབས་ལ་མཁས་པའི་སྦྱོར་བ་བཤད་པའོ།།དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། ཀླན་ཀ་སྤོང་བའོ།།དང་པོ་ནི། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། ཁྱོད་ཀྱི་སྲིད་དང་ཞི་བར་བདེན་པར་མི་རྟོགས་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་སྲིད་ཞི་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རྗེས་ཐོབ་ཀྱི་སྐབས་སུ་ཡང་བདེན་ཞེན་མངོན་གྱུར་སྐྱེ་བའི་གོ་སྐབས་ཟད་པར་བཅོམ་པའི་ཕྱིར། སྲིད་ཞི་བདེན་པར་མེད་དེ། སྲིད་ཞིས་བསྡུས་པའི་ཆོས་རྣམས་དོན་དམ་པར་མ་གྲུབ་པ་རྨི་ལམ་དང་འདྲ་བའི་ཕྱིར། གཉིས་པ་ལ་ཁོ་ན་རེ། དགེ་སྡིག་ལ་སོགས་པ་མི་འཐད་པར་ཐལ། ལས་འབྲས་དོན་དམ་པར་མ་གྲུབ་[54B]པའི་ཕྱིར། དཔེར་ན་རྨི་ལམ་བཞིན་ཞེས་ཟེར་རོ།།ལས་འབྲས་དོན་དམ་པར་མ་གྲུབ་ན། ལས་འབྲས་བཞག་ཏུ་མེད་པའི་སྐྱོན་མེད་པར་ཐལ། ལས་འབྲས་མེད་པར་ཐལ་བ་ལ་སོགས་པའི་ཀླན་ཀའི་ལན་ནི་མདོ་ལས་ཇི་སྐད་བཤད་པར་ཟད་ཅིང་ཀླན་ཀ་དེ་དག་སྤོང་ནུས་པའི་ཕྱིར། གཉིས་པ་ནི། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། རང་གང་དུ་འཚང་རྒྱ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་ནི་དག་པ་ཉིད་ཀྱི་སྦྱོར་བ་ཐོབ་སྟེ། སེམས་ཅན་གྱི་འཇིག་རྟེན་བཀྲེས་སྐོམ་སོགས་ཀྱི་མ་དག་པ་དེའི་གཉེན་པོར་ལྷའི་ལོངས་སྤྱོད་ཉེ་བར་སྤྱད་པ་དང་ལྡན་ཞིང་བཀྲེས་སྐོམ་སོགས་ཀྱི་མིང་ཙམ་ཡང་མེད་པར་དག་པར་སྒྲུབ་པ་དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་རྡོ་བ་དང་ཚེར་མ་སོགས་ཀྱིས་མ་དག་པ་དེའི་གཉེན་པོར་གསེར་གྱི་ས་གཞི་ལ་ཨིནྡྲ་ནཱི་ལས་མིག་མདས་རིས་སུ་བྲིས་པ་སོགས་དག་པར་སྒྲུབ་པའི་དགེ་རྩ་བསགས་པ་ཡིས་ཞིང་དག་པའི་སྦྱོར་བ་ཐོབ་པའི་ཕྱིར། གསུམ་པ་ནི། ཡུམ་རྣམ་པ་གསུམ་མངོན་སུམ་དུ་བྱ་བ་ལ་སེམས་ཅན་ལ་ཕན་པའི་དུས་དང༌། མི་ཕན་པ་དུས་མིན་པ་མངོན་སུམ་དུ་ཤེས་པའི་དག་པ་སྦྱོར་བ་ཅན་འདི་ནི་ཆོས་ཅན། ཁྱོད་ལ་ཐབས་ལ་མཁས་པ་རྣམ་པ་བཅུ་ཡོད་དེ། ལྷའི་བུའི་བདུད་ལ་སོགས་པའི་དགྲ་རྣམས་ལས་ནི་འདས་པ་དང༌། དོན་དམ་པར་མི་གནས་པ་དང༌། གཞན་གྱི་དོན་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་འཕངས་པ་ཇི་ལྟ་བ་བཞིན་བྱེད་པ་དང༌། ཉན་རང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་ཀྱི་སྦྱོར་བ་དང༌། ཆོས་ཐམས་ཅད་ལ་བདེན་བར་མ་ཆགས་པ་དང༌། གང་ཟགདང་ཆོས་ཀྱི་ངོ་བོ་བདེན་པར་མི་དམིགས་པ་དང༌། རྒྱུའི་མཚན་མ་བདེན་པར་མེད་པར་རྟོགས་པ་དང༌། འབྲས་བུ་ལ་སྨོན་ལམ་འདེབས་པ་བདེན་པར་གྲུབ་པ་ཟད་པ་རྟོགས་པ་དང༌། རང་ཕྱིར་མི་ལྡོག་པ་དེའི་རྟགས་ཀྱི་འབས་ལ་[55A]མཁས་པ་དང༌། རྟོགས་པ་ཚད་མེད་པའི་ཐབས་ལ་མཁས་པ་སྟེ་རྣམ་པ་བཅུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་རྣམ་བཤད་སྙིང་པོའི་དོན་རབ་ཏུ་གསལ་བ་ལས་སྐབས་བཞི་པའི་བཤད་པའོ།།།།གཉིས་པ་དབང་དུ་བྱ་བའི་འབྲས་བུ་རྩེ་མོའི་སྦྱོར་བ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། སྐབས་བསྡུ་བའོ།།དང་པོ་ལ་བཞི་སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར། དང་པོ་ལ་བཞི། དྲོད་ཀྱི་རྩེ་སྦྱོར། རྩེ་མོའི་རྩེ་སྦྱོར། བཟོད་པའི་རྩེ་སྦྱོར། ཆོས་མཆོག་གི་རྩེ་སྦྱོར་རོ།།དང་པོ་ནི། རྩེ་སྦྱོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་རྣམ་པ་བཅུ་གཉིས་དག་ཏུ་མདོ་ལས་བཞེད་དེ། སྒོམ་བྱུང་གི་སྟོབས་ཀྱིས་རྨི་ལམ་ན་ཡང་ཆོས་རྣམས་ཀུན་རྨི་ལམ་ལྟ་བུར་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྱི་ལྟ་བ་དང༌། ལ་སོགས་པས་སེམས་བསྐྱེད་ལ་གོམས་པས་རྨི་ལམ་ན་ཡང་ཉན་ཐོས་ལ་སོགས་པའི་ས་ལ་དགའ་བའི་སེམས་མི་བསྐྱེད་པ་དང༌། སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ཐེག་ཆེན་གྱི་དགེ་རྩ་སྨིན་པས་རྨི་ལམ་ན་ཡང་དེ་བཞིན་གཤེགས་པས་ཆོས་སྟོན་པ་སོགས་མཐོང་བ་དང༌། སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་འཁྲུལ་བས་ནམ་མཁའ་ལ་འཕགས་ཏེ་ཆོས་སྟོན་པ་སོགས་རྨི་ལམ་དུ་དམིགས་པ་དང༌། སད་ནས་རྨི་ལམ་དང་འདྲ་བར་ཆོས་སྟོན་པར་བྱའོ་སྙམ་པའི་རྨི་ལམ་དུ་ཡང་ཆོས་སྟོན་པའི་སེམས་སྐྱེ་བ་དང༌། སད་རྨིས་གཉིས་ཀའི་སྐབས་སུ་དམྱལ་བ་ལ་སོགས་མཐོང་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་གི་མིང་ཡང་མེད་པར་གྱུར་ཅིག་སྙམ་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་དང༌། སད་རྨི་ས་གཉིས་ཀའི་གནས་སྐབས་ན་གྲོང་ཁྱེར་ལ་སོགས་པ་[55B]འཚིག་པ་ཞི་བ་བྱེད་པའི་བདེན་པའི་བྱིན་རླབས་འགྲུབ་པ་དང༌། སྐྱེ་བོ་གནོད་སྦྱིན་སོགས་མི་མ་ཡིན་གྱིས་ཟིན་པ་ན། དེ་དག་མེད་པར་བྱེད་པའི་བདེན་ཚིག་འགྲུབ་པ་དང༌། རང་ཉིད་བདུད་ཀྱི་ལས་མངོན་པར་ཤེས་པས་བདུད་ཀྱི་ལས་ཟིལ་གྱིས་གནོན་བའི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། མཉམ་རྗེས་ཀྱི་རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕར་ཕྱིན་ལ་སློབ་པ་དང༌། ཆོས་ཐམས་ཅད་ལ་སྒོམ་བྱུང་གི་སྟོང་ཉིད་རྟོགས་པས་བདེན་པར་ཞེན་པ་མེད་པ་དང༌། བྱང་སེམས་ཀྱི་སྐྱོན་མེད་པ་ལ་ཞུགས་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་གྱུར་བ་ཞེས་བྱ་བའི་རྟགས་བཅུ་གཉིས་སུ་མདོ་ལས་བཞེད་པའི་ཕྱིར།གཉིས་པ་ནི། རྩེ་མོའི་རྩེ་སྦྱོར་ལ་གནས་པའི་སེམས་དཔའ་ཆོས་ཅན། བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་གི་བདག་ཉིད་ཐོབ་སྟེ། འཛམ་བུ་གླིང་གི་སྐྱེ་བོ་ལ་སོགས་པ་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་ཀྱིས་མེ་ཏོག་ལ་སོགས་པས་སངས་རྒྱས་ལ་མཆོད་པའི་དགེ་བ་ལྷག་པ་དང༌། བསོད་ནམས་དེ་ལས་ལྷག་པ་སྦྱོར་བ་གཉིས་ལྡན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང༌། དེ་བས་ཁྱད་པར་དུ་འཕགས་པ་མི་སྐྱེ་བའི་ཆོས་སྟོང་པ་ཉིད་ལ་བཟོད་པ་ཐོབ་པ་དང༌། དེ་བས་ཁྱད་པར་དུ་འཕགས་པ་རྩེ་སྦྱོར་གྱི་སྟོབས་ཀྱིས་བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་རྒྱུ་འབྲས་ཀྱི་ཆོས་རྣམས་དོན་དམ་པར་མི་དམིགས་པར་རྟོགས་པ་དང༌།འཛམ་བུ་གླིང་གི་སེམས་ཅན་རྣམས་དགེ་བ་བཅུ་ལ་སོགས་པ་དང༌། བསམ་གཏན་དང་གཟུགས་མེད་ཀྱི་སྙོམ་འཇུག་ཐོབ་པ་ལས་ཁྱད་པར་འཕགས་པ་ཐོབ་པ་དང༌། རྩེ་མོའི་ཤེར་ཕྱིན་ལ་བརྩོན་པའི་དྲུང་དུ་གུས་ཤིང་གནོད་པ་མི་བྱེད་པར་ལྷའི་རིགས་ཐམས་ཅད་ཉེ་བར་འོང་བ་དང༌། རྩེ་མོའི་ཤེར་ཕྱིན་གྱིས་མཐུས་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། རང་དང་ཐེག་པ་གཅིག་ཏུ་བཞུགས་པའི་བྱང་སེམས་གཞན་ལ་[56A]སྟོན་པ་དང་འདྲ་བར་གུས་ཤིང་བསླབ་པ་མཚུངས་པར་གནས་པ་ཞེས་བྱ་བ་གང་ཟག་གཞན་ལ་བལྟོས་པས་ཕྱི་གཙོ་བོར་གྱུར་པའི་བསོད་ནམས་རྣམ་པ་བརྒྱད་དང༌། རྣམ་པ་ཐམས་ཅད་དུ་ཚོགས་གཉིས་ཀྱི་ཐབས་ལ་མཁས་པས་ཆོས་ཉིད་སྒོམ་བྱུང་གི་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་དག་པ་དང༌། རྩེ་མོའི་ཤེར་ཕྱིན་གྱི་མཐུས་སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བ་དང༌། འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་སྦྱོར་བ་དང་མཚུངས་ལྡན་གྱི་སེམས་བསྐྱེད་སོགས་ཐོབ་པ་དང༌། རྩེ་མོའི་ཤེར་ཕྱིན་གྱི་མཐུས་མི་མཐུན་པའི་ཕྱོགས་སེར་སྣ་སོགས་མི་སྐྱེ་བ་དང༌། གཟུགས་སོགས་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་མངོན་གྱུར་པ་དང་ལྡན་པར་རྟོགས་པའི་སེམས་རབ་ཏུ་མི་སྐྱེ་བ་དང༌། ཤེར་ཕྱིན་གྱི་ནང་དུ་ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་ནས་ཉམས་སུ་ལེན་པ་ཤེས་པ་དང༌། སྒོམ་བྱུང་གི་ཐེག་པ་གསུམ་གྱི་རྟོགས་པའི་རིགས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་དང༌། རྩེ་མོའི་ཤེར་ཕྱིན་གྱི་མཐུས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བ་ནང་གཙོ་བོར་གྱུར་པ་སྔ་མས་བསོད་ནམས་གཞན་རྣམ་པ་བརྒྱད་རྣམ་པ་མང་དུ་ནི་དཔེར་མཛད་ནས་དེ་བས་ཆེས་ལྷག་པ་ཐོབ་པའི་ཕྱིར། གསུམ་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཆོས་ཅན།བརྟན་པའི་རྩེ་མོའི་སྦྱོར་བ་ཞེས་ནི་མདོ་ལས་མངོན་པར་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་དོན་རྟོགས་པས་བསྡུས་པ་ཀུན་མཁྱེན་ཉིད་གསུམ་གྱི་ཆོས་རྣམས་ཀྱི་རྟོགས་པའི་རིགས་ཡོངས་སུ་རྫོགས་པ་བླ་ན་མེད་པ་ཐོབ་ཅིང༌། གཞན་དོན་སྙིང་རྗེས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བར་མདོ་ལས་བཤད་པ་ལྟར་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར།བཞི་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན། ཆོས་མཆོག་རྩེ་སྦྱོར་གྱི་ཏིང་ངེ་འཛིན་དུ་ཡོངས་སུ་[56B]མདོ་ལས་བསྒྲགས་པ་ཡིན་ཏེ། གླིང་བཞི་པ་དང་སྟོང་དག་པ་དང༌། སྟོང་གཉིས་གསུམ་གྱི་ཆུ་དག་སྲང་གྲངས་ཀྱིས་གཞལ་ནུས་པ་དཔེར་མཛད་ནས། དེ་བས་སེམས་དང་པོ་བསྐྱེད་པ་དང༌། སྤྱོད་པ་ལ་ཞུགས་པ་དང༌། ཕྱིར་མི་ལྡོག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་བཞིའི་དགེ་བ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ལས་ཁྱད་པར་དུ་འཕགས་ཤིང་ཚད་ལས་འདས་པའི་བསོད་ནམས་མང་པོ་ཉིད་ཀྱིས་མཚོན་ནས་བསྟན་པའི་ཕྱིར། གཉིས་པ་མཐོང་ལམ་རྩེ་སྦྱོར་ལ་གཉིས། སྤང་བྱ་རྟོག་པ་དང༌། དེའི་གཉེན་པོའོ།།དང་པོ་ལ་གཉིས།མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ།།དང་པོ་ལ་གཉིས། གཟུང་རྟོག་མདོར་བསྟན་པ་དང༌། འཛིན་རྟོག་མདོར་བསྟན་པའོ།།དང་པོ་ནི།བྱང་སེམས་ཀྱི་མཐོང་སྤངས་འཇུག་པ་དང་ནི་ལྡོག་པ་ལ་བཟུང་བའི་རྣམ་རྟོག་དེ་ཆོས་ཅན། སོ་སོར་དགུའི་བདག་ཉིད་དུ་ཤེས་པར་བྱ་སྟེ། ཡུལ་གྱི་དབྱེ་བས་དགུ་དགུ་ཡོད་པའི་ཕྱིར། དེ་ཆོས་ཅན། ཇི་བཞིན་ཡུལ་འཛིན་པ་མ་ཡིན་པའི་བདག་ཉིད་དུ་ཤེས་པར་བྱ་སྟེ། ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་མཐོང་སྤངས་འཛིན་རྟོག་ཆོས་ཅན། གཉིས་སུ་ཡོད་དེ། སོ་སོ་སྐྱེ་བོས་སེམས་ཅན་རྫས་ཡོད་དུ་འཛིན་པ་དང༌། འཕགས་པའི་དབྱེ་བས་སྐྱེས་བུ་བཏགས་པར་ཡོད་པར་འཛིན་པ་དག་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་རྣམ་པར་རྟོག་པའི་འཛིན་པ་དག་ཏུ་འདོད་པའི་ཕྱིར། དེ་དག་སོ་སོར་དགུ་དགུའི་བདག་ཉིད་དུ་ཤེས་པར་བྱ་སྟེ། ཡུལ་གྱི་དབྱེ་བས་དགུ་དགུ་ཡོད་པའི་ཕྱིར༑ དེ་དག་གནས་ཚོད་དང་མཐུན་པའི་ཡུལ་གང་གིས་འཛིན་པར་འདོད་མི་རིགས་པར་ཐལ། གལ་ཏེ་དེ་དག་གཟུང་དོན་དེ་བཞིན་ཉིད་དུ་མེད་པའི་འཁྲུལ་ཤེས་ཡིན་པའི་ཕྱིར། འདོད་ན། དེ་ལྟར་རྟོག་པ་དེ་དག་འཛིན་པ་མ་འཁྲུལ་པའི་ངོ་[57A]བོས་སྟོང་པའི་མཚན་ཉིད་དངོས་ཏེ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གཟུང་རྟོག་རྒྱས་པར་བཤད་པ་དང༌། འཛིན་རྟོག་རྒྱས་པར་བཤད་པའོ།།དང་པོ་ལ་གཉིས།འཇུགཔ་གཟུང་རྟོག་དང་ལྡོག་པ་གཟུང་རྟོག་གོ །དང་པོ་ནི། འཇུག་པའི་ཕྱོགས་ཀྱི་གཟུང་བའི་རྣམ་རྟོག་དེ་ནི་རྣམ་པ་དགུར་འདོད་དེ། བྱང་ཆུབ་སེམས་དཔའི་འཇུག་བྱ་སྤྱི་ཡི་དབང་དུ་བྱས་པ་དོན་དམ་པར་དབེན་པའི་ཕྱིན་དྲུགགིས་དོན་དམ་པར་དབེན་པ་བླ་ན་མེད་པའི་བྱང་ཆུབ་དོན་དམ་པར་མ་ཐོབ་ཀྱང་ཐ་སྙད་དུ་ཐོབ་པའི་ངོ་བོ་ཉིད་ཀྱི་ཐེག་ཆེན་གྱི་ལམ་འབྲས་ལ་དམིགས་པ་དང༌། ཁྱད་པར་གྱི་ལམ་གྱི་རྒྱུ་མི་གཡོ་བ་ལ་སོགས་པ་ལ་ཞུགས་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ་ལ་དམིགས་པ་དང༌། ལམ་གྱི་ངོ་བོ་མཐོང་བ་ལ་སོགས་པའི་ལམ་ནི་ཡང་དག་པར་འགྲུབ་པ་ལ་དམིགས་པ་དང༌། ལམ་གྱི་དམིགས་པ་ཤེས་པའི་དམིགས་པ་ལ་མ་འཁྲུལ་པ་ལ་དམིགས་པ་དང༌།སྤང་བྱ་འཇོམས་པའི་ནུས་པ་བླང་བར་བྱ་བ་དང༌། དོར་བར་བྱ་བའི་ངོ་བོ་ཉིད་ཀྱིས་མི་མཐུན་ཕྱོགས་འཇོམས༌༈ པ་དང༌། ཤེས་སྒྲིབ་ཀྱི་གཉེན་པོ་སྐྱེ་བའི་ནུས་པ་ལ་དམིགས་པ་དང༌། ལམ་གྱི་འབྲས་བུ་རང་དོན་གྱི་དབང་དུ་བྱས་པ་ཐེག་ཆེན་རང་གི་རྟོགས་པ་ལ་དམིགས་པ་དང༌། འབྲས་བུ་གཞན་དོན་གྱི་ནུས་པའི་དབང་དུ་བྱས་པ་ཐེག་ཆེན་རིགས་མ་ངེས་པ་རྣམས་ལ་ཉན་ཐོས་ལ་སོགས་པའི་ས་ཐག་བསྲིང་བར་བྱེད་པ་ལ་དམིགས་པ་དང༌། གཞན་དོན་གྱི་ལས་ཀྱི་དབང་དུ་བྱས་པ་བསམ་པ་དང་མཐུན་པར་སྤྲུལ་པས་སེམས་ཅན་གྱི་དོན་དེ་ཡི་ལས་ལ་དམིགས་པ་དང༌། འབྲས་བུ་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱེ་བོ་ཐམས་ཅད་མྱ་ངན་ལས་འདས་པ་ལ་འགོད་པར་བྱས་པའི་འབྲས་བུ་སྐྱོན་[57B]མེད་པ་ཉིད་ཀྱིས་འཇུག་པར་བྱེད་པའི་བཟུང་བ་ལ་དམིགས་པའི་ཡུལ་གྱི་དབྱེ་བས་དགུ་ཡོད་པའི་ཕྱིར། གཉིས་པ་ནི། བྱང་ཆུབ་སེམས་དཔའ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཉན་ཐོས་ལ་སོགས་པའི་ཡིད་ལས་བྱུང་བ་དམན་པའི་ལམ་འབྲས་བུ་དང་བཅས་པ་ལ་ལྡོག་བྱར་བདེན་པར་ཞེན་པའི་རྣམ་པར་རྟོག་པ་དེ་ནི་ཆོས་ཅན། དགུའི་བདག་ཉིད་དུ་འདོད་དེ། ཉན་རང་གི་ལམ་སྲིད་མཐའ་དང་ཞི་བའི་མཐར་ལྟུང་བའི་རྟོག་པ་དམན་པ་ཉིད་དང་ནི་བདག་རྐྱེན་དམན་པ་ལམ་ཁྱད་པར་ཅན་གྱི་ཡོངས་སུ་འཛིན་པ་མེད་པ་དང༌། གཞན་དོན་སྒྲུབ་པའི་ལམ་གྱི་རྣམ་པ་མཚང་བ་དང༌། རང་དོན་སྒྲུབ་པའི་ཐབས་དམན་པས་ཐར་པར་གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། དོན་གཉིས་སྒྲུབ་པའི་ཐབས་དམན་པ་ཆེན་པོ་གསུམ་ལ་མི་འཇུག་པས་ཆེད་དུ་བྱ་བ་ལོག་པ་དང༌། ང། སྤངས་པ་དམན་པ་ཉི་ཚེ་བ་དང༌། རྟོགས་པ་དམན་པ་འབྲས་བུ་དང་པོ་སོགས་རྟོགས་པ་སྣ་ཚོགས་པ་ཉིད་དང༌། ལམ་ཁྱད་པར་ཅན་མ་ཐོབ་པས་ཞི་མཐའ་མ་ཐོབ་བར་དུ་ཐེག་དམན་གྱི་ལམ་ལ་གནས་པ་དང༌། འཇུག་པ་རྨོངས་པ་དང༌། འབྲས་བུ་ཁྱད་པར་ཅན་མ་ཐོབ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང༌། ཐོབ་པར་བྱ་བ་ཞེས་བྱ་བ་ལ་རྣམས་ལ་ཉེས་པ་དང་བཅས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་འཇུག་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་ལྡོག་པར་བྱའོ་ཞེས་དམིགས་པའི་སྒོ་ནས་དགུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས།རྫས་འཛིན་རྟོག་པ་རྒྱས་པར་བཤད་པ་དང༌། བཏགས་འཛིན་རྟོག་པ་རྒྱས་པར་བཤད་པའོ།།དང་པོ་ནི། འཛིན་པའི་རྣམ་པར་རྟོག་པ་དང་པོ་ཆོས་ཅན། དགུར་ཤེས་པར་བྱ་སྟེ། བླང་དོར་དུ་ཞེན་པ་སྒྱུ་མ་བཞིན་དུ་ཡོན་ཏན་འཛིན་པ་དང་ནི་སྐྱོན་འདོར་བའི་གང་ཟག་ལ་དམིགས་པ་དང༌། གནས་ལུགས་ཀྱི་དོན་ཡིད་ལ་མི་བྱེད་པར་བདེན་[58A]པར་ཡིད་ལ་བྱེད་པ་ལ་དམིགས་པ་དང༌། བདེན་པར་ཡིད་ལ་བྱས་པས་ཁམས་རྣམས་ནི་གསུམ་པོ་དག་དང་ཉེ་བར་འབྲེལ་པ་ལ་དམིགས་པ་དང༌།ཆོས་ཐམས་ཅད་བདེན་པར་བཟུང་ནས་གནས་པ་ལ་དམིགས་པ་དང༑ ཐམས་ཅད་དུ་བདག་མེད་ལ་མངོན་པར་ཞེན་པ་ལ་དམིགས་པ་དང༌། ཆོས་ཀྱི་དངོས་པོ་བཏགས་པ་ཙམ་དུ་ཁོང་དུ་ཆུད་པ་ལ་དམིགས་པ་དང༌། མི་མཐུན་ཕྱོགས་ལ་ཆགས་པ་ལ་དམིགས་པ་དང༌། མཚན་འཛིན་གྱི་གཉེན་པོ་ལ་གདམས་པ་དང༌། རྣམ་མཁྱེན་དུ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ལ་ཉམས་པ་སྟེ་ཡུན་རིང་དུ་ཐོགས་པའི་གང་ཟག་རྣམས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་ཀུན་བཏགས་ཀྱིས་བསྡུས་པ་རྣམས་ཡོད་པའི་ཕྱིར། གཉིས་པ་ནི།འཛིན་པའི་རྣམ་རྟོག་གཞན་མཐོང་སྤངས་ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཆོས་ཅན། དགུ་ཡོད་དེ། ཐེག་དམན་གྱི་ལམ་གྱི་ཆེད་དུ་བྱ་བ་ཆེན་པོ་གསུམ་དུ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བའི་སྐྱེས་བུ་ལ་དམིགས་པ་དང༌། ལམ་གཞན་ཕར་ཕྱིན་དྲུག་ལ་ལམ་མ་ཡིན་པར་ངེས་པར་འཛིན་པ་ལ་སྐྱེས་བུར་བཏགས་པ་ལ་དམིགས་པ་དང༌། རྒྱུ་འགག་པ་དང་བཅས་པའི་འབྲས་བུ་སྐྱེ་བ་ཀུན་རྫོབ་ཀྱི་ངོ་བོ་ལས་གཞན་པ་ལ་དོན་དམ་པར་ཞེན་པའི་སྐྱེས་བུ་ལ་དམིགས་པ་དང༌། ལམ་གྱི་དངོས་པོ་མཐའ་དག་རྒྱུན་མི་འཆད་དུ་ལྡན་པ་དང་མི་ལྡན་པ་ལ་བདེན་པར་འཛིན་པའི་སྐྱེས་བུར་བཏགས་པ་ལ་དམིགས་པ་དང༌། གཟུགས་བདེན་པར་ཞེན་པའི་ཚུལ་གྱིས་གནས་པ་ལ་སྐྱེས་བུར་བཏགས་པ་ལ་དམིགས་པ་དང༌། སེམས་བསྐྱེད་སོགས་ཀྱི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་ནི་འཇིག་ཤིང་ཉམས་པ་ལ་སྐྱེས་བུར་བཏགས་པ་ལ་དམིགས་པ་དང༌། སྟོང་པ་ཉིད་ཀྱིས་ཆོག་པར་བཟུང་ནས་སངས་རྒྱས་དོན་དུ་གཉེར་བའི་འདོར་བ་མེད་པ་ལ་སྐྱེས་བུར་[58B]བཏགས་པ་ལ་དམིགས་པ་དང༌། རྒྱུ་ཤེར་ཕྱིན་སྒོམ་པ་མེད་པ་ལ་སྐྱེས་བུར་བཏགས་པ་ལ་དམིགས་པ་དང༌། བདུད་ལ་སོགས་པ་བྱང་ཆུབ་ལ་བར་དུ་གཅོད་བྱེད་ཀྱི་ཕྱིར་རྒོལ་བའི་དངོས་པོ་རྣམས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བདེན་འཛིན་ཀུན་བཏགས་ཀྱིས་བསྡུས་པའི་ཡུལ་གྱི་དབྱེ་བས་དགུ་ཡོད་པའི་ཕྱིར། གཉིས་པ་གཉེན་པོ་མཐོང་ལམ་རྩེ་སྦྱོར་ལ་གསུམ། མཐོང་ལམ་རྩེ་སྦྱོར་གྱི་རྒྱུན་མཐོང་ལམ་རྩེ་སྦྱོར་གྱི་འབྲས་བུ་བྱང་ཆུབ་ཆེན་པོ།།མཐོང་ལམ་རྩེ་སྦྱོར་རང་གི་ངོ་བོ་བཤད་པའོ།།དང་པོ་ནི།མཐར་ཐུག་གི་རྒྱུ་བྱང་ཆེན་བ་སྐྱེད་པའི་རྒྱུ་མཐོང་ལམ་རྩེ་སྦྱོར་བསྐྱེད་པ་ལ་རྒྱུ་ཚོགས་གཉིས་དང་ལྡན་པ་ལས་འགྱུར་ཏེ། ཐེག་པ་ཆེན་པོའི་རིགས་ཅན་བྱང་ཆུབ་ལ་འགོད་པའི་དོན་དུ་དེའི་ཐབས་གཞན་ལ་སྟོན་པ་རྒྱུ་གཅིག་དང་བྱང་ཆུབ་དེའི་རྒྱུ་ཤེར་ཕྱིན་གྱི་ཚིག་དོན་ནི་ཡོངས་སུ་གཏོད་པ་རྒྱུ་གཉིས་པ་དང༌། མཐོང་ལམ་རྩེ་སྦྱོར་ཐོབ་པའི་བར་ཆད་མེད་པའི་རྒྱུ་མཉམ་གཞག་ཏུ་ཤེར་ཕྱིན་སྒོམ་པ་དང་རྗེས་ཐོབ་ཏུ་གཞན་ལ་སྟོན་པ་ལ་སོགས་པའི་བསོད་ནམས་མང་པོ་ཉིད་དང་ལྡན་པའི་ཡེ་ཤེས་རྒྱུ་གཉིས་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ།རང་ལུགས་ཀྱི་བྱང་ཆེན་ངོས་བཟུང་བ་དང༌། དངོས་པོ་བདེན་པར་ཁས་ལེན་པ་ལ་དེ་མི་འཐད་པ། མཐར་ཐུག་གི་བྱང་ཆེན་ཐོབ་པར་འདོད་པས་ཆོས་ཐམས་ཅད་བདེན་སྟོང་དུ་ཁས་ལེན་དགོས་པར་བསྟན་པའོ།།དང་པོ་ནི།དོན་དམ་པར་ཟད་དང་སྐྱེ་བ་མེད་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་དེ་དག་གོ་རིམས་བཞིན་དུ་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཆེན་པོར་ཤེས་པར་བྱ་སྟེ། དོན་དམ་པར་དྲི་མ་ཟད་པ་མི་སྐྱེ་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་པའི་བྱང་ཆུབ་ཆེན་པོ་ཞེས་མདོ་ལས་བརྗོད་ཅིང་དེ་ལྟར་རིགས་པའི་[59A]ཕྱིར༑ སྒྲིབ་པ་དོན་དམ་པར་ཟད་པ་མེད་པ་དང༌། དོན་དམ་པར་སྐྱེ་བ་མེད་པ་ཞེས་མདོ་ལས་སྟོན་པའི་རྒྱུ་མཚན་ཡོད་དེ། དོན་དམ་པར་ཟད་མེད་དུ་རྟགས་ཡང་དག་ལ་བརྟེན་ནས་འགྲུབ་པའི་ཕྱིར། གཉིས་པ་ལ་གཉིས།རིགས་པ་དང་འགལ་བ་དང༌། ཁས་བླངས་དང་འགལ་བ་དགག་པའོ།།དང་པོ་ནི། དངོས་པོར་སྨྲ་བ་ཁྱེད་ཀྱིས་ཐེག་པ་ཆེན་པོའི་མཐོང་ལམ་མཐོང་བའི་ལམ་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན།།ཤེས་སྒྲིབ་གྱི་རྣམ་པར་རྟོག་པའི་སྡིག་པ་བདེན་གྲུབ་ཅི་ཞིག་ཟད་ཅིང༌། བདེན་གྲུབ་སྐྱེ་འཕྲོ་ཆད་པའི་སྐྱེ་མེད་ཀྱི་རྣམ་པའི་འགོག་བདེན་ཅི་ཞིག་ཐོབ་སྟེ་མི་ཐོབ་པར་ཐལ། དྲི་མ་བདེན་གྲུབ་སྔར་ཡོད་པ་གསར་དུ་འགགས་པའི་འགོག་པ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། དེར་ཐལ། དྲི་མ་བདེན་གྲུབ་སྔར་ནས་ཡོད་མ་མྱོང་བའི་ཕྱིར། ཐལ་བ་སྔ་མ་ཁས་བླངས་སོ།།གཉིས་པ་ནི། དངོས་པོར་སྨྲ་བ་གཞན་གྱི་ལུགས་ལ་ཕྱི་དང་ནང་གི་ཆོས་རྣམས་ཀྱང་དོན་དམ་པར་ཡོད་པ་ལ་ཤེས་བྱ་ལ་ཡང་རྨོངས་པའི་སྒྲིབ་པ་སྟོན་པ་ཡིས་ཟད་པར་བརྗོད་པ་གང་ཡིན་པ་དེ་ལ་བྱམས་པ་མགོན་པོ་ཁོ་བོས་མཚར་དུ་རྩིས་ཏེ། དངོས་པོ་དོན་དམ་པར་གྲུབ་ན་སྒྲིབ་པ་སྤང་དུ་མི་རུང་བའི་ཕྱིར། གསུམ་པ་ལ་གསུམ། གཞི་དངོས་པོའི་གནས་ལུགས། དེ་རྟོགས་པའི་ལྟ་བ། ལྟ་བ་གོམས་པའི་འབྲས་བུའོ།།དང་པོ་ནི།ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་ལ་སྔར་ཡོད་གསར་དུ་བསལ་བར་བྱ་བ་བདག་གཉིས་དང་ཉོན་མོངས་དོན་དམ་པར་གྲུབ་པ་ཅི་ཡང་མེད་དེ། དེ་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར། ཁམས་འདི་ལ་སྔར་མེད་གསར་དུ་བདག་མེད་པ་གཉིས་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། གང་ཟག་དང་ཆོས་ཀྱི་བདག་གིས་དབེན་པ་འདིའི་རང་བཞིན་ཡིན་པའི་ཕྱིར། གཉིས་པ་ནི། ཡང་དག་པ་གང་ཟག་དང་ཕུང་པོ་དོན་དམ་པར་གྲུབ་པས་སྟོང་པ་ཉིད་ལ་དེ་ལྟར་ཡང་དག་པར་ལྟ་བའི་དོན་དམ་[59B]པར་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ནི་གནས་ལུགས་ཀྱི་དོན་ཁོང་དུ་ཆུད་པའི་ལྟ་བ་ཡིན་ནོ།།གསུམ་པ་ནི། སྤྱོད་ཕྱོགས་ཐབས་ཀྱི་ཆ་རྒྱ་ཆེན་པོས་ཟིན་པར་བྱས་ཏེ་ཡང་དག་པའི་དོན་མངོན་སུམ་དུ་མཐོང་ནས་ཡང་དང་ཡང་དུ་གོམས་པར་བྱས་ན་རྣམ་པར་གྲོལ་བར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་ཕྱིར། གསུམ་པ་མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་ལ་གཉིས། དངོས་དང༌། སྤངས་པ་ལ་དབང་བྱེད་པའོ།།དང་པོ་ནི།སྦྱིན་པ་ལ་སོགས་རེ་རེར་ནི་ཕར་ཕྱིན་དྲུག་པོ་དེ་དག་ཕན་ཚུན་བསྡུས་པ་གང་ཡིན་པ་སྐད་ཅིག་གཅིག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པའི་བར་ཆད་མེད་ལམ་དེ་ཆོས་ཅན། སྐབས་འདིར་མཐོང་བའི་ལམ་རྩེ་སྦྱོར་ཡིན་ཏེ། མཐོང་སྤངས་གཟུང་འཛིན་གྱི་རྣམ་པར་རྟོག་པའི་ས་བོན་དངོས་སུ་འཇོམས་བྱེད་ཀྱི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་སྤོང་ཚུལ་བསྟན་པ་དེ་ནས་མཐོང་ལམ་རྩེ་སྦྱོར་སྒོམ་པའི་རྣལ་འབྱོར་པ་དེ་ཆོས་ཅན། སྤང་བྱ་ལ་དབང་བྱེད་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། མཉམ་གཞག་ཏུ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ལ་གནས་ནས་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལུགས་མཐུན་དང་ལུགས་མི་མཐུན་ལ་རྟོག་པར་བྱེད་པའི་ཕྱིར། གསུམ་བ་སྒོམ་ལམ་རྩེ་སྦྱོར་ལ་གསུམ། གཉེན་པོ་སྒོམ་ལམ།སྤང་བྱ་རྟོག་པ། གཉེན་པོས་སྤང་བྱ་སྤངས་པའི་ཕན་ཡོན་ནོ།དང་པོ་ནི། འདིར་ཐོད་བརྒལ་དུ་ནི་སྙོམ་པར་འཇུག་པ་ཡིན་ཏེ། སྦྱོར་བ་དངོས་གཞི་གཉིས་ཀྱི་སྒོ་ནས་སྙོམ་པར་འཇུག་པའི་ཕྱིར། དེ་ཡང་སྦྱོར་བ་སྔོན་དུ་བཏང་ནས་སྙོམས་པར་འཇུག་པ་ཡིན་ཏེ། དངོས་གཞིའི་དང་པོར་འགོག་པ་དང་བཅས་པའི་སྙོམ་འཇུག[60A]དགུར་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པ་རྣམ་པ་གཉིས་སུ་ཡར་སོང་ཞིང་མར་འོངས་ནས་དེའི་རྗེས་སུ་དངོས་གཞི་རྩོམ་པའི་ཕྱིར། འདོད་པར་གཏོགས་པའི་རྣམ་པར་ཤེས་པ་མཉམ་གཞགམིན་པའི་མཚམས་བཟུང་སྟེ་གནས་པ་ལ་དགོས་པ་ཡོད་དེ། མར་འོངས་མཐར་གནས་སྙོམ་འཇུག་དགུ་ལ་འདོད་སེམས་སྤེལ་བའི་ཆེད་ཡིན་པའི་ཕྱིར།བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། མཐར་གནས་སྙོམ་འཇུག་དགུ་ལ་འདོད་སོམས་སྤེལ་ཏེ། དང་པོར་འགོག་པ་ལ་སྙོམ་པར་འཇུག། དེ་ནས་འདོད་སེམས་ལ།དེ་ནས་འགོག་པ་གཅིག་པུ་གྲལ་ནས་སྲིད་རྩེ་ལ། དེ་ནས་འདོད་སེམས་ལ། དེ་ནས་འགོག་པ་དང་སྲེད་རྩེ་གཉིས་གྲལ་ནས་ཅི་ཡང་མེད་ལ།དེ་ནས་འདོད་སེམས་ལ། དེ་ནས་སྔ་མ་གཉིས་དང་གསུམ་བརྒལ་ནས་རྣམ་ཤེས་མཐའ་ཡས་ལ། དེ་བཞིན་དུ་བཞི་བརྒལ་ནས་ནམ་མཁའ་མཐའ་ཡས་དང་འདོད་སེམས་ལ་ལྔ་བརྒལ་ནས་བསམ་གཏན་བཞི་པ་དང་འདོད་སེམས་ལ་དྲུག་བརྒལ་ནས་གསུམ་པ་དང་འདོད་སེམས་ལ་བདུན་བརྒལ་ནས་གཉིས་པ་དང་འདོད་སེམས་ལ། བརྒྱད་བརྒལ་ནས་བསམ་གཏན་དང་པོ་ལ། དེ་ནས་འདོད་སེམས་སྔོན་དུ་བྱས་ནས་སྙོམ་པར་འཇུག་ནུས་པའི་ཕྱིར། ཇི་སྐད་བཤད་པའི་སྙོམ་འཇུག་དེ་ལ་ཐོད་བརྒལ་གྱི་སྙོམ་འཇུག་ཅེས་བྱ་སྟེ། བསམ་གཏན་བཞི་དང་གཟུགས་མེད་བཞི། འགོག་པའི་བར་དུ་མཉམ་པར་གཞག་མ་བཞག་མི་འདྲ་བར་སྤེལ་བའི་སྒོ་ནས་འགྲོ་བའི་སྙོམ་འཇུག་ཡིན་པའི་ཕྱིར། གཉིས་པ་ལ་གཉིས།གཟུང་རྟོག་དང༌།འཛིན་རྟོག་གོ །དང་པོ་ལ་གཉིས། འཇུག་པ་གཟུང་རྟོག་དང༌། ལྡོག་པ་གཟུང་རྟོག་གོ །དང་པོ་ནི། སྒོམ་སྤངས་འཇུག་པ་གཟུང་རྟོག་ལ་ཡུལ་གྱི་སྒོ་ནས་དགུ་ཡོད་དེ། གསུང་རབ་ཀྱི་ཆོས་མདོར་བསྡུས་པ་བརྗོད་བྱ་དང་བཅས་པ་དང༌། གསུང་རབ་ཀྱི་[60B]ཆོས་རྒྱས་པ་བརྗོད་བྱ་དང་བཅས་པ་དང༌། མདོ་རྒྱས་ཀྱི་དོན་སྒྲུབ་པ་ནན་ཏན་མི་བྱེད་པས། སངས་རྒྱས་ཀྱི་མགོན་བྱས་པའི་སྒོ་ནས་བཏང་བས་ཡོངས་སུ་མ་བཟུང་བའི་གཉེན་པོ་ཤེར་ཕྱིན་གྱི་རྣལ་འབྱོར་ཡིད་ལ་བྱེད་པ་དང༌། མཐོང་ལམ་ལ་བལྟོས་ཏེ་བྱུང་བ་འགོག་པ་ཉིད་ཀྱིས་སྦྱོར་བའི་ལམ་གྱི་ཡོན་ཏན་དོན་དམ་པར་མེད་པ་ཐ་སྙད་དུ་ཡོད་པ་དང༌། དོན་དམ་པར་མཐའ་བཞིར་སྐྱེ་བའི་རྒྱུ་དང་མི་ལྡན་པའི་ལྟ་བའི་མཐོང་ལམ་གྱི་ཡོན་ཏན་དོན་དམ་པར་མེད་པ་ཐ་སྙད་དུ་ཡོན་པ་དང༌།མཐོང་ལམ་གྱི་དུས་ན་མ་འོངས་པའི་སྒོམ་ལམ་གྱི་ཡོན་ཏན་མེད་པ་ཡང་ཡིན། སྒོམ་ལམ་གྱི་དུས་སུ་ཡོད་པའི་དུས་གསུམ་གྱི་ཡོན་ཏན་མེད་པ་དང༌། ཕྱིན་ཅི་ལོག་ཞི་བས་ལེགས་པའི་སྦྱོར་བའི་ལམ་དང༌། མཐོང་བའི་ལམ་དང༌། སྒོམ་པའི་ལམ་ནི་རྣམ་པ་གསུམ་པོ་རྣམས་ལ་དམིགས་ནས་འཇུག་བྱར་བདེན་པར་ཞེན་པའི་ལྷན་སྐྱེས་ཀྱི་རྟོག་པ་དགུ་ཡོད་པའི་ཕྱིར། དགུ་པོ་བཟུང་བའི་རྣམ་པར་རྟོག་པ་འདི་གཅིག་སྟེ། སྒོམ་སྤངས་གཟུང་རྟོག་དགུ་པོ་སྐབས་འདིར་སྤང་བར་བྱ་བ་ཡིན་ཏེ། སྒོམ་ལམ་གྱི་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་སྦྱོར་བ་ཉེར་(BSDGS)་ཀྱི་སྤང་བྱ་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་སྒོམ་སྤངས་གཟུང་རྟོག་གཉིས་པ་ལྡོག་པ་གཟུང་རྟོག་ཆོས་ཅན། ཁྱོད་ཀྱི་གཉེན་པོ་ཡོད་དེ། ཐེག་ཆེན་གྱི་སྒོམ་ལམ་གྱིས་བསྡུས་པའི་སེམས་དང་སེམས་བྱུང་རྣམས་འཇུག་པའི་ཡུལ་ཅན་བར་ཆད་མེད་ལམ་རྣམས་ཀྱིས་སྤང་བ་ཡིན་པར་བཞེད་པའི་ཕྱིར། ཐེག་ཆེན་གྱི་སྒོམ་པའི་ལམ་གྱི་སྤང་བྱ་ལྡོག་པ་གཟུང་རྟོག་དེ་ལ་ཡུལ་གྱི་སྒོ་ནས་དགུར་ཤེས་པར་བྱ་སྟེ༌༈། བཞི་པ་བགྲོད་བ་གཅིག་པུ་པའི་ཉན་ཐོས་ཚོགས་ལམ་པ་དགྲ་བཅོམ་མ་ཐོབ་བར་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་ཆོས་སྐུ་ཡིད་ལ་མི་བྱེད་པ་དང༌། ཉན་ཐོས་ཀྱི་སྦྱོར་ལམ་ལ་གནས་པའི་ཞི་བ་བགྲོད་པ་གཅིག་པུ་བ་ [061A]ཉན་ཐོས་དེའི་ཐེག་པ་ཡིད་ལ་བྱེད་པ་དང༌། རིགས་ངེས་པའི་རང་རྒྱལ་སྦྱོར་ལམ་པ་རང་རྒྱལ་དེའི་ཐེག་པ་ཡིད་ལ་བྱེད་པ་དང༌། བགྲོད་པ་གཅིག་པའི་ཉན་ཐོས་མཐོང་ལམ་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་རེ་ཞིག་ཐོབ་བྱར་ཡིད་ལ་མི་བྱེད་པ་དང༌། ཉན་ཐོས་སྒོམ་ལམ་པས་ཐབས་ཤེས་དང་བྲལ་བའི་ཤེར་ཕྱིན་གྱི་གཟུགས་བརྙན་སྒོམ་པ་དང༌། ཉན་ཐོས་དགྲ་བཅོམ་པས་གནས་ལུགས་ཀྱི་དོན་སྒོམ་པ་མེད་པ་དང༌། དེ་དག་ལས་ནི་བཟློག་པ་གནས་ལུགས་ཀྱི་དོན་སྒོམ་པ་ཡང་མེད་པ་དང༌། ཤེར་ཕྱིན་གྱི་གཟུགས་བརྙན་མི་རྟག་སོགས་སྒོམ་པ་མེད་པ་ཡང་མ་ཡིན་པ་ཉིད་དང༌། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ལ་ཞེན་པའི་རྣམ་པར་རྟོག་པ་རྣམས་ལ་དམིགས་ནས་བྱང་སེམས་ཀྱི་ལྡོག་བྱར་ཞེན་པ་དགུ་ཡོད་པའི་ཕྱིར།གཉིས་བ་འཛིན་རྟོག་ལ་གཉིས། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པའོ།།དང་པོ་ནི། འཛིན་པར་བྱེད་པ་དང་པོ་རྫས་འཛིན་རྟོག་པར་ཤེས་པར་བྱ་བ་མདོ་ལས་བསྒྲགས་པ་ཡིན་ལ། དེ་ཡང་ཡུལ་གྱི་དབྱེ་བས་དགུ་ཡོད་དེ། ཤེས་བྱའི་དབང་དུ་བྱས་པ་ཕུང་པོ་ལྔ་ལ་སེམས་ཅན་དུ་བཏགས་པ་ལ་དམིགས་པའི་སྤྱོད་ཡུལ་ཅན་དང༌། ཕུང་སོགས་ལ་ཆོས་སུ་བཏགས་པ་དང༌། ཆོས་ཐམས་ཅད་ཐ་སྙད་དུ་ཡང་མེད་པའི་སྟོང་པ་མ་ཡིན་པ་ཉིད་དང༌། ལྟ་བའི་དབང་དུ་བྱས་པ་སོ་སོ་སྐྱེ་བོའི་ཆོས་ལ་བདེན་པར་ཆགས་པ་དང༌། བྱང་སེམས་སོགས་གནས་ལུགས་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་དང༌། སྤྱོད་པའི་དབང་དུ་བྱས་པ་ཉན་རང་འཁོར་བའི་སྡུག་བསྔལ་ཞི་བའི་དངོས་པོ་ཆེད་དུ་བྱ་བ་དོན་དུ་གཉེར་བར་བྱེད་པ་དང༌། བྱང་ཆུབ་སེམས་དཔའ་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་དང༌། དམན་པའི་ལྟ་སྤྱོད་ཀྱི་དབང་དུ་བྱས་པ་ཆོས་ཉིད་ལ་ཡང་དག་པར་མ་ཞུགས་པའི་ཉན་ཐོས་ཚོགས་ལམ་པ་སོགས་ཡོན་ཏན་ཡོན་ནི་ཡོངས་སུ་དག་པ་མ་ཡིན་པ་དང༌། དེ་དག་ཕྱིན་དྲུག་གི་སྤྱོད་[061B]པ་རྣམ་པར་འཁྲུག་པ་རྣམས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་རྟོག་པ་ལྷན་སྐྱེས་སྒོམ་པའི་ལམ་གྱི་སྦྱོར་བའི་སྐབས་ཀྱི་སྤང་བར་བྱ་བ་དགུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་བར་བཤད་པའོ།།དང་པོ་ནི། སེམས་ཅན་དུ་བཏགས་པ་དང༌། ཐ་སྙད་དེ་འདོགས་པའི་རྒྱུ་ཕུང་སོགས་ལ་བདེན་པར་ཞེན་པའི་ཡུལ་ཅན་སྒོམ་ལམ་དེ་ཡིས་རྣམ་པར་འཇོམས་པ་ལྷན་སྐྱེས་གྱི་བཏགས་འཛིན་རྟོག་པ་ཆོས་ཅན།ཐེག་ཆེན་འཕགས་པའི་སྒོམ་པའི་ལམ་དང་སྤང་གཉེན་དུ་འབྲེལ་བའི་མི་མཐུན་ཕྱོགས་རྫས་འཛིན་ལས་གཞན་རྣམ་པ་དགུ་ཡོད་དེ། ཡུལ་གྱི་སྒོ་ནས་དབྱེ་བས་དགུ་ཡོད་པའི་ཕྱིར། གཉིས་པ་ནི། སྒོམ་སྤངས་བཏགས་འཛིན་རྟོག་པ་དགུ་ཡོད་དེ།མཁྱེན་གསུམ་གྱི་བདག་ཉིད་ཇི་བཞིན་དུ་ཀུན་མཁྱེན་གསུམ་གྱི་སྒྲིབ་པ་རྣམ་པ་གསུམ་ལ་རྨོངས་པ་གསུམ་དང༌། ལམ་གྱི་ངོ་བོ་ལ་རྨོངས་པ་སྒྲིབ་པ་ཐམས་ཅད་ཞི་བའི་ལམ་ལ་རྨོངས་པ་དང༌། ལམ་གྱི་དམིགས་པ་ལ་རྨོངས་པ་དེ་བཞིན་ཉིད་ལ་སོགས་པ་དང༌། གཟུགས་སོགས་མཚུངས་པར་ལྡན་པ་བདེན་གཉིས་ངོ་བོ་གཅིག་པ་དང་མི་ལྡན་པ། བདེན་གཉིས་ངོ་བོ་ཐ་དད་པ་ལ་རྨོངས་པ་དང༌། ཐེག་དམན་དང་ཐེག་ཆེན་གྱི་ལམ་མི་མཉམ་པ་ལ་རྨོངས་པ་དང༌། སྡུག་བསྔལ་ལ་སོགས་པའི་ཆོས་ཉིད་ལ་རྨོངས་པ་དང༑ སྡང་བྱའི་རང་བཞིན་ལ་རྨོངས་པ་དང༌།།གློ་བུར་བ་དང་སྟོང་པ་ཉིད་མ་ཤེས་པས་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ལ་རྨོངས་པ་དང༌། ཆོས་ཀྱི་བདག་མེད་རགས་པ་ལ་རྨོངས་པ་གཟུགས་འཛིན་གྱི་རྫས་ཐ་དད་ཀྱིས་སྟོང་བའི་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པའི་ཀུན་རྨོངས་དགུ་པོ་ལ་སྐྱེས་བུར་བཏགས་པ་ལ་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་ལྷན་སྐྱེས་ཀྱི་རྟོག་པ་དགུ་སྤང་བྱ་རྣམ་པར་རྟོག་པ་ཐ་མར་བཞེད་པའི་ཕྱིར།[062A]འདི་དག་ཕལ་ཆེར་རྟོག་པ་མངོན་གྱུར་གྱི་སྒོ་ནས་བསྟན་པ་ཡིན་གྱི། སྤང་བྱའི་གཙོ་བོ་ནི་དེ་དག་གི་ས་བོན་དུ་ཤེས་པར་བྱའོ།།གསུམ་པ་ཕན་ཡོན་ནི། ཐེག་པ་གསུམ་གྱི་འབྲས་བུ་སྤངས་རྟོགས་ཀྱི་འབྲས་བུ་མཆོག་གི་སྦ་བ་སྟེ༑ མཛེས་པ་ཡི་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་སེམས་དཔའ་ཆེན་པོ་དེ་ལ་ནི་ཆོས་ཅན། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞིན་དུ་རྣམ་པ་ཀུན་ཏུ་འགྲོ་བ་ཡི་གནས་སྐབས་དང་མཐར་ཐུག་གི་བདེ་བ་སྒྲུབ་པར་བྱེད་པའི་ཐེག་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་རྣམ་པ་ཀུན་ཏུ་བསྟེན་པར་བྱེད་དོ།དུ་མ་ལ་འཚེ་བར་བྱེད་པས་ཡམས་ནད་དང་འདྲ་བའི་སྒོམ་སྤངས་རྟོག་པ་བཞི་པོ་ཆུང་ངུའི་ཆུང་ངུས་བསྡུས་པ་ལ་སོགས་པ་འདི་རྣམས་ཟད་ནས་ནི་ཡོན་ཏན་དེ་དག་བསྟེན་པ་ལ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བའི་ཕྱིར། དཔེར་ན་ནད་པ་ནད་ལས་གྲོལ་ཏེ་ཡུན་རིང་པོ་ལོན་ནས་དགའ་བས་དབུགས་ཕྱིན་པ་ཐོབ་པ་ལྟར་ཡིན་པའི་ཕྱིར། བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་ལ་གཉིས།དངོས་དང༌། ལོག་རྟོག་བསལ་བའོ།།དང་པོ་ལ་གཉིས། བསོད་ནམས་མང་པོས་མཚོན་ཏེ་བསྟན་པ་དང༌། དམིགས་རྣམ་བཤད་པའོ།།དང་པོ་ནི། རྒྱུན་མཐའི་བར་ཆད་མེད་པའི་ཏིང་ངེ་འཛིན་དེ་ནི་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ཏེ། རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་རང་བཞིན་སངས་རྒྱས་ཉིད་ཀྱི་བར་ཆད་མེད་པའི་དངོས་རྒྱུ་མཐར་ཐུག་ཡིན་པའི་ཕྱིར། མདོ་ལས། བར་ཆད་མེད་རྩེ་འདི་ཡི་འབྲས་བུ་བསོད་ནམས་མང་བ་ཉིད་ཀྱི་སྒོ་ནས་མཚོན་ཏེ་བསྟན་པ་ཡིན་ཏེ། སྟོང་གསུམ་གྱི་སྐྱེ་བོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྟོགས་པ་ཕུན་ཚོགས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་དང་པོ་ལ་བཀོད་པའི་དགེ་བ་རྣམས་བསོད་ནམས་ཆེ་བ་དཔེར་མཛད་ནས་དེ་བས་བར་ཆད་མེད་རྩིའི་འབྲས་བུ་སངས་རྒྱས་[062B]བསོད་ནམས་མང་པོ་ཉིད་ཀྱིས་ནི་མཚོན་ནས་བསྟན་པའི་ཕྱིར། དེ་ཡང་དངོས་འབྲས་བསོད་ནམས་མང་བས་དངོས་རྒྱུ་བསོད་ནམས་མང་བར་མཚོན་པའོ།།གཉིས་པ་ནི། བདེན་པའི་དངོས་པོར་མེད་པ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་འདི་ཡི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། རྒྱུན་མཐའི་སྦྱོར་བའི་ལམ་གྱིས་བསྡུས་པའི་དྲན་པ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། བར་ཆད་མེད་རྩེའི་བདག་པོའི་རྐྱེན་ཡིན་པར་བཞེད་དེ། དེ་བསྐྱེད་པ་ལ་རང་དབང་དུ་གྱུར་པའི་རྐྱེན་ཡིན་པའི་ཕྱིར། བར་ཆད་མེད་རྩེ་ཆོས་ཅན། རང་བཞིན་གྱིས་ཞི་བ་ཉིད་ཀྱི་རྣམ་པ་ཅན་ཡིན་ཏེ། ཆོས་ཐམས་ཅད་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། བར་ཆད་མེད་རྩེའི་དམིགས་རྣམ་གྱི་གནས་འདི་ཤིན་ཏུ་ཟབ་པ་ཡིན་ཏེ། དམིགས་རྣམ་འདི་ལ་ནི་བདེན་གཉིས་འགལ་བར་རབ་ཏུ་སྨྲ་བ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་མར་དམིགས་རྐྱེན་ཡིན་ན་བདེན་པར་གྲུབ་ལ༑ བདེན་པར་མེད་ན་དམིགས་རྐྱེན་དུ་འགལ་ལོ་ཞེས་རྒོལ་བའི་ཕྱིར།གཉིས་པ་ནི། རྣམ་པ་ཀུན་མཁྱེན་པ་ཉིད་དང་དེའི་རྒྱུ་བར་ཆད་མེད་རྩེའི་དམིགས་རྣམ་ལ་རྟེན་པ་ཅན་བདེན་གཉིས་འགལ་བར་སྨྲ་བ་རྣམས་ཀྱི་ལོག་པར་རྟོག་པ་རྣམ་པ་བཅུ་དྲུག་དག་ཏུ་བཞེད་དེ། ཡུལ་གྱི་སྒོ་ནས་བཅུ་དྲུག་ཏུ་ཡོད་པའི་ཕྱིར། བཅུ་དྲུག་པོ་ཡོད་དེ། བར་ཆད་མེད་རྩེ་དང་རྣམ་མཁྱེན་གྱི་དམིགས་པ་འཐད་པ་མ་ཡིན་པ་དང༌། དམིགས་པ་དེའི་ངོ་བོ་ཉིད་ཀྱི་སྤྲོས་བྲལ་ངེས་པར་བཟུང་བའི་རྣམ་པ་མི་འཐད་པར་ཐལ་བ་ལམ་སྒོམ་པའི་དམིགས་རྣམ་ལ་ལོག་པར་རྟོག་པ་གཉིས་དང༌། རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མི་འཐད་པར་ཐལ་བ་འབྲས་བུ་ལ་ལོག་པར་རྟོག་པ་གཅིག་དང༌།དོན་[063A]དམ་པའི་དོན་དང་ཀུན་རྫོབ་མི་འཐད་པ་བཞིའི་གནས་ལུགས་དོན་དམ་དང་ཀུན་རྫོབ་ལ་ལོག་པར་རྟོག་པ་གཉིས་དང༌། ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བ་མི་འཐད་པ་སྤྱོད་པའི་ངོ་བོ་ལ་ལོག་པར་རྟོག་པ་དང་དཀོན་མཆོག་གསུམ་པོ་མི་འཐད་པ་སྤྱོད་པའི་རྟེན་སྐྱབས་སུ་འགྲོ་ཡུལ་ལ་ལོག་པར་རྟོག་པ་གསུམ་དང༌། ཐབས་ལ་མཁས་པ་དང་བཅས་པ་མི་འཐད་པ་སྤྱོད་པའི་ཁྱད་པར་ལ་ལོག་པར་རྟོག་པ་དང༌། ཐུབ་པ་དེ་བཞིན་གཤེགས་པའི་རྟོགས་པ་མི་འཐད་པ་མངོན་རྟོགས་ལ་ལོག་པར་རྟོག་པ་དང༌། ཕུང་པོ་རྟག་པར་འཛིན་པའི་ཕྱིན་ཅི་ལོག་པ་ནི་གཞི་མི་འཐད་པ་སྤང་བྱ་ལ་ལོག་པར་རྟོག་པ་དང༌། ལམ་གྱི་ངོ་བོ་མི་འཐད་པ་ལམ་གྱི་ངོ་བོ་ལ་ལོག་པར་རྟོག་པ་བཅས་པ་དང༌། གཉེན་པོ་དང་མི་མཐུན་པའི་ཕྱོགས་དག་མི་འཐད་པ་སྤང་གཉེན་གྱི་དབྱེ་བ་ལ་ལོག་པར་རྟོག་པ་དང༌། ཆོས་ཀྱི་རང་སྤྱིའི་མཚན་ཉིད་མི་འཐད་པ་མངོན་རྟོགས་ལ་ལོག་པར་རྟོག་པ་དང༌། བསྒོམ་བྱ་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ལ་ལོག་པར་རྟོག་པ་དང༌། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སྒོམ་པ་མི་འཐད་པར་ཐལ་བ་རང་སྤྱིའི་མཚན་ཉིད་སྒོམ་པ་ལ་ལོག་པར་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་རྣམ་བཤད་སྙིང་པོའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་ལས་སྐབས་ལྔ་པའི་བཤད་པའོ།། ༈ །།གཉིས་པ་བརྟན་པ་རྒྱུ་འབྲས་ལ་གཉིས་བརྟན་པ་ཐོབ་དོན་དུ་སྒོམ་པ་མཐར་གྱིས་སྦྱོར་བ་དང༌། བརྟན་པ་ཐོབ་པའི་སྐད་ཅིག་མའི་སྦྱོར་བའོ།།དང་པོ་ལ་གཉིས། ལེའུའི་གཞུང་བཤད་པ་དང༌། སྐབས་བསྡུ་བའོ།།དང་པོ་ནི། ཆོས་བཅུ་གསུམ་པོ་འདི་དག་གིས་ཟིན་པའི་[063B]སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་སྒོམ་པ་མཐར་གྱིས་པའི་བྱ་བར་བཞེད་དེ། རིམ་ཅན་དུ་སྒོམ་པའི་ཚེ་སྦྱིན་པ་སྦྱིན་བྱེད་སོགས་མི་དམིགས་པའི་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་སྦྱིན་པའི་ཕར་ཕྱིན་ནས་ཤེས་རབ་ཀྱི་ཕར་ཕྱིན་གྱི་བར་དག་དྲུག་དང༌། བསམ་པ་ཕུན་ཚོགས་སྦྱོར་ལམ་སྟོན་པར་བྱེད་པའི་མདོ་ལས་དྲན་པ་ཉེར་གཞག་སོགས་དང༌།མཐོང་ལམ་སྟོན་པའི་མདོ་ལས་བསྟན་པའི་བྱང་ཆུབ་ཀྱི་ཡན་ལག་སྒོམ་པ་དང༌།སྒོམ་ལམ་སྟོན་པའི་མདོ་ལས་བསྟན་པའི་འཕགས་ལམ་ཡན་ལག་བརྒྱད་པ་སོགས་རྒྱུའི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པ་དང་ལ་སོགས་པས་དགེ་མི་དགེ་ལུང་མ་བསྟན་པའི་ཆོས་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་ཏུ་བླང་དོར་བཏང་སྙོམས་སུ་བྱས་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཆོས་རྗེས་སུ་དྲན་པ་དང༌། ཕྱིར་མི་ལྡོག་པའི་དགེ་འདུན་གྲོགས་སུ་རྗེས་སུ་དྲན་པ་དང༌། མི་མཐུན་ཕྱོགས་ལས་ལྡོག་པའི་ཚུལ་ཁྲིམས་དང༌།དགེ་བ་ལ་འཇུག་པའི་གཏོང་བ་དང༌། དབང་པོར་ལྷ་རྗེས་སུ་དྲན་པའི་རྗེས་དྲན་དྲུག་དང༌།ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་མཐར་གྱིས་སྦྱོར་བ་སྒོམ་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་རྣམ་བཤད་སྙིང་པོའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་ལས་སྐབས་དྲུག་པའི་བཤད་པའོ།། ༈ །གཉིས་པ་བརྟན་པ་ཐོབ་པའི་སྐད་ཅིག་མའི་སྦྱོར་བ་ལ་གཉིས། ལེའུའི་གཞུང་བཤད་པ་དང་སྐབས་བསྡུ་བའོ།།དང་པོ་ལ་བཞི། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་དང༌། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར། མཚན་ཉིད་མེད་པའི་སྐད་[064A]ཅིག་སྦྱོར། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་རོ།།དང་བོ་ལ།དངོས་དང༌། དེ་མཚོན་བྱེད་ཀྱི་དཔེའོ།།དང་པོ་ནི། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་ཐུབ་པ་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ལམ་རྣམས་མངོན་དུ་བྱེད་པའི་སྐད་ཅིག་གཅིག་པ་ཡི་རྟོགས་པ་འདི་ནི་ཆོས་ཅན། སྐད་ཅིག་སྦྱོར་དང་པོར་ཤེས་པར་བྱ་སྟེ། རྣམ་སྨིན་མ་ཡིན་པའི་ཟག་མེད་ཀྱི་རིགས་རྣམས་མངོན་དུ་བྱེད་པའི་སེམས་དཔའི་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། དེའི་ཚེ་ཟག་མེད་ཀྱི་ཡེ་ཤེས་གཅིག་མངོན་དུ་བྱས་པ་ན་གཞན་རྣམས་མངོན་དུ་བྱེད་ནུས་ཏེ། སྦྱིན་པ་ལ་སོགས་པ་རེ་རེས་ཀྱང་ཟག་པ་མེད་པའི་ལམ་གྱིས་ཆོས་ཀུན་བསྡུས་པའི་ཕྱིར། གཉིས་པ་ནི༑ རྒྱུན་མཐའི་ཡེ་ཤེས་སྐད་ཅིག་གཅིག་གིས་ཟག་པ་མེད་པའི་ཡེ་ཤེས་ཐམས་ཅད་ཤེས་ནུས་ཏེ། ཇི་ལྟར་སྐྱེས་བུས་ཟོ་མཆུན་གྱི་རྒྱུད་མོ་རྡོག་ཐབས་གཅིག་གིས་སྐྱོད་པ་ན་བཟོ་བོ་མཁས་པས་བཟོ་ལེགས་པར་བྱས་པའི་མཐུས་ཐམས་ཅད་ཅིགདུ་དུས་གཅིག་ཏུ་འགུལ་བ་ལྟར་དཔེ་དེ་བཞིན་ཤེས་ནུས་པའི་ཕྱིར། གཉིས་པ་ནི། གང་གི་ཚེ་དྲི་མ་དང་བྲལ་བས་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩོལ་མེད་དུ་ཐོབ་པའི་ཟག་མེད་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་རྒྱུན་མཐའི་ཡེ་ཤེས་སྐྱེས་པ་དེའི་ཚེ་རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། ཟག་མེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་ནི། རྒྱུན་མ་ཐའི་བར་ཆད་མེད་ལམ་ཆོས་ཅན།མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་བ་ཡིན་ཏེ། ཀུན་བྱང་གི་ཆོས་རྣམས་དོན་དམ་པར་མཚན་ཉིད་མེད་པ་ཉིད་དུ་སྐད་ཅིག་མ་ནི་གཅིག་གིས་མངོན་སུམ་དུ་རྟོགས་པའི་སེམས་[064B]དཔའི་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། ཁྱོད་ཀྱིས་དེ་ལྟར་རྟོགས་ནུས་ཏེ། སྦྱིན་པ་ལ་སོགས་པར་ཕྱིན་དྲུག་གི་སྤྱོད་པ་ཡིས་ཆོས་ཀུན་རྨི་ལམ་དང་འདྲ་བར་རྟོགས་པ་ལ་གནས་ནས་གོམས་པའི་སེམས་དཔའི་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། བཞི་པ་ནི། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་ཡིན་ཏེ། བཟུང་འཛིན་གྱི་ཆོས་རྣམས་རྫས་ཐ་དད་ཀྱིས་སྟོང་པ་གཉིས་སུ་མེད་པའི་དེ་ཉིད་སྐད་ཅིག་གཅིག་གིས་མཐོང་བར་ནུས་པའི་སེམས་དཔའི་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་རི་ཁང་ཁྱིམ་སོགས་དང་ནི་དེ་མཐོང་གི་ཤེས་པ་ཉིད་གཉིས་ཀྱི་རྫས་ཐ་དད་ཀྱི་ཚུལ་དུ་མི་མཐོང་བ་ལྟར་དེ་བཞིན་དུ་ཡིན་པའི་ཕྱིར།གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་བའི་རྒྱན་གྱི་རྣམ་བཤད་སྙིང་པོའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་ལས་སྐབས་བདུན་པའི་བཤད་པའོ།། ༈ །།གསུམ་པ་འབྲས་བུ་ཆོས་སྐུ་བཤད་པ་ལ་གཉིས།ལེའུའི་གཞུང་བཤད་པ་དང༌། སྐབས་བསྡུ་བའོ།།དང་པོ་ལ་གཉིས། སྐུའི་རྣམ་གཞག་དང༌། མཛད་པ་འཕྲིན་ལས་བཤད་པའོ།།དང་པོ་ལ་བཞི།ངོ་བོ་ཉིད་ཀྱི་སྐུ་དང༌། ཡེ་ཤེས་ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། མཆོག་གི་སྤྲུལ་པའི་སྐུའོ།།དང་པོ་ནི། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་ཅན།ཁྱད་པར་གྱི་ཆོས་གསུམ་གྱིས་ཁྱད་པར་དུ་བྱས་པ་ཡིན་ཏེ། ལྡན་པའི་ཁྱད་པར་དྲན་པ་ཉེར་གཞག་སོགས་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་པོ་གང་དག་ཐོབ་པར་གྱུར་པ་དང༌། བྲལ་བའི་ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པ་ཀུན་ཏུ་རྣམ་པར་དག་པ་དང༌། ངོ་བོ་ཉིད་ཀྱི་ཁྱད་པར་ཟག་པ་མེད་པའི་ཡེ་ཤེས་དེ་དག་གི་རང་བཞིན་བདེན་པས་སྟོང་པའི་མཚན་ཉིད་ཅན་དག་པ་གཉིས་[065A]ལྡན་གྱི་སྐུ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། དངོས་ཀྱི་དོན་དང༌། དེའི་ཁྱད་པར་བཤད་པ། དེ་ལ་རྩོད་པ་སྤོང་བའོ།།དང་པོ་ནི།ཡེ་ཤེས་ཆོས་ཀྱི་སྐུ་བཞག་ཏུ་ཡོད་དེ། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ལ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་པའི་ཕྱིར། དེ་དག་ཀྱང་གང་ཞེ་ན། དྲན་པ་ཉེར་གཞག་ནས་འཕགས་ལམ་ཡན་ལག་བརྒྱད་པའི་བར་བྱང་ཆུབ་ཕྱོགས་མཐུན་རྣམས་སྡེ་ཚན་གཅིག་དང༌། བྱམས་པ་ཚད་མེད་སོགས་ཚད་མེད་པའི་སྡེ་ཚན་གཉིས་པ་དང༌། རྣམ་ཐར་གསུམ་གཟུགས་མེད་ཀྱི་རྣམ་ཐར་བཞི། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་དང་རྣམ་ཐར་བརྒྱད་སྡེ་ཚན་གསུམ་པ་དང༌། བསམ་གཏན་བཞི་གཟུགས་མེད་ཀྱི་སྙོམ་འཇུག་བཞི་འགོག་པའི་སྙོམ་པར་འཇུགཔ་སྟེ། མཐར་གྱིས་ནི་སྙོམ་འཇུག་དགུའི་བདག་ཉིད་སྡེ་ཚན་བཞི་པ་དང༌། ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་བཞི་དང༌།སྔོན་པོ་དང་སེར་པོ་དང་དམར་པོ་དང༌། དཀར་པོ་སྟེ་འབྱུང་འགྱུར་བཞི་དང༌། ནམ་མཁའ་དང་རྣམ་ཤེས་ལ་དམིགས་པའི་ཟད་པར་བཅུའི་བདག་ཉིད་སྡེ་ཚན་ལྔ་པ་དང༌། ནང་གཟུགས་མེད་པར་འདུ་ཤེས་པ་དག་གི་སོ་སོར་ཕྱི་རོལ་གྱི་གཟུགས་ཆུང་ངུ་དང༌།ཆེན་པོ་དག་ལ་ལྟ་ཞིང༌། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་མཐོང་དེ་ལྟར་དུ་ཤེས་པར་འགྱུར་བ་ཞེས་པ་གཉིས་དང༌། ནང་གཟུགས་སུ་འདུ་ཤེས་པ་དག་གིས་ཕྱིའི་གཟུགས་ཆུང་ངུ་དང༌། ཆེན་པོ་ལ་དེ་དག་ཏུ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་མཐོང་དེ་ལྟར་དུ་ཤེས་པ་གཉིས་དང༌། དབྱིབས་ཀྱི་ཟིལ་མནོན་བཞི་དང༌།།ནང་གཟུགས་མེད་པ་དག་ཁོ་ནས་སྔོན་པོ་སེར་པོ་དམར་པོ་དཀར་པོ་དག་ཟིལ་གྱིས་མནན་ནས་ཤེས་མཐོང་ཞེས་བྱ་བ་ཁ་དོག་ཟིལ་གྱིས་མནོན་པ་བཞི་སྟེ། ཟིལ་གྱིས་མནོན་པའི་སྐྱེ་མཆེད་ནི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་སྡེ་ཚན་དྲུག་པ་དང༌།[065B]ཕ་རོལ་གྱི་ཉོན་མོངས་དྲུང་ནས་འབྱིན་པའི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་སྡེ་ཚན་བདུན་པ་དང༌། ཐམས་ཅད་ལ་ཆགས་ཐོགས་མེད་པའི་སྨོན་གནས་མཁྱེན་པ་སྡེ་ཚན་བརྒྱད་པ་དང༌། རྫུ་འཕྲུལ་གྱི་མངོན་ཤེས་སོགས་མངོན་ཤེས་དྲུགསྡེ་ཚན་དགུ་པ་དང༌། བཤད་བྱ་དང་འཆད་བྱེད་དག་པ་སོ་སོ་ཡང་དག་པ་རིག་པ་བཞི་སྡེ་ཚན་བཅུ་པ་དང༌། རྟེན་དང་དམིགས་པ་དང༌།ཐུགས་དང་ཡེ་ཤེས་ཡོངས་སུ་དག་པའི་རྣམ་པ་ཐམས་ཅད་དག་བཞི་སྟེ་སྡེ་ཚན་བཅུ་གཅིག་པ་དང༌། ཚེ་དང༌།སེམས་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། མོས་པ་དང༌། སྨོན་ལམ་དང༌། རྫུ་འཕུལ་དང༌། ཡེ་ཤེས་དང༌། ཆོས་ལ་དབང་བ་ཞེས་བྱ་སྟེ། དབང་བཅུ་སྡེ་ཚན་བཅུ་གཉིས་པ་དང༌། སྔར་བཤད་པའི་སྟོབས་བཅུ་སྡེ་ཚན་བཅུ་གསུམ་པ་དང༌། སྔར་བཤད་པའི་མི་འཇིགས་པ་ནི་བཞི་དག་སྡེ་ཚན་བཅུ་བཞི་པ་དང༌། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པས། བསྲུང་བ་མེད་པ་རྣམ་པ་གསུམ་སྡེ་ཚན་བཅོ་ལྔ་པ་དང༌། ཆོས་སྟོན་པ་གུས་པས་ཉན་པ་དང༌། མི་ཉན་པ་ལ་གོ་རིམ་བཞིན་དུ་ཆགས་པ་དང༌། སྡང་བ་དང༌། གཉིས་ཀ་དང༌། འདྲེས་མས་འཇུག་པ་ལ་ཆགས་སྡང་གཉིས་ཀས་དབེན་པའི་སྙོམ་འཇུག་ཏུ་གནས་པའི་དྲན་པ་ཉེར་བཞག་རྣམ་གསུམ་སྡེ་ཚན་བཅུ་དྲུག་པ་དང་སེམས་ཅན་གྱི་དོན་ལ་བསྙེལ་བ་མི་མངའ་བའི་ཆོས་ཉིད་སྡེ་ཚན་བཅུ་བདུན་པ་དང༌། སྒོ་གསུམ་གྱི་བག་ཆགས་ཡང་དག་པར་བཅོམ་པ་སྡེ་ཚན་བཅོ་བརྒྱད་པ་དང༌། སྐྱེ་བོ་མཐའ་དག་ལ་ཕན་བདེ་སྒྲུབ་པར་དགོངས་པའི་ཐུགས་རྗེ་ཆེན་པོ་སྡེ་ཚན་བཅུ་དགུ་པ་དང༌།སྔར་བཤད་པའི་ཐུབ་པ་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་བཅོ་བརྒྱད་བཤད་པ་གང་ཡིན་པ་(ASDE)་ཚན་ཉི་ཤུ་པ་དང༌། རྒྱུ་འབྲས་གཙོ་བོའི་ཆོས་བཅུ་མངོན་སུམ་དུ་རྟོགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། དང་ཞེས་པའི་སྒྲས་བསྡུས་པ་སྔར་སྐབས་གཉིས་པར་[66A]བཤད་པའི་ལམ་ཤེས་པ་ཉིད་དང༌། སྐབས་གསུམ་པར་བཤད་པའི་གཞི་ཤེས་མཐར་ཐུག་པ་སྡེ་ཚན་ཉེར་གཅིག་པ་ཡིན་པའི་ཕྱིར། གཉིས་པ་དེའི་ཁྱད་པར་བཤད་པ་ལ་གཉིས། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང༌།སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་བཤད་པའོ།།དང་པོ་ནི། ཉན་ཐོས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལས་སངས་རྒྱས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཆེས་ཁྱད་པར་དུ་འཕགས་ཏེ།ཉན་ཐོས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་གྲོད་ལ་སོགས་པ་རང་ལ་ལྟ་བའི་མི་ཡི་ཉོན་མོངས་ཀྱི་དམིགས་རྐྱེན་བྱེད་པ་ཡོངས་སུ་སྤོང་བ་ཉིད་དུ་ཟད་པ། རྒྱལ་པའི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་གྲོང་དང་གྲོང་ཁྱེར་སོགས་སུ་བྱོན་པ་ན་རང་ལ་དམིགས་པའི་མི་ལ་སོགས་པ་དེའི་ཉོན་མོངས་རྣམས་རྩ་བ་ནས་རྒྱུན་གཅོད་པར་མཛད་པའི་ཕྱིར། གཉིས་པ་ནི།སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ནི་ཉན་ཐོས་ཀྱི་སྨོན་གནས་ཤེས་པ་ལས་ཆེས་ཁྱད་པར་དུ་འཕགས་ཏེ། སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ནི་འབད་རྩོལ་གྱི་མཚན་མ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པ་དང༌། བདེན་པར་མངོན་པར་མ་ཞེན་པས་གཟུགས་ལ་སོགས་ལ་ཆགས་པ་སྤངས་པ་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མེད་པ་དང༌། འཁོར་བ་ཇི་སྲིད་བར་ཏིང་ངེ་འཛིན་གྱི་བྱེད་པ་རྟག་ཏུ་གནས་པ་དང༌། སོ་སོ་ཡང་དག་རིག་པ་བཞི་མཐར་ཕྱིན་པ་རྙེད་པས་གཞན་གྱི་དྲི་བ་ཀུན་ལ་ཚུལ་བཞིན་ལན་འདེབས་པ་ཡིན་པར་བཞེད་པའི་ཕྱིར། གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ་གཉིས། ཆོས་སྐུ་རྟག་པ་ལ་རྩོད་པ་སྤོང་བ་དང༌། ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤོང་བའོ།།དང་པོ་ལ་ཁོ་ན་རེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུའི་སྣང་བ་དངོས་སུ་སྟོན་པའི་སྒོ་ནས་དོན་མཛད་རིགས་པ་ལ། སེམས་ཅན་ཁ་ཅིག་ལ་སྐུ་དངོས་སུ་[66B]སྣང་བའི་སྒོ་ནས་རེས་འགའ་དོན་མི་མཛད་པ་མི་འཐད་པར་ཐལ།འཁོར་བ་ཇི་སྲིད་བར་དུས་རྟག་ཏུ་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའི་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱིས་ཆོས་ཀྱི་སྐུ་ལ་བཞུགས་པའི་ཕྱིར་ཞེས་ཟེར་རོ།།དེའི་ལན་ལ་གཉིས། སེམས་ཅན་རང་རྒྱུད་ཀྱི་ཚོགས་ཀྱི་ཁྱད་པར་ལ་བལྟོས་པ་དང༌། སེམས་ཅན་རང་རྒྱུད་ཀྱི་རྐྱེན་མ་ཚང་ན་སྐུ་དངོས་སུ་མི་སྣང་བའི་དཔེ་བཤད་པའོ།།དང་པོ་ནི། སེམས་ཅན་ལ་སངས་རྒྱས་ཀྱི་སྐུ་དངོས་སུ་སྣང་ནས་དོན་མཛད་པ་སེམས་ཅན་རང་གིས་ཚོགས་བསགས་པའི་ཁྱད་པར་ལ་བལྟོས་པར་ཐལ། སྔོན་སངས་རྒྱས་ལ་དམིགས་ནས་དད་པ་སྒོམ་པ་སོགས་ཕྱི་ནང་གི་རྐྱེན་སངས་རྒྱས་ལ་དངོས་སུ་ཆོས་ཉན་པའི་རྒྱུ་དགེ་བའི་རྩ་བ་ནི་ཡོངས་སུ་སྨིན་པར་གྱུར་པ་ལ་བརྟེན་ནས་དེ་འདྲ་བའི་གདུལ་བྱ་གང་དང་གང་ལ་ཡུལ་གང་དང་ནི་དུས་གང་གི་ཚེ་དངོས་སུ་ཆོས་སྟོན་པའི་བྱ་བ་མཛད་པས་ཕན་པར་གྱུར་པ་དང་དེ་དང་དེ་ལ་སྐུ་དེ་དངོས་སུ་སྣང་ནས་བྱ་བ་མཛད་ཅིང༌། ཚོགས་མ་བསགས་པ་ལ་མི་སྣང་བའི་ཕྱིར། གཉིས་པ་ནི། སངས་རྒྱས་རྣམས་ནི་འཇིག་རྟེན་དུ་དངོས་སུ་བྱུང་བར་གྱུར་ཀྱང་སེམས་ཅན་ཁ་ཅིག་དེ་དང་དངོས་སུ་མི་ཕྲད་པའི་རྒྱུ་མཚན་ཡོད་དེ། སངས་རྒྱས་དངོས་སུ་མཐོང་བའི་སྐལ་པ་མེད་པས། དམ་པའི་ཆོས་མཉན་པ་ལ་སོགས་པའི་བྱ་བ་བཟང་པོ་མི་མྱོང་བའི་ཕྱིར། དཔེར་ན། ལྷའི་རྒྱལ་པོས་ཆར་ཕབ་ཀྱང་མེས་འཚིག་པ་ལ་སོགས་པའི་ས་བོན་མི་རུང་བ་ལ་མྱུ་གུ་སྔོན་པོ་མི་འཁྲུངས་པ་ལྟར་ཡིན་པའི་ཕྱིར། གཉིས་པ་ནི་ཁོ་ན་རེ།འདུས་བྱས་ཀྱིས་བསྡུས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་ཆོས་ཅན།ཁྱབ་པ་ཞེས་བརྗོད་མི་རིགས་པར་ཐལ། འོག་མིན་སོགས་ན་བཞུགས་པའི་རྣལ་འབྱོར་པ་སོ་སོར་ངེས་པའི་རྟེན་ཁོ་ནའི་རྒྱུད་ལ་ཡོད་པའི་ཕྱིར། ཡང་དེ་ཆོས་ཅན། རྟག་པ་ཞེས་[67A]ཀྱང་བརྗོད་མི་རིགས་པར་ཐལ། སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འབྱུང་བའི་ཕྱིར་ཞེས་ཟེར། སངས་རྒྱས་ཆོས་ཅན། ཁྱབ་པ་ངེས་པར་བརྗོད་པ་ལ་འགལ་བ་མེད་དེ། སྔར་བཤད་པ་དེ་ལྟར་མཛད་པ་སེམས་ཅན་ཐམས་ཅད་ལ་འཇུག་པས་རྒྱ་ཆེ་བའི་ཕྱིར། དེ་ཆོས་ཅན། རྒྱུན་ལ་བསམས་ནས་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ཏེ། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་ཅིང་བཞུགས་ཀྱང་ཁྱོད་ཀྱི་ངོ་བོ་དེ་ཉིད་ཟད་པ་མེད་པའི་ཕྱིར། གསུམ་པ་ལོངས་སྤྱོད་རྫོགས་ པའི་སྐུ་བཤད་པ་ལ་གཉིས། མཚན་གྱི་སྒོ་ནས་མདོར་བསྟན་པ་དང༌། ཡོན་ཏན་རྒྱས་པར་བཤད་པའོ།།དང་པོ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་འོག་མིན་ཁོ་ནར་བཞུགས་པའི་ཐུབ་པའི་གཟུགས་སྐུ་འདི་ཆོས་ཅན༑ ལོངས་སྤྱོད་རྫོགས་པའི་སྐུར་བཞེད་དེ། འཁོར་བྱང་སེམས་འཕགས་པ་རྣམས་དང་ཐབས་ཅིག་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ཉེ་བར་ལོངས་སྤྱོད་པ་སོགས་ངེས་པ་ལྔས་ཁྱད་པར་དུ་བྱས་པའི་སྐུ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས།མཚན་བཟང་བཤད་པ་དང༌། དཔེ་བྱད་བཤད་པའོ།།དང་པོ་ལ་གསུམ།འབྲས་བུ་མཚན་བཤད་པ་དང༌། རྒྱུ་འབྲས་ཀྱི་འབྲེལ་བ་བཤད་པ་དང༌།རྒྱུ་མདོ་ལས་བྱུང་བ་བཤད་པའོ།།དང་པོ་ནི། ཐུབ་པའི་ཕྱག་ཞབས་རུས་པ་བ་སོ་ལས་བརྐོས་པ་དང་འདྲ་བར་རྩིབས་སྟོང་ལྟེ་བ་མུ་ཁྱུད་རྣམས་རྫོགས་པའི་འཁོར་ལོའི་མཚན་ཉིད་དང་ལྡན་པ་ཉིད་དུ་འབྱུང་བའི་རྒྱུ་མཚན་ཡོད་དེ།སྔོན་སློབ་པའི་དུས་སུ་བླ་མ་རྣམས་ལ་སྐྱེལ་བསུ་དང་གཡོག་འཁོར་སྦྱིན་པ་སོགས་གོམས་པའི་རྒྱུ་ལས་བྱུང་བའི་ཕྱིར༑ རུས་སྦལ་བཞིན་དུ་ཞབས་ཀྱི་མཐིལ་གཉིས་མ་རྙོངས་པར་ས་ལ་ཤིན་ཏུ་མཉམ་པར་གནས་པའི་རྒྱུ་མཚན་ཡོད་དེ། སྔོན་སྡོམ་པ་གསུམ་ལ་སོགས་པ་གང་བླངས་པ་ལ་ཡིད་དམ་བརྟེན་པ་མཐར་ཕྱིན་པ་ལས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་དང་ཞབས་[67B]ཀྱི་སོར་མོ་དང་པའི་རྒྱལ་པོ་ལྟར་སོར་ཚིག་དང་པོ་ནས་བཙམས་པའི་སོར་མོའི་སེང་སེང་པོ་ར་འང་མེད། སོར་གདུབ་ལ་སོགས་པའི་རྒྱན་ཡང་གཞུག་ཏུ་རུང་བའི་དྲ་བས་འབྲེལ་བ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་སྦྱིན་པ་སོགས་བསྡུ་བའི་དངོས་པོ་བཞི་ལ་བརྟེན་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་དང་ནི་ཞབས་དང་བཅས་པ་འཇམ་ཞིང་གཞོན་ཤ་ཆགས་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་གཞན་ལ་བཟའ་བ་དང་བཅའ་བ་གྱ་ནོམ་པ་སྦྱིན་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཐུབ་པ་འདིའི་ཕྱག་ཞབས་རྒྱབ་བཞི་དང་ཕྲག་པ་གཡས་གཡོན་གྱི་བར་གཉིས་དང་ལྟག་པའི་ཕྱོགས་ཏེ་སྐུ་ཡི་གནས་ནི་བདུན་དག་ཤས་ཁེངས་པས་མཐོ་བ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་བདོག་པ་སོགས་གྱ་ནོམ་པ་བྱིན་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་ཞབས་ཀྱི་སོར་མོ་རིང་བ་ཉིད་དང་ལྡན་པའི་རྒྱུ་མཚན་ཡོད་དེ།སྔོན་བསད་བྱ་སོགས་ཐར་བར་བྱས་པ་མཐར་ཕྱིན་པ་ལས་དེ་ལྟར་འབྱུང་བའི་ཕྱིར། ཞབས་མཐིལ་གྱི་བཞི་ཆེ་ཕྱིར་འཕགས་པ་རྟིང་པ་ཡངས་པ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ།སྔོན་གཞན་གྱི་སྲོག་སྲུང་སྟེ་འཚོ་བ་ལ་ཕན་བཏགས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྐུ་ཁྲུ་བདུན་ཙམ་དུ་འཕགས་ཤིང་ཡ་ཡོ་མེད་པས་སྐུ་ཆེ་ཞིང་དྲང་བ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་སྲོག་གཅོད་པ་སྤངས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཞབས་པུས་མོའི་ལྷ་ང་དང་ལོང་བུ་ཕྱིར་མི་མངོན་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སྦྱིན་སོགས་དགེ་བའི་ཆོས་རྣམས་བླངས་པ་མཐར་ཕྱིན་པས་དེ་ལྟར་བྱུང་བའི་ཕྱིར། སྐུའི་བ་སྤུ་ནི་རེ་རེ་ནས་གྱེན་དུ་ཕྱོགས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། དགེ་བ་ཡང་དག་པར་བླངས་པ་གཞན་ལ་སྤེལ་བ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། མ་ཉམས་ཤིང་རིམ་བར་འཚམས་ལ་རྒྱས་ཤིང་ཟླུམ་པ་བྱིན་པ་རི་དྭགས་ཨེ་[68A]ན་ཡ་ཡི་བྱིན་པ་ལྟ་བུར་ལྡན་པའི་རྒྱུ་མཚན་ཡོད་དེ། སྔོན་བཟོ་དང་གསོ་བ་སོགས་གུས་པར་བྱས་ཏེ་གཞན་ལ་བྱིན་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བ་ཡིན་པའི་ཕྱིར། སྐུ་མ་བཏུད་ཀྱང་ཕྱག་གི་དཔུས་མོའི་ལྷ་ངར་ས་ལ་སླེབས་པས་ཕྱག་རིང་ཞིང་མཛེས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སྔོན་རང་ལ་ནོར་སློང་བ་ལ་སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བ་ཡིན་པའི་ཕྱིར། གླང་ཆེན་དང་རྟ་ཅང་ཤེས་ལྟར་འདོམས་གྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སྔོན་སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ལེན་དུ་བཅུག་པ་དང༌། གཞན་ལ་གསང་ཚིག་སྲུང་བ་མཐར་ཕྱིན་པས་དེ་ལྟར་འབྱུང་བ་ཡིན་པའི་ཕྱིར། ལྤགས་པ་གསེར་གྱི་མདོག་ལྟར་དག་ཅིང་གསལ་ལ་དྭངས་པ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་གཞན་ལ་གདིང་བ་གྱ་ནོམ་པ་སྦྱིན་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བ་ཡིན་པའི་ཕྱིར། གསེར་དངུལ་ཤིན་ཏུ་སྦྱངས་པ་ལྟར་སྤགས་པ་སྲབ་པ་སྟེ་འཇམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སྔོན་ཁང་བཟང་སོགས་དམ་པ་སྦྱིན་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྤུ་བ་སྤུའི་ཁུང་བུ་རེ་རེ་སྤུ་གཉིས་གཉིས་མེད་པར་སྤུ་ནི་རེ་རེ་ནས་གཡས་སུ་ལེགས་པར་འཁྱིལ་ཞིང་འཁྲུངས་པའི་རྒྱུ་མཚན་ཡོད་དེ། སྔོན་འདུ་འཛི་དང་རྣམ་གཡེང་སོགས་སྤངས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྨིན་མཚམས་གྱི་བར་ཐིག་ལེའི་གནས་ན་འཇམ་པ་དཀར་བ་མཉེན་པ་དྲངས་ན་ཁྲུ་གསུམ་ལ་སོགས་པའི་ཚད་འབྱུང་བ། བཏང་ན་གཡས་སུ་ཁྱིལ་བ་རྩེ་མོ་གྱེན་དུ་ཕྱོགས་པ་སྐྱུ་རུ་ར་ཡི་འབྲུ་ཚད་ཙམ་དངུལ་འབུར་གྱི་རྣམ་པ་ལྟ་བུའི་ཞལ་མཛོད་སྤུས་བརྒྱན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་སྐྱེ་བོ་གོང་མ་ཐམས་ཅད་མིའི་གནས་ཇི་ལྟ་བ་བཞིན་དུ་བཀུར་ཞིང་བཀོད་ལ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། རོ་སྟོད་སེང་གེའི་རོ་[68B]སྟོད་འདྲ་བ་འཕེལ་ཁ་ཆེ་བ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་གཞན་རྣམ་པ་ཐམས་ཅད་དུ་ཁས་གྲགས་ཀྱིས་ཚིག་གི་ཁྱད་པར་དུ་མ་བསད་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཐུབ་པ་འདིའི་དཔུང་པའི་མགོ་ཤིན་ཏུ་ཟླུམ་པ། གསེར་གྱི་བུམ་པའི་མགྲིན་པ་ལྟར་ཟླུམ་ཤིང་ལེགས་པར་འབྲེལ་པ་རྩ་བའི་དྲ་བ་མི་མངོན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་གཞན་གྱི་སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་སླབས་ཤིང་བྱས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། དཔུང་མགོ་ཕན་ཚུན་གྱི་བར་རྒྱས་པར་ཐལ་གོང་རྒྱས་པ་བྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་གཞན་ལ་སྨན་དང་སྨན་པ་སོགས་བྱིན་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཐུབ་པ་འདིའི་ལྗགས་ལ་རོ་མི་ ཞིམ་པ་རོ་བྲོ་བའི་མཆོག་ཏུ་སྣང་བའི་རྒྱུ་མཚན་ཡོད་དེ། སྔོན་སྐྱེ་བོ་ནད་པའི་གཡོག་དང་རིམ་གྲོ་སོགས་བྱས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྐུའི་ཡན་མན་དང་འདོམས་མཉམ་པ་ཤིང་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་ནགས་ཚལ་དང་ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་སོགས་བྱེད་པ་ཡང་དག་པར་ལེན་དུ་བཅུག་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། དབུར་གཙུག་ཏོར་ཟླུམ་ཞིང་ཀུན་ནས་མཉམ་པ་གཡས་སུ་འཁྱིལ་བ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་གཙུག་ལག་ཁང་དང་ཁང་བཟང་སོགས་ལྷག་པར་བྱིན་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྙན་གཡས་གཡོན་གྱི་བུ་ག་དང་སྐྲ་མཚམས་ཀྱི་བར་ལྗགས་ཀྱིས་རེག་པ་ཨུཏྤལ་དམར་པོའི་མདོག་འདྲ་བའི་ལྗགས་རིང་ཞིང་མཛེས་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་བསྐལ་པ་གྲངས་མེད་གསུམ་དུ་ཚིག་འཇམ་པོ་དང་སྙན་ལ་མཉན་པ་སོགས་གསུངས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར།གསུང་ཤེས་ཤིང་རྣམ་པར་[69A]ཤེས་པར་འགྱུར་བ་དང༌། མཉན་པར་འོས་ཤིང་མི་མཐུན་པ་མེད་པ་དང༌། ཟབ་ཅིང་རྗེས་སུ་སྒྲོགས་པ་དང༌། བཏང་ན་མི་ཕྲ་ཞིང་རྣ་བར་སྙན་པ་དང༌། མ་འཁྲུགས་ཤིང་གསལ་བའི་ཡན་ལག་ལྔ་ལྡན་ཀྱི་ཚངས་པའི་དབྱངས་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། གསུང་གཅིག་གིས་སེམས་ཅན་ཐམས་ཅད་ལ་རང་རང་གི་སྐལ་བ་དང་མཐུན་པར་དམ་བཅས་པའི་ཆོས་གོ་བར་བྱས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། མེ་ལོང་གི་དཀྱིལ་ལྟར་ཟླུམ་ཞིང་རྒྱས་པ་འགྲམ་པ་སེང་གེ་འདྲ་བའི་རྒྱུ་མཚན་ཡོད་དེ། སྔོན་ཚིག་ཀྱལ་པ་སྤངས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཚེམས་ཤིན་ཏུ་དཀར་བ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་སྐྱེ་བོ་ཐམས་ཅད་ལ་བཀུར་བ་དང་བསྔགས་པ་ལ་སོགས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། མཐོ་དམན་མེད་པར་ཚེམས་མཉམ་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་ལོག་ལྟ་སྤོང་ཞིང་འཚོ་བ་རྣམ་པར་དག་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། བར་མཚམས་མ་དོད་པར་ཚེམས་ཐག་བཟང་བ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་གྲངས་མེད་གསུམ་དུ་བདེན་པའི་ཚིག་ཀུན་ཏུ་སྤྱད་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཚེམས་སོ་གཉིས་སོགས་ལས་མེད་པ་མ་ཡིན་པར་ཡན་མན་ན་ཚེམས་ཉི་ཤུ་ཉི་ཤུ་སྟེ་བཞི་བཅུ་དང་ལྡན་པའི་རྒྱུ་མཚན་ཡོད་དེ།སྔོན་ཕྲ་མའི་ཚིག་སྤངས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། དཀར་ནག་གི་ཆ་མ་འདྲེས་ཤིང་དམར་པོའི་རབ་རིབ་དང་མ་འབྲེལ་བས་སྤྱན་ནི་ནོར་བུ་མཐོན་མཐིང་དང་འདྲ་བ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་གྲངས་མེད་གསུམ་དུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྟེང་འོག་གི་རྫི་མ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པར་སྤྱན་གྱི་རྫི་[69B]མ་བ་མཆོག་གི་འདྲ་བ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྔོན་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་ཆགས་པ་དང་རྨོངས་པ་སོགས་མེད་པར་བལྟས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར།སྔར་བཤད་པའི་སུམ་ཅུ་རྩ་གཉིས་པོ་འདི་དག་ཆོས་ཅན།མཚན་བཟང་ཞེས་བྱ་སྟེ། དེ་ལྟར་མདོ་ལས་བཤད་པའི་ཕྱིར། གཉིས་པ་ནི། ལོངས་སྐུ་འདི་ལ་ཆོས་ཅན། འབྲས་བུ་མཚན་ནི་སུམ་ཅུ་རྩ་གཉིས་པོ་འདི་དག་ཡང་དག་པར་འགྲུབ་སྟེ། མཚན་སོ་གཉིས་པོ་ནི་གང་དང་གང་གིས་འགྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་དང་དེ་ནི་རབ་ཏུ་རྫོགས་པས་འགྲུབ་པའི་ཕྱིར།གསུམ་པ་ནི། སྔར་བཤད་པའི་མཚན་གྱི་རྒྱུ་དེ་དག་གོམས་པར་བྱས་པས་འབྲས་བུ་མཚན་བཟང་ངེས་པར་འགྲུབ་སྟེ། མཚན་སོ་གཉིས་སྒྲུབ་པར་བྱེད་པའི་རྒྱུའི་མཚན་ཉིད་བླ་མ་སྐྱེལ་ལ་སོགས་པ་དང༌། ཡང་དག་བླངས་པ་བསྟེན་པ་དང༌། བསྡུ་བ་བཞི་བསྟེན་པ། གྱ་ནོམ་པའི་དངོས་པོ་སྦྱིན་པ་དང༌། བསད་པར་བྱ་བ་ཐར་བར་བྱེད་པ་དང༌། དགེ་བ་ནི་ཡང་དག་པར་བླང་བ་དང༌། དགེ་བ་གཞན་ལ་སྲེལ་བ་སྟེ་འདིར་དངོས་སུ་བསྟན་པ་བདུན་དང༌། སོགས་པས་བསྡུས་པ་ཉེར་ལྔ་པོ་དེ་ཡུམ་གྱི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དེ་དག་གོམས་པར་བྱས་པས་འབྲས་བུ་མཚན་བཟང་ངེས་པར་འགྲུབ་པའི་ཕྱིར། གཉིས་པ་དཔེ་བྱད་བཤད་པ་ལ༑ བཅུ་ཚན་བརྒྱད་ལས། དང་པོ་ནི། ཐུབ་པ་ལོངས་སྐུའི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་མངའ་བས་དེ་ལྟར་འབྱུང་བའི་ཕྱིར༑ སེན་མོའི་མདོག་སྣུམ་པ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སེམས་ཅན་ཐམས་ཅད་ལ་ཕུགས་སུ་ཕན་པའི་ལྷག་པའི་བསམ་པ་མཐར་ཕྱིན་པ་མངའ་དེ་ལྟར་འབྱུང་བའི་ཕྱིར། སེན་མོའི་རྒྱབ་ཤང་ཤོང་[70A]མེད་པས་མཐོ་བ་འབྱུང་བའི་རྒྱུ་མཚན་ཡོད་དེ། མིའི་རིགས་ཀྱི་མཆོག་ལ་སྐྱེས་པས་དེ་ལྟར་འབྱུང་བའི་ཕྱིར། སོར་མོ་རྣམས་ཟླུམ་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། སྒྲུབ་པའི་སྤྱོད་པའི་ཚུལ་ཁ་ན་མ་ཐོ་བ་མེད་པ་མཐར་ཕྱིན་པ་མངའ་བས་དེ་ལྟར་འབྱུང་བའི་ཕྱིར། སོར་མོ་རྒྱས་པ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། དགེ་བའི་རྩ་བ་བསགས་པ་མཐར་ཕྱིན་པ་མངའ་བས་དེ་ལྟར་འབྱུང་བའི་ཕྱིར། སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། ཐེག་པ་གསུམ་གྱི་རྟོགས་པའི་རིགས་ལ་རིམས་ཀྱིས་ཞུགས་པ་མཐར་ཕྱིན་པ་མངའ་བས་དེ་ལྟར་འབྱུང་བའི་ཕྱིར། ལུས་ཀྱི་རྩ་ཕྱི་ནས་མི་མངོན་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ།ལུས་ལ་སོགས་པའི་ལས་ལམ་མི་དགེ་བ་བཅུ་དང༌། ལོག་པར་འཚོ་བ་སྤངས་པ་མཐར་ཕྱིན་པ་མངའ་བས་དེ་ལྟར་འབྱུང་བའི་ཕྱིར། རྩ་མདུད་པ་མེད་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཉོན་མོངས་པའི་མདུད་པ་སོགས་ལས་གྲོལ་ཞིང་གྲོལ་བ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར།མཚན་གྱི་ལོང་བུ་ཆེ་བ་ཡིན་ལ་འདི་ནི་ཞབས་ཀྱིས་ལོང་བུ་ཆུང་བ་མངོན་པའི་རྒྱུ་མཚན་ཡོད་དེ། གསང་བའི་གནས་ཟབ་མོ་རྟོགས་པས་ཤིན་ཏུ་སྤས་པའི་ཆོས་ཀྱི་བློ་གྲོས་དང་ལྡན་པས་དེ་ལྟར་འབྱུང་བའི་ཕྱིར། ཞབས་རིང་ཐུང་མེད་པའི་མཉམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། འཁོར་བ་སོགས་བགྲོད་དཀའི་གནས་ཐམས་ཅད་ལས་སེམས་ཅན་གྲོལ་བར་མཛད་པས་དེ་ལྟར་ འབྱུང་བའི་ཕྱིར། བཅུ་ཚན་དང་པོའོ།།སེང་གེའི་སྟབས་སུ་གཤེགས་པ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། མི་ཟིལ་གྱིས་མནོན་པ་ལ་མཁས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། གླང་པོ་ཆེན་པོའི་[70B]སྟབས་སུ་གཤེགས་པ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ།ཀླུ་གདུག་པ་སོགས་ཟིལ་གྱིས་མནོན་པ་ལ་མཁས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། བྱ་དང་བའི་སྟབས་སུ་གཤེགས་པ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། བྱ་ལྟར་ནམ་མཁའ་ལ་གཤེགས་པ་ལ་མཁས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་ལྡན་པ་འབྱུང་བའི་རྒྱུ་མཚན་ཡོད་དེ། འདོད་པའི་གནས་སུ་སེམས་ཅན་གྱི་སྣ་འདྲེན་པའི་སྐྱེས་བུའི་ཁྱུ་མཆོག་ལ་མཁས་པ་མཐར་ཕྱིན་པ་བྱུང་བས་དེ་ལྟར་འབྱུང་བའི་ཕྱིར། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། མཛེས་པར་གཤེགས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གཤེགས་པའི་ཚེ་ལྟ་ན་སྡུག་ཅིང་མཛེས་པ་ལ་མཁས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར།དྲང་བ་སྟེ་མི་གཡོ་བར་གཤེགས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། རྟག་ཏུ་ས་གཉིས་ཡིད་ལ་བྱེད་པའི་གྱ་གྱུ་མི་མངའ་བས་དེ་ལྟར་འབྱུང་བའི་ཕྱིར། ཤ་རྒྱས་ཤིང་འགྱིང་ལེགས་པས་སྐུ་འཁྲིལ་བག་ཆགས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གཞན་གྱི་ཡོན་ཏན་ཡང་དག་པར་བརྗོད་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། གཙང་ཤིང་དག་པས་སྐུ་བྱི་དོར་བྱས་པ་དང་འདྲ་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སྒོ་གསུམ་སྡིག་པའི་ཆོས་དང་མ་སྦགས་པས་དེ་ལྟར་འབྱུང་བའི་ཕྱིར། སྐུ་རིང་ཐུང་དང་སྦོམ་ཕྲ་སོགས་ཐད་ཀར་མ་ཆོལ་བར་རིམ་པར་འཚམས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གདུལ་བྱའི་བློ་དང་འཚམས་པར་ཆོས་སྟོན་པར་མཛད་པ་མཐར་ཕྱིན་པས་དེ་ལྟར་[071A]འབྱུང་བའི་ཕྱིར། བཅུ་ཚན་གཉིས་པའོ།།སྐུ་རྣམ་པར་དག་པས་གཙང་བའི་རྒྱུ་མཚན་ཡོད་དེ། སྐུ་དང་གསུང་དང་ཐུགས་ལ་སོགས་པའི་ཀུན་ཏུ་སྤྱོད་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྐུ་འཇམ་པ་ཉིད་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཐུགས་ཐུགས་རྗེ་ཆེན་པོ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། རྣམ་པར་དག་པའི་སྐུ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཐུགས་དྲི་མ་ཐམས་ཅད་དག་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། མཚན་ནི་ཡོངས་སུ་རྫོགས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། རང་གི་རྒྱུད་ཀྱི་ཉོན་མོངས་དང་རྣམ་རྟོག་འཇོམས་པའི་ཆོས་འདུལ་བ་ཐམས་ཅད་ཡོངས་སུ་རྫོགས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྐུའི་ཁྱོན་ཆེ་བས་ཁོ་ལག་ཡངས་ཤིང་ཁྱད་པར་བཟང་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གཞན་ལ་རྒྱ་ཆེ་བས་བསྔགས་ཤིང་མཛེས་པའི་ཡོན་ཏན་བརྗོད་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར།གོམས་པ་ཆེ་ཆུང་མེད་པར་མཉམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སེམས་ཅན་ཐམས་ཅད་ལ་ཐུགས་སྙོམས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྤྱན་གཉིས་ནི་རབ་རིབ་སོགས་མེད་པས་རྣམ་པར་དག་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཡོན་ཏན་འབའ་ཞིག་བསྐྱེད་པ་རྣམ་པར་དག་པའི་ཆོས་སྟོན་པས་དེ་ལྟར་འབྱུང་བའི་ཕྱིར། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་ལྡན་པའི་རྒྱུ་མཚན་ཡོད་དེ། དཔེ་དང་བཅས་ཏེ་ཆོས་གོ་སླ་བ་བསྟན་པས་དེ་ལྟར་འབྱུང་བའི་ཕྱིར། སྐུ་ཤ་ཞུམ་པ་མེད་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། བྱ་དཀའ་བའི་གནས་ལ་རྟག་ཏུ་མ་ཞུམ་ཞིང་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། སྐུ་ཤ་ཤིན་ཏུ་རྒྱས་པ་དང་ལྡན་[071B]པའི་རྒྱུ་མཚན་ཡོད་དེ། དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་འཕགས་པ་བསགས་པས་དེ་ལྟར་འབྱུང་བའི་ཕྱིར། བཅུ་ཚན་གསུམ་པའོ།།ཤ་མི་ལྷོད་པས་སྐུ་ཤིན་ཏུ་གྲིམས་པའི་རྒྱུ་མཚན་ཡོད་དེ། ཡང་སྲིད་ལེན་པ་ཟད་པས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་ཞབས་སོགས་ཡན་ལག་དང་སོར་ཚིགས་རྣམས་རིང་ཐུང་སོགས་ཆ་ཕྱེད་པས་ཤིན་ཏུ་རྣམ་པར་འབྱེད་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་སྲིད་པ་ལས་སྒྲོལ་ཕྱིར་དུ་རྟེན་འབྲེལ་ལུགས་འབྱུང་ལྡོག་