༄༅། །བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་མཐའ་དབྱོད་ལེགས་པར་བཤད་པ

འབྱུང་གནས།:རྒྱལ་སྐྱོང་ཆོས་འཁོར་གླིང་། རྩོམ་པ་པོ།:མཁས་གྲུབ་བསྟན་པ་དར་རྒྱས དུས་ཚོད།:2012-07-30 Tag: བཀོད་པ།:

༄༅།།བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་མཐའ་དཔྱོད་ལེགས་པར་བཤད་པ་པདམ་དཀར་པོའི་འཕྲེང་བ་ཞེས་བྱ་བ་མཁས་གྲུབ་བསྟན་པ་དར་རྒྱས་ཀྱི་གསུང་རྒྱུན་སྐབས་དང་པོའི་སྨད་ཆ་བཞུགས་སོ།།

[1A]ཤའི་དང་རྣམ་པར་སྨིན་པ་ལས་གྱུར་པའི་ལྷའི་དང་ཤེས་རབ་དང་ཆོས་དང་སངས་རྒྱས་ཀྱི་སྤྱན་གྲངས་ཇི་ལྟ་བ་བཞིན་དུ་ཞེས་པའི་སྐབས་སུ།བྱང་ཆེན་གྱི་ཤའི་སྤྱན་གྱིས་དཔག་ཚད་བརྒྱ་མཐོང་པ་ཡོད་དོ།།ཞེས་སོགས་ཀྱི་ཡུམ་བར་མའི་མདོ་ཚིག་ཆོས་ཅན།སྦྱན་ལྡ་ལ་འདོམས་པའི་གདམས་དག་ཡིན་ཏེ།སྦྱན་ལྔའི་ཡུལ་ཡུལ་ཅན་དོན་དམ་པར་མ་གྲུབ་ཅིང༌།ཐ་སྙད་དུ་སྒྲུབ་བ་ལ་རང་དབང་དུ་འཇུག་པའི་ཕྱིར་ཏུ་རང་རྒྱུད་ལ་བསྟེན་པར་བྱའོ།།ཞེས་འདོམས་པར་བྱེད་པའི་ཡུམ་བར་མའི་མདོ་ཚིག་ཡིན་པའི་ཕྱིར།འདིའི་སྐབས་སུ་མཐའ་དཔྱད་པ་ལ་རྣམ་པ་གསུམ་ལས།དང་པོ་ལ།ཁ་ཅིག།ཤའི་སྦྱན་དང་ལྷའི་སྦྱན་གཉིས་པོ་དེ་གཟུགས་ཅན་དང་བ་དང༌།སྦྱན་ཕྱི་མ་གསུམ་པོ་གང་རུང་ལ་ཤེས་པས་ཁྱབ་པ་ཡིན་ཟེར་ན།འོ་ན།ཤའི་སྦྱན་དེ་མིག་དབང་གཟུགས་ཅན་པ་ཡིན་པར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་ན།མིག་དབང་གིས་གཟུགས་མཐོང་བ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།མིག་ཤེས་ཀྱིས་གཟུགས་མཐོང་བ་ཡིན་པའི་ཕྱིར།གཞན་ཡང༌།ཤའི་སྦྱན་དེ་མིག་དབང་མ་ཡིན་པར་ཐལ་དེ་ཤེས་པ་ཡིན་པའི་ཕྱིར།དེར་ཐལ།འབུམ་གྱི་གནོད་འཇོམས་ལས།གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ།ཞེས་གསུངས་པའི་ཕྱིར།ཁ་ཅིག།གཟུགས་ཡིན་ན།ཡུལ་ཅན་མ་ཡིན་པས་ཁྱབ་ཟེར་ན།ཡུམ་བར་མ་ཆོས་ཅན།ཡུལ་ཅན་མ་ཡིན་པར་ཐལ།གཟུགས་ཡིན་པའི་ཕྱིར།དེར་ཐལ།རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།སངས་རྒྱས་ཀྱི་བཀའ་ཡིན་པའི་ཕྱིར།ཁ་ཅིག།ཤའི་སྦྱན་ཡིན་ན་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་[02A]བས་ཁྱབ།དེ་ཕན་ཆད་མི་མཐོང་བས་ཁྱབ་ཟེར་ན།སངས་རྒྱས་འཕགས་པའི་ཤའི་སྦྱན་ཆོས་ཅན།དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་དེ་ཕན་ཆད་ཀྱི་གཟུགས་མི་མཐོང་བར་ཐལ།ཤའི་སྦྱན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།ཤེར་ཕྱིན་སུམ་བརྒྱ་པ་ལས།རབ་འབྱོར་དེ་བཞིན་གཤེགས་པ་ལ་ཤའི་སྦྱན་མངའ་སྙམ་མམ།རབ་འབྱོར་གྱིས་གསོལ་བ།བཅོམ་ལྡན་འདས་མངའ་ལགས་སོ།།བདེ་བར་གཤེགས་པ་མངའ་ལགས་སོ།།ཞེས་གསུངས་པའི་ཕྱིར།གཞན་ཡང༌།སྟོན་པ་ཤཱཀྱ་ཐུབ་པའི་སྐུའི་དྲུང་ན་གནས་པའི་ཉན་ཐོས་དགྲ་བཅོམ་པའི་ཤའི་སྤྱན་དེས།སྟོན་པ་ཤཱཀྱ་ཐུབ་པའི་དབུའི་གཙུག་ཏོར་གྱི་སྟེང་གི་རྡུལ་མངོན་སུམ་དུ་མཐོང་བར་ཐལ།དས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བའི་ཕྱིར།མ་གྲུབ་ན།འཁོར་གསུམ་བྱེད།འདོད་མི་ནུས་ཏེ།དེ་མངོན་སུམ་དུ་མཐོང་བའི་སེམས་ཅན་མེད་པའི་ཕྱིར།དེར་ཐལ།མདོ་ལས།དབུའི་གཙུག་ཏོར་ལྟར་མི་མངོན་པ།ཞེས་གསུངས་པའི་ཕྱིར༑ཁ་ཅིག།དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་མངོན་སུམ་དུ་མཐོང་བའི་ནང་གི་གཟུགས་ཅན་དང་བ་དེ།ཤའི་སྤྱན་གྱི་མཚན་གྱི་མཚན་ཉིད་ཟེར་ན།ཤའི་སྤྱན་དེ་མིག་དབང་ཡིན་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།མིག་ཤེས་དང་མིག་དབང་གཉིས་ཀྱི་ནང་ནས་མིག་དབང་གིས་གཟུགས་མཐོང་བར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།མཇོད་ལས།གང་ཕྱིར་བར་དུ་ཆོད་པ་ཡི།།གཟུགས་རྣམས་མཐོང་བ་མིན་ཕྱིར་ལོ།།ཞེས་སློབ་དཔོན་དབྱིག་གཉེན་གྱིས་མིག་དབང་གིས་གཟུགས་མཐོང་བ་[02B]ལ་མ་རངས་པའི་ལོ་ཚིག་གིས་དགག་པ་མཛད་པའི་ཕྱིར།ཁ་ཅིག།ཉི་ཁྲི་སྣང་བ་ལས་ཤའི་སྤྱན་གྱིས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བར་གསུངས་པ་དེ་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་སྐྱེས་ཀྱི་ཤའི་སྤྱན་ལ་དེས་ཁྱབ་པ་ལ་དགོངས་པ་ཡིན་ནོ་ཟེར་ན།དེ་མི་འཐད་པར་ཐལ།དཔག་ཚད་བརྒྱ་ཙམ་གྱི་གཟུགས་མངོན་སུམ་དུ་མཐོང་ཞིང་དེ་ཕན་ཆད་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མི་མཐོང་བའི་རྣམ་སྨིན་སྐྱེས་ཀྱི་ཤའི་སྤྱན་ཡོད་པའི་ཕྱིར།དེར་ཐལ།མདོ་ལས།བྱང་ཆེན་གྱི་ཤའི་སྦྱན་གྱིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ།།ཞེས་གསུངས་པའི་ཕྱིར།ཁ་ཅིག།ཤའི་སྤྱན་ཡིན་ན་བསམ་གཏན་གཉིས་པ་མན་ཆད་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བས་ཁྱབ་ཟེར་ན།བསམ་གཏན་དང་པོའི་ལྷའི་རྒྱུད་ཀྱི་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་སྐྱེས་ཀྱི་ཤའི་སྤྱན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་བའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།རྣམ་སྨིན་སྐྱེས་ཀྱི་ཤའི་སྤྱན་ཡོད་པའི་ཕྱིར།དེར་ཐལ།རྣམ་སྨིན་སྐྱེས་ཀྱི་ལྷའི་སྤྱན་ཡོད་པའི་ཕྱིར།དེར་ཐལ།འགྲེལ་པ་ལས།རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་དང༌།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁྱབ་སྟེ།མཛོད་ལས།མིག་གིས་གོང་མའི་གཟུགས་མ་ཡིན།།ཞེས་གསུངས་པའི་ཕྱིར།ཁ་ཅིག།བསམ་གཏན་དང་པོའི་སས་བསྡུས་ཀྱི་བསམ་གཏན་དང་པོའི་མིག་ཤེས་ལ་བརྟེན་པའི་ཤའི་སྦྱན་ཡིན་ན།བསམ་གཏན་གཉིས་པའི་གཟུགས་ཕྲ་རགས་མངོན་སུམ་དུ་མི་མཐོང་བས་ཁྱབ་ཟེར་ན།བསམ་གཏན་བཞི་པ་བའི་རྒྱུད་ཀྱི་བསམ་གཏན་དང་པོའི་སས་བསྡུས་ཀྱི་མིག་ཤེས་ལ་བརྟེན་པའི་ཤའི་སྦྱན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེ་དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།མཛོད་ལས།གཉིས་པ་སོགས་ན་ལུས་མིག་དང༌།།རྣ་བའི་རྣམ་ཤེས་རྣམ་རིག་སློང༌།།གང་ཡིན་དེ་ནི་དང་པོར་གཏོགས།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།བསམ་གཏན་བཞི་པ་བའི་རྒྱུད་ཀྱི་ཤའི་སྦྱན་ཡིན་པའི་ཕྱིར།ཁ་ཅིག།དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བའི་རིག་པ།ཤའི་སྦྱན་གྱི་མཚན་ཉིད་ཟེར་ན།རྣམ་[03A]མཁྱེན་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།འདོད་མི་ནུས་ཏེ།དབང་ཤེས་མ་ཡིན་བའི་ཕྱིར།ཁ་ཅིག།དེ་འདྲ་བའི་དབང་ཤེས་དེ་ཤའི་སྦྱན་གྱི་མཚན་ཉིད་ཟེར་ན།སངས་རྒྱས་འཕགས་པའི་ཉན་ཤེས་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།སངས་འཕགས་ཀྱི་རྒྱུད་ཀྱི་དབང་ཤེས་ཡིན་པའི་ཕྱིར།འདོད་ན།མིག་ཤེས་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།ལྷའི་སྦྱན་ཡིན་ན།དགེ་བ་ཟག་བཅས་ཀྱི་རྣམ་སྨིན་སྐྱེས་ཀྱི་ལྷའི་སྦྱན་ཡིན་པས་ཁྱབ་ཟེར་ན།ལོངས་སྐུའི་རྒྱུད་ཀྱི་ལྷའི་སྤྱན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།ལོངས་སྐུའི་རྒྱུད་ལ་སྤྱན་ལྔ་ཀ་ཡོད་པའི་ཕྱིར།འདོད་ན།སྡུག་བདེན་ཡིན་པར་ཐལ།འདོད་བའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།ལྷའི་སྤྱན་ཡིན་ན།ལྷའི་རྒྱུད་ཀྱི་སྤྱན་ཡིན་པས་ཁྱབ་ཟེར་ན།མཆོག་གི་སྤྲུལ་སྐུའི་རྒྱུད་ཀྱི་ལྷའི་སྤྱན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།མཆོག་གི་སྤྲུལ་སྐུའི་རྒྱུད་ལ་སྦྱན་ལྔ་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།མིའི་རྒྱུད་ཀྱི་སྤྱན་ཡིན་པའི་ཕྱིར༑དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།ལྷའི་རྒྱུད་ཀྱི་སྤྱན་ཡིན་ན།ལྷའི་སྤྱན་ཡིན་པས་ཁྱབ་ཟེར་ན།ལོངས་སྐུའི་རྒྱུད་ཀྱི་དོན་དམ་སེམས་བསྐྱེད་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།དེའི་རྒྱུད་ཀྱི་ཤེས་རབ་ཀྱི་སྦྱན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར༑འདོད་མི་ནུས་ཏེ།ཤེས་རབ་ཀྱི་སྤྱན་ཡིན་པའི་ཕྱིར།ཁ་ཅིག།སེམས་ཅན་ཐམས་ཅད་འཆི་འཕོ་བ་དང་སྐྱེ་བ་ལེན་པའི་གཟུགས་མངོན་སུམ་དུ་མཐོང་བའི་རིག་པ།ལྷའི་སྤྱན་གྱི་མཚན་ཉིད་ཟེར་ན།འོ་ན།སེམས་ཅན་ཐམས་ཅད་སྐྱེ་བ་ལེན་པར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་བའི་ཕྱིར༑འདོད་ན།བྱང་སེམས་རྒྱུན་མཐའ་བ་སྐྱེ་བ་ལེན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལ་བརྟེན་ནས་སྐྱེ་བ་ཡང་མི་ལེན།ལས་ཉོན་གྱིས་སྐྱེ་བ་ཡང་མི་ལེན་པའི་ཕྱིར།དང་བོ་དེར་ཐལ།མ་རིག་བག་ཆགས་ཀྱི་ས་དང་[03B]ཟག་མེད་ཀྱི་ལས་ལ་བརྟེན་ནས་སྐྱེ་བ་བླངས་པའི་སངས་རྒྱས་འཕགས་པ་མེད་པའི་ཕྱིར།ཕྱི་མ་མ་གྲུབ་ན།བྱང་སེམས་རྒྱུན་མཐའ་བ་ཆོས་ཅན།ལས་ཉོན་གྱི་དབང་གིས་སྐྱེ་བ་མི་ལེན་བར་ཐལ།བྱང་སེམས་འཕགས་པ་ཡིན་པའི་ཕྱིར།ཁ་ཅིག།སེམས་ཅན་ཐམས་ཅད་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པ་དང༌།འཆི་འཕོ་བ་མངོན་སུམ་དུ་མཐོང་བའི་རིག་པ།ལྷའི་སྦྱན་གྱི་མཚན་ཉིད་ཟེར་ན།དེ་མི་འཐད་པར་ཐལ།བྱང་སེམས་འཕགས་པ་རྣམས་ལས་ཉོན་གྱི་དབང་གིས་སྐྱེ་བ་ཡང་མི་ལེན།འཆི་ཡང་མི་འཕོ།ཉན་ཐོས་དགྲ་བཅོམ་པ་རྣམས་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་མི་ལེན་པའི་ཕྱིར།ཁ་ཅིག།གནས་ལུགས་རྟོགས་པའི་ཡེ་ཤེས་ཡིན་ན།ཤེས་རབ་ཀྱི་སྤྱན་ཡིན་པས་ཁྱབ་ཟེར་ན།བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཡེ་ཤེས་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།གནས་ལུགས་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར།འདོད་ན།མངོན་སུམ་ཡིན་པར་ཐལ།འདོད་བའི་ཕྱིར།འདོད་མི་ནུས་ཏེ།རྟོག་པ་ཡིན་པའི་ཕྱིར།ཁ་ཅིག།བདག་མེད་ཕྲ་རགས་གསུམ་པོ་གང་ཡང་རུང་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས།ཤེས་རབ་ཀྱི་སྦྱན་གྱི་མཚན་ཉིད་ཟེར་ན།ཐེག་ཆེན་མཐོང་ལམ་བར་ཚད་མེད་ལམ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཡིན་བའི་ཕྱིར།འདོད་ན།བདག་མེད་ཕྲ་རགས་གསུམ་པོ་གང་ཡང་རུང་བ་དེ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་གཞལ་བྱ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་གསུམ་པོ་གང་ཡང་རུང་བ་ཆོས་ཅན།སྟོང་ཉིད་ཡིན་པར་ཐལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་གཞལ་བྱ་ཡིན་པའི་ཕྱིར།འདོད་ན།གང་ཟག་གི་བདག་མེད་ཕྲ་མོ་ཡང་སྟོང་ཉིད་ཡིན་པར་ཐལ་ལོ།།ཁ་ཅིག།རང་གི་གཞལ་བྱར་གྱུར་པའི་བདག་མེད་ཕྲ་རགས་གསུམ་པོ་གང་རུང་མངོན་སུམ་དུ་རྟོགས་པའི་རིག་པ།ཤེས་རབ་ཀྱི་སྦྱན་གྱི་མཚན་ཉིད་ཟེར་ན།སངས་རྒྱས་འཕགས་པའི་ཤའི་སྦྱན་ཆོས་ཅན༑མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དབང་ཤེས་ཡིན་པའི་ཕྱིར།ཁ་ཅིག།འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོ་རྣོ་རྟུལ་གྱི་རིམ་པ་མངོན་སུམ་དུ་རྟོགས་པའི་རིག་པ་ཆོས་ཀྱི་སྦྱན་གྱི་མཚན་ཉིད་ཟེར་[04A]ན༑བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ཆོས་ཀྱི་སྦྱན་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།འདོད་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་དད་སོགས་དབང་པོ་ལྔའི་ཁྱད་པར་མངོན་སུམ་དུ་རྟོགས་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།སློབ་པའི་ཤེས་པ་ཡིན་པའི་ཕྱིར༑གཞན་ཡང༌།ཁྱོད་ཀྱི་མཚན་ཉིད་དེ་མི་འཐད་པར་ཐལ།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་འཕགས་པའི་གང་ཟག་གི་དབང་པོ་རྣོན་པོའི་རིམ་པ་ཙམ་མངོན་སུམ་དུ་རྟོགས་པའི་ཆོས་ཀྱི་སྤྱན་ཡོད་བའི་ཕྱིར།དེར་ཐལ།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ཆོས་ཀྱི་སྦྱན་དེས།འཕགས་པའི་གང་ཟག་གི་དབང་པོའི་རིམ་པ་ལ་དམིགས་ན་དབང་པོ་རྣོ་རྟུལ་གཉིས་ཀ་ལ་གཅིག་ཅར་དུ་དམིགས་པས་མ་ཁྱབ་པའི་ཕྱིར།ཁ་ཅིག།སྤྱན་ལྔའི་ནང་ཚན་གང་ཞིག།རང་གི་གཞལ་བྱར་གྱུར་པའི་འཕགས་པའི་གང་ཟག་གི་དབང་པོ་རྣོ་རྟུལ་གྱི་རིམ་པ་གང་ཡང་རུད་བ་མངོན་སུམ་དུ་རྟོགས་པའི་རིག་པ་ཆོས་ཀྱི་སྦྱན་གྱི་མཚན་ཉིད་ཟེར་ན།