ཤིན་ཏུ་རྣམ་པར་ཕྱེ་བ་སྟོན་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། གཟིགས་པ་བློ་བུར་གྱི་དྲི་མའི་སྒྲིབ་པ་མེད་ཅིང་རྣམ་པར་དག་པའི་རྒྱུ་མཚན་ཡོད་དེ། ཚིག་དོན་རྣམས་མངོན་མཐོ་དང་ངེས་ལེགས་ལས་བརྩམས་པ་ཤིན་ཏུ་རྣམ་པར་དག་པ་མཐར་ཕྱིན་པ་བསྟན་པས་དེ་ལྟར་འབྱུང་བའི་ཕྱིར། སྐུའི་ཕྱལ་ཟླུམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སློབ་མ་རྣམས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་མཛད་པས་ན་དེ་འབྱུང་བའི་ཕྱིར། སྐད་སྐབས་འཚམས་པས་སྐབས་ཕྱིན་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གཉེན་པོས་བཅོམ་པས་འཁོར་བའི་སྐྱོན་གྱིས་མ་གོས་མ་སྦགས་པས་དེ་ལྟར་འབྱུང་བའི་ཕྱིར། སྐེད་པ་ཧ་ཅང་རིང་པོ་མ་ཡིན་པས་སྐུ་མ་རྙོངས་པའི་རྒྱུ་མཚན་ཡོད་དེ།ང་རྒྱལ་གྱིས་འགྱིད་བ་བཅོམ་པས་དེ་ལྟར་འབྱུང་བའི་ཕྱིར།སྐུའི་ཕྱལ་ཏེ་ལྟོ་བ་ཕྱང་བ་མཐོ་དམན་མེད་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། བཤད་བྱའི་ཆོས་ཟད་པ་རྣམ་པར་རྟོག་པ་ཟད་མི་ཤེས་པར་སྟོན་པས་དེ་ལྟར་འབྱུང་བའི་ཕྱིར། ལྟེ་བ་ནི་གཏིང་ཟབ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཆོས་ཟབ་མོ་རྟོགས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ལྟེ་བའི་རི་མོ་གཡས་[072A]སུ་འཁྱིལ་བའི་རྒྱུ་མཚན་ཡོད་དེ། སློབ་མ་རང་དང་མཐུན་པར་གདམས་ངག་འཛིན་པར་འགྱུར་བས་དེ་ལྟར་འབྱུང་བའི་ཕྱིར། སྤྱོད་ལམ་ཀུན་ནས་ལྟ་ན་སྡུག་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། འཁོར་ཐམས་ཅད་སྒོ་གསུམ་གྱི་སྤྱོད་པ་ཀུན་ནས་མཛེས་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། བཅུ་ཚན་བཞི་པའོ།།སྒོ་གསུམ་གྱི་ཀུན་ཏུ་སྤྱོད་པ་གཙང་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། དྲི་མ་མེད་ཅིང་ཐུགས་གཙང་བས་དེ་ལྟར་འབྱུང་བའི་ཕྱིར། སྐུ་ལ་སྨེ་བ་གནག་བག་མེད་པའི་རྒྱུ་མཚན་ཡོད་དེ། ལམ་ལོག་པ་སྟོན་པ་དང་དུས་ལ་མ་བབས་པར་གདུལ་བྱ་འདུལ་བ་སོགས་དུས་མ་ཡིན་པའི་ཚེས་འདུལ་བ་སྟོན་པ་དང་བྲལ་བས་དེ་ལྟར་འབྱུང་བའི་ཕྱིར༑ ཕྱག་ནི་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སྒོ་གསུམ་ལ་སོགས་པ་ཟོ་མདོག་བདེ་བ་ཐོབ་པའི་རྒྱུར་གྱུར་པའི་ཚེས་སྟོན་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་གི་རི་མོ་མང་ཞིང་གསལ་པོ་ཡོད་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། རང་བཞིན་གྱི་སྐྱེ་བོ་སྙོམས་པར་བྱས་པ་མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་བརྙེས་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་གི་རི་མོ་རྒྱང་རིང་པོ་ནས་གསལ་བའི་ཟབ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཆོས་ཟབ་མོ་རྟོགས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་གི་རི་མོ་རིང་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། འཕྲལ་དུ་བདེ་ལ་ཕུགས་སུ་ཕན་པ་དང་ཕྱིས་རྗེས་ལ་ཡང་ཡང་དུ་ཆོས་སྟོན་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། ཞལ་ནི་ཧ་ཅང་མི་རིང་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་དང་མཐུན་པར་བསླབ་པ་བཅས་པ་མཛད་པས་དེ་ལྟར་འབྱུང་བའི་ཕྱིར།ཞལ་ལ་གཟུགས་ཀྱི་གཟུགས་[072B]བརྙན་སྣང་བ་མཆུ་ནི་བིམ་པ་ལྟར་དམར་བའི་རྒྱུ་མཚན་ཡོད་དེ། སྣོད་བཅུད་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། ལྗགས་མཉེན་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ།གདུལ་བྱ་ཐམས་ཅད་ཚིག་འཇམ་པོས་འདུལ་བར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། ལྗགས་སྲབ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཡོན་ཏན་རིགས་པའི་འཐད་པ་མང་བ་སྟོན་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར༑ བཅུ་ཚན་ལྔ་པའོ།།ལྗགས་དམར་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཉོན་མོངས་འཇོམས་པའི་ཆོས་འདུལ་པ་བྱིས་པའི་སྐྱེ་བོ་བདག་དང་བདག་གིས་ལ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་སྟོན་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། གསུང་འབྲུག་གི་སྒྲ་ཉིད་དུ་ལྡན་པའི་རྒྱུ་མཚན་ཡོད་དེ། བསྙེངས་པ་ཉེས་པ་དང་བཅབ་པར་བྱ་བའི་དོགས་པ་དང་འཇིགས་པ་ཐམས་ཅད་མི་མངའ་བས༌༈ དེ་ལྟར་འབྱུང་བའི་ཕྱིར།གསུང་སྙན་ཅིང་མཉེན་ལ་འཇམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། རྣ་བར་འབྱེད་པས་སྙན་པ་སོགས་གསུངས་པས་དེ་ལྟར་འབྱུང་བའི་ཕྱིར། མཆེ་བ་ཟླུམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ།རྗེས་སུ་ཆགས་སོགས་སྲིད་པར་ཀུན་ཏུ་སྦྱོར་བ་དགུ་ཟད་པར་བསྡམས་པ་མཐར་ཕྱིན་པས་དེ་ལྟར་འབྱུང་བའི་ཕྱིར། མཆེ་བ་རྣོ་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སྐྱེ་བོ་འདུལ་དཀའ་བ་ཉོན་མོངས་པ་ཤས་ཆེ་བ་རྣམས་འདུལ་བར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། མཆེ་བ་དཀར་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཉོན་མོངས་འདུལ་བའི་ཆོས་འདུལ་བ་ཤིན་ཏུ་དཀའ་བ་ཉིད་ཀྱིས་འཇོམས་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། རིང་ཐུང་མེད་པས་མཆེ་བ་མཉམ་པ་དང་ལྡན་པའི་རྒྱུ་[073A]མཚན་ཡོད་དེ། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ས་ལ་གནས་པས་དེ་ལྟར་འབྱུང་བའི་ཕྱིར། མཆེ་བ་བྱིན་གྱིས་ཕྲ་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། རིམས་ཀྱིས་ཐེག་པ་གསུམ་གྱི་མངོན་པར་རྟོགས་པ་ཡང་དག་པར་སྟོན་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། ཤངས་ཀྱི་གཟེངས་མཐོ་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཐབས་ཀྱི་ཆ་ཡོངས་སུ་རྫོགས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་གནས་པས་དེ་ལྟར་འབྱུང་བའི་ཕྱིར། ཤངས་སྣབས་སོགས་ཀྱིས་གཙང་བའི་མཆོག་ཏུ་དག་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གདུལ་བྱའི་སྐྱེ་བོ་ཡིད་ཆེས་པའི་གཙང་མ་ཕུན་སུམ་ཚོགས་པ་དང་ལྡན་པས་དེ་ལྟར་འབྱུང་བའི་ཕྱིར། བཅུ་ཚན་དྲུགཔའོ༑།སྤྱན་ཡངས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་ཆོས་གྲངས་མེད་པ་ཤིན་ཏུ་རྒྱ་ཆེ་བ་ཤིན་ཏུ་སྟོན་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། རྫི་མ་སྟུག་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སེམས་ཅན་གྱི་ཚོགས་མཐའ་ཡས་པ་འཁོར་བའི་གནས་ནས་དྲངས་པས་དེ་ལྟར་འབྱུང་བའི་ཕྱིར། སྤྱན་དཀར་ནག་མ་འདྲེས་པས་འབྱེས་ཤིང་པདྨའི་འདབ་མ་རངས་པ་འདྲ་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། མགུ་བར་དཀའ་བའི་ལྷ་མི་སོགས་འགྲོ་བ་ཐམས་ཅད་ཀྱིས་བསྟོད་པར་འོས་པས་མངོན་པར་མགུ་བར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར། སྨིན་མའི་ཚུགས་ཏེ་སྤུ་རིང་བ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། མ་འོངས་པ་ན་ཅིར་འགྱུར་བ་ལྟ་བས་རྟག་ཏུ་འགྲོ་བ་གཟིགས་པས་དེ་ལྟར་འབྱུང་བའི་ཕྱིར། སྨིན་མ་འཇམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཆོས་འདུལ་བ་འཇམ་པོ་མེ་ལྔ་བསྟེན་པ་སོགས་ལམ་མ་ཡིན་པ་ལ་མཁས་པས་དེ་ལྟར་འབྱུང་བའི་ཕྱིར། སྨིན་[073B]མ་སྣུམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཐུགས་རྒྱུད་དགེ་བས་བརླན་པས་དེ་ལྟར་འབྱུང་བའི་ཕྱིར། སྨིན་མའི་སྤུ་རིང་ཐུང་མེད་པས་མཉམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཀུན་ཏུ་ཉོན་མོངས་པའི་སྐྱོན་གཟིགས་པས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་རིང་ཞིང་རྒྱས་པ་ཉིད་དང་ལྡན་པའི་རྒྱུ་མཚན་ཡོད་དེ། སེམས་ཅན་གྱི་མཆོག་ཏུ་གནོད་པ་འཁོར་བ་སྤྱི་དང་ངན་འགྲོའི་རྒྱུ་ཟློག་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར།སྙན་རིང་ཐུང་དང་ཆེ་ཆུང་མེད་པའི་མཉམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། རྒྱལ་བར་དཀའ་བའི་འདོད་ཆགས་སོགས་ལས་རྒྱལ་བས་དེ་ལྟར་འབྱུང་བའི་ཕྱིར། སྒྲ་ལ་འཇུག་པར་བྱེད་པ་སོགས་སྙན་གྱི་དབང་པོ་ཉམས་པ་རྣམ་པར་སྤངས་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་མཉམ་པར་བདེ་བ་ལ་བཀོད་པས་དེ་ལྟར་འབྱུང་བའི་ཕྱིར། བཅུ་ཚན་བདུན་པའོ།།དཔྲལ་བ་ལེགས་པར་འབྱེས་པ་སྐྲ་མཚམས་ལེགས་པར་དོད་པའི་རྒྱུ་མཚན་ཡོད་དེ། ལྟ་ངན་དྲུག་ཅུ་རྩ་གཉིས་སོགས་མཐར་འཛིན་གྱི་ལྟ་བས་བྱས་པ་ཐམས་ཅད་ཀྱིས་ཐུགས་གཞན་དུ་བསྒྱུར་མི་ནུས་པས་དེ་ལྟར་འབྱུང་བའི་ཕྱིར། དཔྲལ་བ་དབྱེས་ཆེ་བ་སྟེ་རྒྱས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ལོག་པར་སྨྲ་བ་ཐམས་ཅད་འཇོམས་པར་མཛད་པས་དེ་ལྟར་འབྱུང་བའི་ཕྱིར།གདུགས་ལྟ་བུར་དབུ་ཤིན་ཏུ་རྒྱས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གཞན་དོན་སངས་རྒྱས་ཐོབ་པར་སྨོན་པའི་སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པས་དེ་ལྟར་འབྱུང་བའི་ཕྱིར། དབུ་སྐྲ་བུང་བ་ལྟར་གནག་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། གཟུགས་སྒྲ་ལ་སོགས་པའི་ཡུལ་ལ་སྲེད་པ་ཐམས་ཅད་བཟློག་པར་[074A]མཛད་པས་དེ་ལྟར་འབྱུང་བའི་ཕྱིར། བར་མཚམས་མེད་པར་དབུ་སྐྲ་སྟུག་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། མཐོང་སྒོམ༌༈ གྱི་ལམ་གྱིས་སྤང་བར་བྱ་བའི་བག་ལ་ཉལ་ཐམས་ཅད་ཟད་པར་སྤངས་པས་དེ་ལྟར་འབྱུང་བའི་ཕྱིར། དབུ་སྐྲ་འཇམ་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། བསྟན་པ་མཐར་འཛིན་གྱི་རྩུ་བ་བག་མེད་པའི་བློ་འཇམ་པོས་ཤེས་པས་དེ་ལྟར་འབྱུང་བའི་ཕྱིར། དབུ་སྐྲ་མ་འཛིངས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཐུགས་འདོད་ཆགས་ལ་སོགས་པས་མ་འཁྲུགས་པས་ན་དེ་ལྟར་འབྱུང་བའི་ཕྱིར། དབུ་སྐྲ་མི་རྩུབ་ཅིང་མི་གཤོར་བ་སྟེ་གྱེན་དུ་མ་བརྫེས་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། ཚིག་རྩུབ་པོ་རྣམས་སྤངས་པས་དེ་ལྟར་འབྱུང་བའི་ཕྱིར། དབུ་སྐྲ་དྲི་ཞིམ་པ་སྐྱེས་བུའི་ཡིད་འཕྲོག་པར་བྱེད་པ་དང་ལྡན་པའི་རྒྱུ་མཚན་ཡོད་དེ། དཀོན་མཆོག་གི་མདུན་དུ་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་ཡན་ལག་གི་མེ་ཏོག་བཀྲམ་པས་དེ་ལྟར་འབྱུང་བའི་ཕྱིར། ཕྱག་ཞབས་ཀྱི་མཐེ་བོང་ལ་རྡོ་རྗེའི་རི་མོ་ལྟ་བུ་དཔལ་གྱི་བེའུ་དང༌། དེ་གཉིས་ཀྱི་དཀྱིལ་ན་རི་མོ་གྲུ་བཞི་པ་བཀྲ་ཤིས་དང༌། དེའི་མཐའ་སྲིན་ལག་ལ་སོགས་པའི་ཞབས་ན་རི་མོ་བདུན་གཡས་སུ་འཁྱིལ་བའི་གཡུང་དྲུང་འཁྱིལ་པས་བརྒྱན་པ་ཡིན་ཏེ༑ སྐུ་རྣམ་པ་ཐམས་ཅད་མཛེས་པ་ཉིད་ཀྱིས་དེ་ལྟར་འབྱུང་བའི་ཕྱིར། བརྒྱད་ཅུ་པོ་དེ་དག་ཐུབ་པ་སངས་རྒྱས་ཀྱི་དཔེ་བྱད་བཟང་པོར་བཞེད་དེ། ཡོན་ཏན་འདི་རྣམས་ནང་ན་ཡོད་པས་ཕྱིའི་རྟགས་འདི་རྣམས་ཤར་བ་དང༌། རྒྱུ་འབྲས་ཙམ་ཞིག་ཏུ་སྦྱར་བའི་ཕྱིར། བཞི་པ་ནི། ཤཱཀྱ་ཐུབ་པའི་གཟུགས་སྐུ་ལ་སོགས་པ་གཟུགས་ཀྱི་སྐུ་གང་གི་འཕྲིན་ལས་རྒྱུན་མི་འཆད་པར་མཛད་པའི་ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་དེ་ནི་ཆོས་ཅན། སྤྲུལ་པའི་སྐུ་ཡིན་ཏེ།[074B]སྲིད་པ་ཇི་སྲིད་བར་དག་མ་དག་གི་འགྲོ་བ་ལ་དངོས་སུ་སྣང་ནས་མངོན་མཐོ་དང་ངེས་ལེགས་ཀྱི་ཕན་པ་སྣ་ཚོགས་དག་དུས་མཉམ་དུ་མཛད་པའི་སྐུ་ཡིན་པའི་ཕྱིར། བཞི་བ་མཛད་པ་འཕྲིན་ལས་ལ་གསུམ། དུས་ཀྱི་སྒོ་ནས་མཛད་པ་མདོར་བསྟན་པ་དང༌། དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་དང༌། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ།།དང་པོ་ནི། ཆོས་སྐུ་རྒྱུན་མི་འཆད་པ་དེ་བཞིན་དུ་འཁོར་བ་ཇི་སྲིད་བར་ཆོས་སྐུ་འདིའི་འཕྲིན་ལས་ནི་རྒྱུན་མི་འཆད་པར་འདོད་དེ། དེ་ལྟར་རྒྱུན་མི་འཆད་པའི་རྒྱུ་ཚོགས་པ་མཐར་ཕྱིན་པ་སྔོན་དུ་སོང་བའི་ཕྱིར། གཉིས་པ་ལ་གཉིས། ལམ་ལ་འགོད་པ་དང༌། ལམ་གྱི་འབྲས་བུ་ལ་འགོད་པའོ།།དང་པོ་ལ་བཞི། ཚོགས་ལམ་ལ་འགོད་པ། སྦྱོར་ལམ་ལ་འགོད་པ། མཐོང་ལམ་ལ་འགོད་པ། སྒོམ་ལམ་ལ་འགོད་པའོ།།དང་པོ་ལ་གསུམ། བསམ་པ་ཕུན་ཚོགས་ལ་འགོད་པ། གཞན་རྒྱུད་སྨིན་བྱེད་ཀྱི་སྦྱོར་བ་ཕུན་ཚོགས་ལ་འགོད་པ། བདེན་བཞི་རྟོགས་པའི་ལྟ་བ་ཕུན་ཚོགས་ལ་འགོད་པའོ།།དང་པོ་ནི། བསམ་པ་ཕུན་ཚོགས་ལ་ཐོག་མར་འགོད་པར་བྱ་སྟེ། བདེ་འགྲོ་དང་ངན་འགྲོའི་འགྲོ་བ་རྣམས་མངོན་མཐོ་ཙམ་ལ་དོན་གཉེར་ཞི་བའི་ཐར་པ་དོན་གཉེར་གྱི་བསམ་པ་བསྐྱེད་པའི་འཕྲིན་ལས་མཛད་པའི་ཕྱིར། གཉིས་པ་ནི། གཞན་རྒྱུད་སྨིན་བྱེད་ལ་འགོད་པར་མཛད་དེ། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་སྟེ་བསྡུ་བའི་དངོས་པོ་རྣམ་པ་བཞི་ལ་འགོད་པར་མཛད་པའི་ཕྱིར། གསུམ་པ་ནི། བདེན་བཞི་རྟོགས་པའི་ཤེས་རབ་ལ་འགོད་པར་མཛད་དེ། ཀུན་ནས་ཉོན་མོངས་རྒྱུ་དང་འབྲས་བུར་བཅས་པའི་སྡུག་ཀུན་དོར་བྱ་དང༌། རྣམ་པར་བྱང་བ་རྒྱུ་འབྲས་ལམ་དང་འགོག་པ་བླང་[075A]བྱར་རྟོགས་པ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ལ་གསུམ། བསམ་པ་ཕུན་ཚོགས་དང༌། རང་རྒྱུད་སྨིན་བྱེད་ཀྱི་སྦྱོར་བ་དང༌། ལྟ་བ་རྣམ་དག་ལ་འགོད་པའོ།།དང་པོ་ནི། གཞན་དོན་བསམ་པ་རྣམ་དག་ལ་འགོད་པར་བྱ་བ་ཡིན་ཏེ། སེམས་ཅན་རྣམས་རང་གིས་རྟོགས་པའི་གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་གྱིས་དོན་རྟོགས་པ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང༌།གཉིས་དོན་གྱི་སྤྱོད་པ་ལ་འགོད་པའོ།།དང་པོ་ལ་ནི། རང་རྒྱུད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་འགོད་པར་མཛད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་ལམ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ནི། གཉིས་ཀྱི་དོན་གྱི་སྤྱོད་པ་ལ་འགོད་པར་མཛད་དེ། སངས་རྒྱས་སུ་བགྲོད་པའི་དགེ་བ་བཅུའི་ལམ་ལ་འགོད་པར་མཛད་པའི་ཕྱིར། གསུམ་པ་ནི། ལྟ་བ་རྣམ་དག་ལ་འགོད་པར་མཛད་དེ། དོན་དམ་པར་རང་བཞིན་གྱིས་སྟོང་པ་ཉིད་རྟོགས་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་སྟོང་ཉིད་རྟོགས་པ་ལ་འགོད་པར་མཛད་པའི་ཕྱིར། གསུམ་པ་ནི། སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པའི་ལམ་ལ་འགོད་པར་མཛད་དེ། གཉིས་སྣང་གི་སྤྲོས་པ་ཟད་པའི་སྟོང་ཉིད་གསར་དུ་རྟོགས་པ་ལ་འགོད་པར་མཛད་པའི་ཕྱིར། བཞི་པ་ལ་དྲུག །ས་དྲི་མ་མེད་པ་སོགས་གཉིས་ལ་འགོད་པ་དང༌། ས་བཞི་པ་སོགས་གསུམ་ལ་འགོད་པར་མཛད་པ་དང༌། བདུན་པ་ལ་འགོད་པ་དང༌། བརྒྱད་པ་ལ་འགོད་པ་དང༌། དགུ་པ་ལ་འགོད་པ་དང༌།བཅུ་པ་ལ་འགོད་པའོ།།དང་པོ་ནི། ས་གཉིས་པ་དང་གསུམ་པ་ལ་འགོད་པའི་འཕྲིན་ལས་མཛད་དེ། ས་དེ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་[075B]བརྡ་ཙམ་བརྟགས་པ་ཙམ་དུ་ཁོང་དུ་ཆུད་པའི་སྒོ་ནས་ཚུལ་ཁྲིམས་དང༌། བཟོད་པའི་ཕར་ཕྱིན་ལྷག་པ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ནི། དེའི་འོག་ཏུ་ས་གསུམ་པོ་ལ་འགོད་པའི་འཕྲིན་ལས་མཛད་དེ། ས་བཞི་པར་བྱང་ཆུབ་ཀྱི་ཕྱོགས་མཐུན་ཤེས་པའི་ཤེས་རབ་དང༌། ས་ལྔ་པར་བདེན་བཞི་ཤེས་པའི་ཤེས་རབ་དང༌། ས་དྲུག་པར་རྟེན་འབྲེལ་ཤེས་པའི་ཤེས་རབ་ལ་ཆོས་ཐམས་ཅད་དོན་དམ་པར་དམིགས་པ་མེད་པར་རྟོགས་པས་ཁྱད་པར་དུ་བྱས་པའི་སྒོ་ནས་འགོད་པར་མཛད་པའི་ཕྱིར།གསུམ་པ་ནི། དེའི་འོག་ཏུ་ས་བདུན་པ་ལ་འགོད་པའི་འཕྲིན་ལས་མཛད་དེ། ས་དེས་བསྡུས་པའི་ཐབས་མཁས་ཀྱི་ཕར་ཕྱིན་གྱི་སྒོ་ནས་ལུས་ཅན་རྣམས་ནི་ཡོངས་སུ་སྨིན་པར་མཛད་པའི་ཕྱིར། བཞི་པ་ལ་བཞི།ལམ་གསུམ་ཤེས་པའི་ལམ་ཤེས་ལ་འགོད་པ་དིང༌། བདེན་འཛིན་ཞི་བ་ལ་འགོད་པ་དང༌། སངས་རྒྱས་དཀོན་མཆོག་བརྟགས་པ་བ་ཐོབ་པ་ལ་འགོད་པ་དང༌།ཞིང་དག་གི་སྦྱོར་བ་ལ་འགོད་པའོ།།དང་པོ་ནི། དེའི་འོག་ཏུ་ས་བརྒྱད་པ་ལ་འགོད་པའི་འཕྲིན་ལས་མཛད་དེ། ས་དེས་བསྡུས་པའི་བྱང་ཆུབ་སེམས་དཔའི་ལམ་གྱིས་མཚོན་པའི་ལམ་གསུམ་མངོན་སུམ་དུ་ཤེས་པར་བྱེད་པའི་ལམ་ཤེས་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ནི། དེའི་འོག་ཏུ་ས་བརྒྱད་པར་འགོད་ཚུལ་གཞན་ཡང་ཡོད་དེ། བདེན་པར་མངོན་པར་ཞེན་པ་མངོན་གྱུར་བ་བཟློག་པ་ལ་འགོད་པའི་ཕྱིར། གསུམ་པ་ནི།དེའི་ས་འོག་ཏུ་བརྒྱད་པ་ལ་འགོད་པའི་འཕྲིན་ལས་མཛད་ཚུལ་ཡོད་དེ། སངས་རྒྱས་དཀོན་མཆོག་ཏུ་བཏགས་པའི་བྱང་ཆུབ་ཐོབ་པ་ལ་འགོད་པར་མཛད་པའི་ཕྱིར། བཞི་པ་ནི། དེའི་འོག་ཏུ་ས་བརྒྱད་པ་ལ་འགོད་[76A]ཚུལ་གཞན་ཡང་ཡོད་དེ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་སྦྱོར་བ་ལ་འགོད་པར་མཛད་པའི་ཕྱིར། ལྔ་པ་ལ་གཉིས། རང་འཚང་རྒྱ་བར་རེས་པ་དང༌། གཞན་སྨིན་པར་བྱེད་པ་ལ་འགོད་པའོ༑།དང་པོ་ནི། དེའི་འོག་ཏུ་ས་དགུ་པ་ལ་འགོད་པའི་འཕྲིན་ལས་མཛད་དེ། ས་དེས་བསྡུས་པའི་ཐེག་པ་གཞན་དུ་མི་ལྟུང་བར་ངེས་པའི་འཚང་རྒྱབ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ནི། དེ་ཡི་འོགནས་ས་དགུ་པ་ལ་འགོད་ཚུལ་གཞན་ཡང་ཡོད་དེ། ས་དེས་བསྡུས་པའི་སེམས་ཅན་དོན་ནི་ཚད་མེད་པ་སྒྲུབ་པ་ལ་འགོད་པར་མཛད་པའི་ཕྱིར། དྲུག་པ་ལ་གཉིས། ས་བཅུ་པས་བསྡུས་པའི་བཤེས་གཉེན་བསྟེན་པ་དང༑ རྟོགས་པ་གོང་དུ་འཕེལ་བ་ལ་འགོད་པའོ།།དང་པོ་ནི། དེའི་འོག་ཏུ་ས་བཅུ་པ་ལ་འགོད་པའི་འཕྲིན་ལས་མཛད་དེ། ས་དེས་བསྡུས་པའི་སངས་རྒྱས་བསྟེན་པ་དང༌། སོགས་པས་བསྡུས་པ་ཆོས་ཉན་པ་དང༌།མཆོད་པ་སོགས་ཀྱི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ལ་བརྒྱད། བྱང་ཆུབ་ཀྱི་ཡན་ལག་ཐོབ་པ་ལ་འགོད་པ་དང༌། ལས་འབྲས་ཆུད་མི་ཟ་བ་ལ་འགོད་པ་དང༌། བདེན་པ་ཤེས་པ་ལ་འགོད་པ་དང༌། ༈༈ ལོག་ཟད་པ་ལ་འགོད་པ་དང༌། གཞི་མེད་པ་ལ་འགོད་པ་དང༌།རྣམ་བྱང་རྫོགས་པ་ལ་འགོད་པ་དང༌། ཚོགས་རྫོགས་པ་ལ་འགོད་པ་དང༌། སྲིད་ཞི་མཉམ་ཉིད་ལ་འགོད་པའོ།།དང་པོ་ནི། བསྒྲུབ་བྱ་སྔ་མ་ལྐུར་སྒྱར༌༈༈༈ ས་བསྡུས་པའི་བྱང་ཆུབ་ཀྱི་ཡན་ལག་དགེ་བ་མ་ལུས་པ་རྫོགས་པ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ནི་ས་དེས་བསྡུས་པའི་ལས་རྣམས་ནི་ཕྲ་རགས་གང་ཡིན་ཀྱང་ཆུད་མི་ཟ་ཞིང༌། མི་བསླུ་བ་[76B]མངོན་སུམ་དུ་མཐོང་བ་ལ་འགོད་པར་མཛད་པའི་ཕྱིར། གསུམ་པ་ནི། ས་དེས་བསྡུས་པའི་བདེན་པ་རྫོགས་པར་མངོན་སུམ་དུ་མཐོང་བ་ལ་འགོད་པར་མཛད་པའི་ཕྱིར། བཞི་པ་ནི། ས་དེས་བསྡུས་པའི་གཙང་བདེ་རྟག་བདག་སོགས་ཕྱིན་ཅི་ལོག་ཟད་པར་སྤོང་བ་ལ་འགོད་པར་མཛད་པའི་ཕྱིར། ལྔ་པ་ནི། ས་དེས་བསྡུས་པའི་ཕྱིན་ཅི་ལོག་བཞི་བསྐྱེད་པའི་གཞི་བདེན་འཛིན་མེད་པའི་ཚུལ་ལ་འགོད་པར་མཛད་པའི་ཕྱིར། དྲུག་པ་ནི།ས་དེས་བསྡུས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རྣམ་པར་བྱང་བ་རྫོགས་པ་ལ་འགོད་པར་མཛད་པའི་ཕྱིར། བདུན་པ་ནི། ས་དེས་བསྡུས་པའི་བྱང་ཆུབ་ཀྱི་རྒྱུ་ཚོགས་གཉིས་རྫོགས་པ་ལ་འགོད་པར་མཛད་པའི་ཕྱིར། བརྒྱད་པ་ནི། ས་དེས་བསྡུས་པའི་འདུས་བྱས་འཁོར་བ་དང༌། འདུས་མ་བྱས་མྱ་ངན་ལས་འདས་པ་ལ་དོན་དམ་པར་ཐ་དད་དུ་ཡོངས་སུ་མི་ཤེས་ཤིང༌། དོན་དམ་པར་ཐ་མི་དད་དུ་མངོན་སུམ་དུ་ཤེས་པ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་ནི། དེའི་འོག་ཏུ་ལམ་གྱི་འབྲས་བུ་ལ་འགོད་པར་མཛད་དེ། མི་གནས་པའི་མྱང་འདས་ལ་འགོད་པར་མཛད་པའི་ཕྱིར། གསུམ་པ་ནི། ཡེ་ཤེས་ཀྱི་སྐུ་ཡི་འཕྲིན་ལས་ནི་ཆོས་ཅན། རྣམ་པ་ཉི་ཤུ་རྩ་བདུན་དུ་མདོ་ལས་བཞེད་དེ། སྔར་བཤད་པ་དེ་ལྟར་དུ་བཞེད་པའི་ཕྱིར། གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་རྣམ་བཤད་སྙིང་པོའི་རྒྱན་གྱི་དོན་རབ་ཏུ་གསལ་བར་བྱེད་པ་ལས་སྐབས་བརྒྱད་པའི་བཤད་པའོ།། ༈ །།གསུམ་པ་བསྡུས་དོན་གཞན་བསྟེན་པ་ལ་གཉིས།དོན་དྲུག་ཏུ་བསྡུ་བ་དང༌། དོན་གསུམ་དུ་བསྡུ་བའོ།།[77A]དང་པོ་ནི། རྒྱན་གྱི་དོན་བསྡུས་བརྒྱད་ལས། གཞན་རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། མཁྱེན་པ་གསུམ་གྱི་ངོ་བོར་གྱུར་པའི་མཚན་ཉིད་དང༌། མཁྱེན་གསུམ་དེའི་རྣམ་པ་ཉམས་ལེན་གྱི་རྣམ་པ་རྫོགས་པ་དང༌། སྤྱོད་བ་དེ་རབ་ཏུ་གྱུར་པའི་རྩེ་སྦྱོར་དང༌། མཁྱེན་གསུམ་དེ་ཡི་རྣམ་པ་ཉམས་ལེན་གྱི་གོ་རིམ་མཐར་གྱིས་པའི་སྦྱོར་བ་དང༌།མཁྱེན་གསུམ་གྱི་རྣམ་པ་ཉམས་ལེན་གྱི་སྦྱོར་བ་མཐར་ཐུག་སྐད་ཅིག་མའི་སྦྱོར་བ་དང༌།མཁྱེན་གསུམ་གྱི་རྣམ་པ་ཉམས་ལེན་གྱི་སྦྱོར་བའི་རྣམ་སྨིན་ཆོས་ཀྱི་སྐུ་དང༌། དྲུག་ནི་རྒྱན་གྱི་བསྡུས་དོན་འབྲིང་དུ་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། རྒྱན་གྱི་བསྡུས་དོན་སྔ་མ་ལས་གཞན་ཡུལ་དང་རྒྱུ་དང༌། འབྲས་བུ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། སྦྱོར་བ་བཞིའི་བསྒོམ་བྱའི་ཡུལ་གྱི་རྣམ་པ་མཁྱེན་པ་གསུམ་དང༌། མཁྱེན་གསུམ་མཐར་ཐུག་གི་རྒྱུ་སྦྱོར་བ་བཞིའི་བདག་ཉིད་དང༌། མཁྱེན་གསུམ་སྦྱོར་བའི་འབྲས་བུ་ཆོས་ཀྱི་སྐུའི་འཕྲིན་ལས་དང་བཅས་པ་གསུམ་གྱི་སྒོ་ནས་བསྡུས་པ་ནི་རྒྱན་གྱི་བསྡུས་དོན་བསྡུས་པ་ཡིན་པའི་ཕྱིར། གསུམ་པ་མཇུག་གི་དོན་ལ། བསྟན་བཅོས་མཛད་པ་པོ་དང༌། ལོ་ཙྪ་བ་གང་གིས་བསྒྱུར་བའོ།།དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྒྱས་འབྲིང་བསྡུས་གསུམ་ཐམས་ཅད་ཀྱི་དོན་བདེ་བླག་ཏུ་ཚེགས་ཆུང་ངུས་རྟོགས་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཆོས་ཅན། ཁྱོད་མཛད་པ་པོ་ཡོད་དེ། ཐུབ་པའི་གསུང་གི་གསང་བ་ཐམས་ཅད་ལ་ལྐོག་ཏུ་མི་གྱུར་པའི་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་[77B]རྣམ་བཤད་སྙིང་པོའི་རྒྱན་གྱི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་རྫོགས་སོ།།།།གཉིས་པ་བསྟན་བཅོས་འདི་གང་གིས་ལེགས་པར་སྦྱར་བའི་སྐད་ལས་བོད་སྐད་དུ་སྒྱུར་བ་པོ་ཡང་ཡོད་དེ། རྒྱ་གར་གྱི་མཁན་པོ་བི(R+YA)ཀ་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའི་ཕྱིར།།།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་ཚིགདོན་གསལ་བར་བྱེད་པའི་ཊཱཀི་འདི་ནི་དགེ་སློང་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་སྦྱར་བའོ།།།།

ཨ་རི་ནི་འུ་ཇར་སི་ལོག་དགོན་བཀྲ་ཤིས་དགེ་འཕེལ་གླིང་དུ་གནས་སྡོད་སེར་སྨད་རྒྱལ་རོང་དགེ་བཤེས་བློ་བཟང་མཐར་ཕྱིན་ནས་བོད་རབ་ལོ་2105 ཕྱི་ལོ་1980 ལོར་ཤིང་དཔར་གསར་བསྐྲུན་ཞུས་པའོ།།།།


དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ1
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།