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་རྟོགས་པའི་ཆོས་ཀྱི་སྤྱན་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཐེག་ཆེན་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ནས་ཆོས་ཀྱི་སྦྱན་ཐོབ་པར་གསུངས་པའི་ཕྱིར།དེར་ཐལ།ཆོས་ཀྱི་སྤྱན་ལྡན་ཆེན་པོའི་བྱང་སེམས་མཐོང་ལམ་པ་ཡོད་བའི་ཕྱིར།དེར་ཐལ།བྱང་སེམས་མཐོང་ལམ་པའི་རྒྱུད་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ཡོད་པའི་ཕྱིར།དེར་ཐལ།དེའི་རྒྱུད་ལ་སོ་སོ་ཡང་དག་རིག་པ་བཞི་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྤྱན་ཡིན་ན།སངས་རྒྱས་ཀྱི་སྤྱན་ཡིན་པས་ཁྱབ་ཟེར་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤའི་སྤྱན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དབང་ཤེས་ཡིན་པའི་ཕྱིར།ཁ་ཅིག།ཐེག་དམན་འཕགས་པའི་རྒྱུད་ལ་སྤྱན་ལྔ་གང་རུང་མེད་ཟེར་ན།དེ་ཡོད་བར་ཐལ།དེའི་རྒྱུད་ལ་རྣམ་སྨིན་སྐྱེས་ཀྱི་ཤའི་སྤྱན་དང་ལྷའི་སྤྱན་ཡོད་པའི་ཕྱིར།དེར་ཐལ།དགྲ་བཅོམ་པ་མ་འགགས་པའི་རྒྱུད་ཀྱི་ལྷའི་སྤྱན་གྱིས་རྒྱང་རིང་པོའི་དཔག་ཚད་ཀྱི་བར་གྱི་གཟུགས་མངོན་སུམ་དུ་མཐོང་བར་ལུང་ལས་གསུངས་པའི་ཕྱིར།ཁ་ཅིག།ཐེག་ཆེན་མཐོང་ལམ་རྗེས་[04B]ཐོབ་ཡེ་ཤེས་ནས་ཆོས་ཀྱི་སྦྱན་ཐོབ་པ་དང༌།སློབ་པའི་རྒྱུད་ཀྱི་རྗེས་ཐོབ་ཡེ་ཤེས་ལ་རྟོག་པས་ཁྱབ་ཟེར་ན།ཐེག་ཆེན་མཐོང་ལམ་རྗེས་ཐོབ་ཡེ་ཤེས་དང་ཆོས་ཀྱི་སྦྱན་གྱི་གཞི་མཐུན་པ་ཡོད་པར་ཐལ།ཐེག་ཆེན་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ནས་ཆོས་ཀྱི་སྦྱན་ཐོབ་པའི་ཕྱིར།འདོད་ན།དེ་གཉིས་ཀྱི་གཞི་མཐུན་པ་ཆོས་ཅན།རྟོག་པ་ཡིན་པར་ཐལ།སློབ་བའི་རྒྱུད་ཀྱི་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར།ཁྱབ་བ་ཁས།མ་གྲུབ་ན་དེར་ཐལ།ཐེག་ཆེན་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།མངོན་སུམ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཀྱི་སྦྱན་ཡིན་པའི་ཕྱིར།འཁོར་གསུམ།།༈།།གཉིས་པ་རང་གི་ལུགས་ལ།སྤྱན་ལྔའི་ནང་ཚན་གང་ཞིག།དཔག་ཚད་བརྒྱའི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བའི་སྒོ་ནས་སྦྱན་དུ་བཞག་པས་རབ་ཏུ་ཕྱེ་བ་དེ།ཤའི་སྤྱན་གྱི་མཚན་ཉིད།སྦྱན་ལྔའི་ནང་ཚན་གང་ཞིག།རང་གི་གཞལ་བྱར་གྱུར་པའི་སེམས་ཅན་སྐྱེ་བ་ལེན་པ་དང༌།འཆི་འཕོ་བའི་གཟུགས་མངོན་སུམ་དུ་མཐོང་བའི་སྒོ་ནས་སྤྱན་དུ་བཞག་པས་རབ་ཏུ་ཕྱེ་བ་དེ།ལྷའི་སྤྱན་གྱི་མཚན་ཉིད།སྦྱན་ལྔའི་ནང་ཚན་གང་ཞིག།རང་གི་གཞལ་བྱར་གྱུར་བའི་བདག་མེད་ཕྲ་རགས་གསུམ་པོ་གང་ཡང་རུང་བ་མངོན་སུམ་དུ་རྟོགས་པའི་སྒོ་ནས་སྤྱན་དུ་བཞག་པས་རབ་ཏུ་ཕྱེ་བ་དེ།ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད།སྦྱན་ལྔའི་ནང་ཚན་གང་ཞིག།རང་གི་གཞལ་བྱར་གྱུར་པའི་འཕགས་པའི་གང་ཟག་གི་དབང་པོའི་རིམ་པ་དང་རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་ཅི་རིགས་པ་མངོན་སུམ་དུ་རྟོགས་པའི་སྒོ་ནས་སྦྱན་དུ་བཞག་པས་རབ་ཏུ་ཕྱེ་བ་དེ།ཆོས་ཀྱི་སྦྱན་གྱི་མཚན་ཉིད།བདེན་གཉིས་གཅིག་ཅར་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་དེ།སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད།སྦྱན་སྔ་པོ་དེའི་ཐོབ་སྐལ་རྩིས་པའི་དབང་དུ་བྱས་པའི་ས་མཚམས་ཀྱི་ཁྱད་པར་ཡོད་དེ།ཐེག་ཆེན་རིགས་ངེས་ཀྱི་བྱང་ཆུབ་སེམས་དཔས་ཐེག་ཆེན་ཚོགས་ལམ་ནས་ཤའི་སྤྱན་ཐོབ།ཐེག་ཆེན་སྦྱོར་ལམ་ནས་ལྷའི་སྤྱན་དང༌།ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་ནས་ཤེས་རབ་ཀྱི་སྦྱན་དང༌།ཐེག་ཆེན་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ནས་ཆོས་ཀྱི་སྦྱན་དང༌།ས་བརྒྱད་པ་ནས་སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་དང༌།སངས་རྒྱས་ཀྱི་སྤྱན་མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ན་ནས་ཐོབ་པ་ཡིན་པའི་ཕྱིར།སྤྱན་ལྔ་རང་རྒྱུད་ལ་སྐྱེད་པ་ལ་དགོས་པ་ཡོད་དེ།སྒྲུབ་པ་[05A]ལ་རང་དཔང་དུ་འཇུག་པའི་དགོས་པ་ཡོད་པའི་ཕྱིར།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག།ཤའི་སྤྱན་དེ་མིག་དབང་ཡིན་པར་ཐལ།དེ་མཉམ་བཞག་གིས་ས་བསྡུས་པའི་གཟུགས་ཅན་དང་པ་ཡིན་པའི་ཕྱིར།དེར་ཐལ།ལེགས་བཤད་གསེར་ཕྲེང་ལས།དེས་ན་ཤའི་མིག་ཀྱང་མིག་དབང་ཁྱད་པར་ཅན་ཞིག་ཡིན་པས་རང་གི་བདག་འབྲས་གཟུགས་ཀྱི་ཡུལ་ཅན་ཡིན་ལ།ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དེ་ནི་བྱེ་བྲག་སྨྲ་བའི་འདོད་པ་བརྗོད་པ་ཙམ་ཡིན་པའི་ཕྱིར།དེར་ཐལ།བྱེ་བྲག་སྨྲ་བས་མིག་དབང་གིས་གཟུགས་མཐོང་བར་འདོད་པའི་ཕྱིར།ཁ་ཅིག།མིགགིས་གཟུགས་མཐོང་བར་ཐལ།མིག་གིས་གཟུགས་མཐོང་བ་དང༌།རྣ་བས་སྒྲ་ཐོས་པ་འཇིག་རྟེན་ན་གྲགས་པའི་ཕྱིར།ཟེར་ན་མ་ཁྱབ།འོ་ན།ས་སེར་པོ་དང༌།ས་གྲུ་གསུམ་ཡོད་བ་མིག་གིས་མཐོང་བ་ཡིན་པར་ཐལ།དེ་ལྟར་འཇིག་རྟེན་ལ་གྲགས་པའི་ཕྱིར།ཁྱབ་པ་ཁས།མ་གྲུབ་ན་དེར་ཐལ།མཛོད་ལས།འཇིགརྟེན་གྱིས་ནི་ཐ་སྙད་དུ།།ཁ་དོག་དབྱིབས་ལ་ས་ཞེས་བརྗོད།།ཅེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།ས་ཡིན་ན་རེག་བྱའི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར།ཁ་ཅིག།ལྷའི་སྤྱན་དང་ཤའི་སྤྱན་གཉིས་མི་འགལ་བར་ཐལ།དེ་གཉིས་གཟུགས་མཐོང་བའི་ཡུལ་ཅན་དུ་མཚུངས་པའི་ཕྱིར་ཟེར་ན་མ་ཁྱབ།ཁ་ཅིག།ལྷའི་སྤྱན་ཡིན་ན་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་སྐྱེས་ཀྱི་ལྷའི་སྦྱན་ཡིན་དགོས་པར་ཐལ།འགྲེལ་པ་ལས།རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་དང༌།ཞེས་གསུངས་པའི་ཕྱིར་ཟེར་ན།མ་ཁྱབ།འདོད་ན་བཀག་ཟིན།ཁ་ཅིག།ཐེག་དམན་གང་ཟག་གི་རྒྱུད་ལ་སྦྱན་ལྔ་གང་ཡང་རུང་བ་མེད་པར་ཐལ།རྣམ་བཤད་སྙིང་པོ་རྒྱན་ལས།ཤའི་སྦྱན་ཐེག་ཆེན་ཚོགས་ལམ་དང༌།ལྷའི་སྦྱན་ཐེག་ཆེན་སྦྱོར་ལམ་ནས་ཐོབ་བར་གསུངས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།དེ་ནི་ཐེག་ཆེན་ལམ་གྱི་ཐོབ་སྐལ་རྩིས་པའི་དབང་དུ་བྱས་པའི་ཕྱིར།འདོད་ན་བཀག་ཟིན།།༈།།རྫུ་འཕྲུལ་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང༌།སྔོན་གྱི་གནས་རྗེས་སུ་དྲན་པ་དང༌།མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་དང༌།ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པས་ཞེས་སོགས་ཀྱི་སྐབས་སུ་བྱང་ཆེན་མངོན་བར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ནས།རྫུ་འཕྲུལ་གྱི་རྣམ་པ་དུ་མ་རྣམས་ཉམས་སུ་མྱོང་བར་བྱེད་དོ།།ཞེས་[5B]སོགས་ཀྱི་ཡུམ་བར་མའི་མདོ་ཚིག་ཆོས་ཅན།མངོན་ཤེས་དྲུག་ལ་འདོམས་པའི་གདམས་ངག་ཡིན་ཏེ།མངོན་ཤེས་དྲུག་གི་ཡུལ་ཡུལ་ཅན་དོན་དམ་པར་མ་གྲུབ་ཅིང༌།ཐ་སྙད་དུ་སྒྲུབ་པ་མྱུར་དུ་རྫོགས་པའི་ཕྱིར་དུ་རང་རྒྱུད་ལ་བསྟེན་བར་བྱའོ།།ཞེས་འདོམས་པའི་ཡུམ་བར་མའི་མདོ་ཚིག་ཡིན་པའི་ཕྱིར།འདིའི་སྐབས་སུ་དགག་གཞག་སྤོང་གསུམ་ལས།དང་པོ་ལ།ཁ་ཅིག།རྫུ་འཕྲུལ་ཡིན་ན་རྫུ་འཕྲུལ་གྱི་མངོན་ཤེས་ཡིན་པས་ཁྱབ་ཟེར་ན།རྫུ་འཕྲུལ་ཐོབ་པའི་གང་ཟག་གིས་ལུས་མང་པོར་སྤྲུལ་ཞིང་གཅིག་ཏུ་བསྒྱུར་བ་དང༌།གཅིག་ཏུ་སྤྲུལ་ཞིང་མང་པོར་བསྒྱུར་བའི་རྫུ་འཕྲུལ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ༑ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།ཤེས་པ་མ་ཡིན་པའི་བྱ་བ་ཅིག་ཡོད་པའི་ཕྱིར།འདོད་ན།ཤེས་པ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།སྤྲུལ་བསྒྱུར་སྣ་ཚོགས་ལ་འཇུག་པའི་རིག་པ།རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།སྤྲུལ་བསྒྱུར་སྣ་ཚོགས་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རིག་པ་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།སྤྲུལ་བསྒྱུར་སྣ་ཚོགས་རྟོགས་པའི་རིག་པ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་བའི་ཕྱིར།འདོད་ན།མངོན་སུམ་ཡིན་པར་ཐལ་ལོ།།འདོད་པའི་ཕྱིར།འདོད་མི་ནུས་ཏེ།རྟོག་པ་ཡིན་པའི་ཕྱིར།ཁ་ཅིག།སྤྲུལ་བསྒྱུར་སྣ་ཚོགས་མངོན་སུམ་དུ་རྟོགས་པའི་རིག་པ།རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྤྲུལ་བསྒྱུར་སྣ་ཚོགས་མངོན་སུམ་དུ་རྟོགས་པའི་མིག་ཤེས་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།མིག་ཤེས་ཀྱིས་སྤྲུལ་བསྒྱུར་སྣ་ཚོགས་མངོན་སུམ་དུ་མཐོང་བའི་བྱང་སེམས་མཐོང་ལམ་པ་ཡོད་པའི་ཕྱིར།འདོད་ན།དེ་ཆོས་ཅན།རྒྱུ་ལམ་ཤེས་ཡིན་པར་ཐལ།བྱང་འཕགས་ཀྱི་རྒྱུད་ཀྱི་རྫུ་འཕྲུལ་གྱི་མངོན་ཤེས་ཡིན་པའི་ཕྱིར།ཁྱབ་སྟེ།སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྫུ་འཕྲུལ་གྱི་མངོན་ཤེས་ཡིན་ན།ཡེ་ཤེས་ཆོས་སྐུ་ཡིན་དགོས་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཡེ་ཤེས་སྡེ་མཚན༌༈ཉེར་གཅིག་པོ་གང་རུང་ཡིན་ན།ཡེ་ཤེས་ཆོས་སྐུ་ཡིན་དགོས་པའི་ཕྱིར།འདོད་ན།ཡིད་ཤེས་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དབང་[6A]ཤེས་ཡིན་པའི་ཕྱིར།ཁ་ཅིག།རང་གི་སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྐྱེས་པའི་སྤྲུལ་བསྒྱུར་སྣ་ཚོགས་མངོན་སུམ་དུ་རྟོགས་པའི་རིག་པ།རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།ལས་སྟོབས་ཀྱིས་ཐོབ་པའི་རྫུ་འཕྲུལ་གྱི་མངོན་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།རྫུ་འཕྲུལ་དེ་ལ་ལས་སྟོབས་ཀྱིས་ཐོབ་པ་དང༌།སྨན་དང་སྔགས་ལ་བརྟེན་ནས་ཐོབ་པ་སོགས་ཡོད་པའི་ཕྱིར།དེར་ཐལ།མཛོད་ལས།རྫུ་འཕྲུལ་གསང་སྔགས་སྨན་དག་དང༌།།ལས་ལས་སྐྱེས་དང་རྣམ་པ་ལྔ།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣ་བའི་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་འཇིག་རྟེན་ཁམས་ཀྱི་སྒྲ་ཕྲ་རགས་ཐམས་ཅད་མངོན་སུམ་དུ་ཐོས་པའི་རིག་པ།ལྷའི་རྣ་བའི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།ཕྱི་རོལ་བའི་རྒྱུད་ཀྱི་ལྷའི་རྣ་བའི་མངོན་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།འདོད་ན།དབང་ཤེས་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཡིད་ཤེས་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།དེ་ཆོས་ཅན།ལོངས་སྐུས་ཆོས་སྟོན་པའི་སྒྲ་ཡང་མངོན་སུམ་དུ་ཐོས་པར་ཐལ།འཇིག་རྟེན་ཁམས་ཀྱི་སྒྲ་ཕྲ་རགས་ཐམས་ཅད་མངོན་སུམ་དུ་ཐོས་པའི་ཕྱིར།འདོད་མི་ནུས་ཏེ།ཕྱི་རོལ་པའི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར།ཁ་ཅིག།རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མཉམ་གཞགགིས་ས་བསྡུས་ཀྱི་གཟུགས་ཅན་དང་བ་ལ་བརྟེན་ནས་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བའི་རིག་པ།ལྷའི་མིག་གི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།ཕྱི་རོལ་པའི་རྒྱུད་ཀྱི་ལྷའི་མིག་གི་མངོན་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།དེ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་དབང་ཤེས་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་ཡིད་ཤེས་ཡིན་པའི་ཕྱིར།དེར་ཐལ།མངོན་ཤེས་ཡིན་པའི་ཕྱིར།ཁ་ཅིག།རང་གི་ཐུན་མོང་མ་ཡིན་པའི་[6B]བདག་རྐྱེན་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བའི་རིག་པ།ལྷའི་མིག་གི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།ཕྱི་རོལ་པའི་རྒྱུད་ཀྱི་ལྷའི་མིག་གི་མངོན་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།འདོད་ན།ལོངས་སྐུའི་དབུ་སྐྲ་བུང་བ་ལྟར་གནག་མངོན་སུམ་དུ་མཐོང་བར་ཐལ།གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བའི་ཕྱིར།འདོད་མི་ནུས་ཏེ།ལོངས་སྐུ་དེ་བྱང་འཕགས་ཡན་ཆད་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར།གཞན་ཡང་།ལྷའི་མིག་གི་མངོན་ཤེས་ཡིན་ན།སྦྱོར་བྱུང་གི་བསྒྲུབ་པའི་ལྷའི་མིག་གི་མངོན་ཤེས་ཡིན་དགོས་བར་ཐལ།མཚན་ཉིད་འཐད་པའི་ཕྱིར།འདོད་མི་ནུས་ཏེ།ལས་སྟོབས་ཀྱིས་ཐོབ་པའི་ལྷའི་མིག་གི་མངོན་ཤེས་ཡོད་པའི་ཕྱིར།དེར་ཐལ།ལས་སྟོབས་ཀྱིས་ཐོབ་པའི་རྫུ་འཕྲུལ་ཡོད་པའི་ཕྱིར།དེར་ཐལ།མཛོད་ལས།ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན།།དབང་པོ་ཀུན་ཚང་ཐོགས་མེད་རྒྱུ།།ཞེས་གསུངས་པའི་ཕྱིར།ཁ་ཅིག།རང་གི་སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རང་དང་གཞན་གྱི་ཚེ་རབས་སྔ་མ་བརྒྱ་སྟོང་དུ་མ་མྱོང་བའི་སྟོབས་ཀྱིས་དྲན་པའི་རིག་པ།སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་དྲངས་པའི་ཚེ་རབས་སྔ་མ་དྲན་པའི་དྲན་ཤེས་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།ཕྱི་རོལ་བའི་རྒྱུད་ཀྱི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དེ་དེ་ལྟར་ཡིན་པའི་ཕྱིར།མ་གྲུབ་ན།འཁོར་གསུམ་ཡོད་དོ།།འདོད་ན།དེ་འདྲའི་དྲན་ཤེས་ཆོས་ཅན།མངོན་སུམ་ཡིན་པར་ཐལ།མངོན་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།རྟོག་པ་ཡིན་པའི་ཕྱིར།དེར་ཐལ།དྲན་ཤེས་ཡིན་པའི་ཕྱིར།གཞན་ཡང༌།ཕྱི་རོལ་བའི་རྒྱུད་ཀྱི་ཚེ་རབས་སྔ་མ་བརྒྱ་ཙམ་དྲན་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དེ་ལ་ཡུལ་མཐོང་ཚུལ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།ཚེ་རབས་བརྒྱ་ཙམ་དྲན་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཡིན་པའི་ཕྱིར།གཞན་ཡང༌།ལྷས་གྱིན་གྱིས་ཆོས་ཕྱིན་གྱི་སྐྱེ་བ་སྔོན་མ་མྱོང་བ་ཡིན་པར་ཐལ།ལྷས་བྱིན་གྱི་རྒྱུད་ལ་ཆོས་བྱིན་གྱི་སྐྱེ་བ་སྔ་མ་མྱོང་སྟོབས་ཀྱིས་དྲན་པའི་དྲན་ཤེས་[7A]ཡོད་པའི་ཕྱིར།དེར་ཐལ།ལྷས་བྱིན་གྱི་རྒྱུད་ཀྱི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དེས།ཆོས་བྱིན་གྱི་སྐྱེ་བ་སྔོན་མ་མྱོང་བའི་སྟོབས་ཀྱིས་དྲན་པའི་ཕྱིར།དེར་ཐལ།ཕྱི་རོལ་པའི་རྒྱུད་ཀྱི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དེས།རང་དང་གཞན་གྱི་ཚེ་རབས་སྔ་མ་བརྒྱ་སྟོང་དུ་མ་མྱོང་སྟོབས་ཀྱིས་དྲན་པའི་ཕྱིར།མ་གྲུབ་ན།འཁོར་གསུམ་ཡོད།འདོད་ན།ལྷས་སྦྱིན་ཆོས་བྱིན་དང་རྒྱུད་གཅིག་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་གཉིས་རྒྱུད་ཐ་དད་ཡིན་པའི་ཕྱིར།ཁ་ཅིག།རང་གི་སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རང་གཞན་གྱི་སེམས་འདོད་ཆགས་དང་བཅས་བྲལ་མངོན་སུམ་དུ་རྟོགས་པའི་རིག་པ།གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པའི་རྒྱུད་ཀྱི་མངོན་ཤེས་དྲུག་ཀ་ཡོད་པའི་ཕྱིར།འདོད་ན།སངས་རྒྱས་འཕགས་པའི་རྒྱུད་ལ་འདོད་ཆགས་དང་བཅས་པའི་སེམས་ཡོད་པར་ཐལ།སངས་རྒྱས་འཕགས་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེས་རང་གི་སེམས་འདོད་ཆགས་དང་བཅས་བྲལ་མངོན་སུམ་དུ་རྟོགས་པའི་ཕྱིར།དེར་ཐལ།དེས་རང་གཞན་གྱི་སེམས་འདོད་ཆགས་དང་བཅས་བྲལ་མངོན་སུམ་དུ་རྟོགས་པའི་ཕྱིར།མ་གྲུབ་ན་འགལ་ལོ།།འདོད་མི་ནུས་ཏེ།སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཤེས་པ་ཡིན་ན་འདོད་ཆགས་དང་བྲལ་བའི་ཤེས་པ་ཡིན་དགོས་པའི་ཕྱིར།དེར་ཐལ༑སངས་རྒྱས་འཕགས་པ་ཡིན་ན་འདོད་ཆགས་དང་བྲལ་བའི་གང་ཟག་ཡིན་དགོས་པའི་ཕྱིར།གཞན་ཡང༌།ཕྱི་རོལ་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཕྱི་རོལ་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཡིན་པའི་ཕྱིར།འདོད་ན།ཕྱི་རོལ་པའི་རྒྱུད་ཀྱི་ཤེས་པ་དེ་འདོད་ཆགས་དང་བྲལ་བའི་ཤེས་པ་ཡིན་པར་ཐལ།ཕྱི་རོལ་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེས་རང་གི་སེམས་འདོད་ཆགས་དང་བྲལ་བ་མངོན་སུམ་དུ་རྟོགས་པའི་ཕྱིར།དེར་ཐལ།དེས་རང་གཞན་གྱི་སེམས་འདོད་ཆགས་དང་བཅས་[7B]བྲལ་མངོན་སུམ་དུ་རྟོགས་པའི་ཕྱིར།འདོད་ན།ཕྱི་རོལ་བ་དེ་འདོད་ཆགས་དང་བྲལ་བའི་གང་ཟག་ཏུ་ཐལ་ལོ།།ཁ་ཅིག།རང་གི་གཞལ་བྱར་གྱུར་པའི་ཉོན་སྒྲིབ་སྤོང་བའི་ཐབས་དང༌།ཉོན་སྒྲིབ་སྤངས་བའི་སྤངས་བ་གང་ཡང་རུང་བ་མངོན་སུམ་དུ་རྟོགས་པའི་རིག་པ།ཟག་བ་ཟད་ཀྱི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།རང་གི་གཞལ་བྱར་གྱུར་བའི་ཉོན་སྒྲིབ་སྤོང་པའི་ཐབས་མངོན་སུམ་དུ་རྟོགས་པའི་རིག་པ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།དགྲ་བཅོམ་པའི་རྒྱུད་ཀྱི་མཁྱེན་པ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།རང་གི་གཞལ་བྱར་གྱུར་པའི་ཉོན་སྒྲིབ་སྤོང་པའི་ཐབས་དང༌།ཉོན་སྒྲིབ་སྤངས་པའི་སྤངས་པ་གང་ཡང་རུང་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཟག་པ་ཟད་པའི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་མངོན་སུམ་དུ་རྟོགས་པའི་ཟག་པ་ཟད་ཀྱི་མངོན་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།རང་གི་གཞལ་བྱར་གྱུར་པའི་ཉོན་སྒྲིབ་སྤོང་པའི་ཐབས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པར་ཐལ།དེ་གང་རུང་གང་ཞིག།ཉོན་སྒྲིབ་སྤངས་པའི་སྤངས་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མ་ཡིན་པའི་ཕྱིར།ཕྱི་མ་དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།དེའི་གཞལ་བྱར་གྱུར་པའི་རྣམ་གྲོལ་ལམ་དེ་ཉོན་སྒྲིབ་སྤང་པའི་ཐབས་ཡིན་པར་ཐལ་ལོ།།ཁ་ཅིག།རང་གི་གཞལ་བྱར་གྱུར་པའི་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་དང༌།ཉོན་སྒྲིབ་སྤངས་པའི་སྤངས་པ་གང་ཡང་རུང་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས།ཟག་ཟད་ཀྱི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན།སྤང་བྱ་ཅིག་ཅར་བའི་དགྲ་བཅོམ་པའི་འབྲས་བུ་ཐོབ་མ་ཐག་པའི་དགྲ་བཅོམ་པའི་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན༈མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།རང་གི་གཞལ་བྱར་གྱུར་པའི་ཉོན་སྒྲིབ་སྤངས་པའི་རྣམ་ཕྲོལ་ལམ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།སྤང་བྱ་ཅིག་ཅར་བའི་དགྲ་བཅོམ་པའི་འབྲས་བུ་ཐོབ་མ་ཐག་པའི་དགྲ་བཅོམ་པ་དེ་[8A]མངོན་ཤེས་ཐོབ་པའི་གང་ཟག་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།མངོན་ཤེས་མ་ཐོབ་པའི་གང་ཟག་ཡིན་པའི་ཕྱིར།དེ་དེར་ཐལ།མངོན་ཤེས་མ་ཐོབ་པའི་དགྲ་བཅོམ་པ་ཡོད་པའི་ཕྱིར།དེར་ཐལ།དགྲ་བཅོམ་པ་རྒྱན་མེད་ཡོད་པའི་ཕྱིར།ཁ་ཅིག།ལྷའི་མིག་གི་མངོན་ཤེས་ཡིན་ན།ལྷའི་སྦྱན་ཡིན་པས་ཁྱབ་ཟེར་ན།བྱང་སེམས་འཕགས་པའི་རྒྱུད་ཀྱི་ལྷའི་མིག་གི་མངོན་ཤེས་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་ན།དབང་ཤེས་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཡིད་ཤེས་ཡིན་པའི་ཕྱིར།དེར་ཐལ།མངོན་ཤེས་ཡིན་པའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ༌།རང་གི་སེམས་རྟེན་བསམ་གཏན་གྱི་མངོས་གཞི་ལ་བརྟེན་ནས་རང་ཡུལ་མངོན་སུམ་དུ་རྟོགས་པ་ལ་ཡང་དག་པར་འབྱོར་པའི་རང་གི་གྲོགས་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིག་པ་སྦྱོར་བྱུང་གིས་སྒྲུབ་པའི་མངོན་ཤེས་ཀྱི་མཚན་ཉིད།དེ་ལ་དབྱེ་ན།དེར་གྱུར་པའི་རྫུ་འཕྲུལ་གྱི་མངོན་ཤེས།ལྷའི་རྣ་བའི་མངོན་ཤེས།ལྷའི་མིག་གི་མངོན་ཤེས།སྔོན་གནས་རྗེས་དྲན་གྱི་མངོན་ཤེས།གཞན་སེམས་ཤེས་པའི་མངོན་ཤེས།ཟག་པ་ཟད་པའི་མངོན་ཤེས་དང་དྲུག་ཡོད།མངོན་ཤེས་དྲུག་གི་ནང་ཚན་གང་ཞིག།སྤྲུལ་བསྒྱུར་སྣ་ཚོགས་མངོན་སུམ་དུ་རྟོགས་པའི་སྒོ་ནས་མངོན་ཤེས་སུ་བཞག་པས་རབ་ཏུ་ཕྱེ་བ།རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད།རྫུ་འཕྲུལ་ཙམ་ལ་དབྱེ་ན།སྐྱེས་སྟོབས་ཀྱིས་ཐོབ་པ།ལས་སྟོབས་ཀྱིས་ཐོབ་པ།ཞིང་སྟོབས་ཀྱིས་ཐོབ་པ་དང་གསུམ།སྨན་ལ་བརྟེན་ནས་ཐོབ་པ་དང༌།སྔགས་ལ་བརྟེན་ནས་ཐོབ་པ་དང༌།ཚེ་འདིར་སྦྱོར་བྱུང་གིས་བསྒྲུབ་པ་གསུམ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར།དང་པོ་གསུམ་གྱི་མཚན་གཞི་ནི།རིམ་པ་བཞིན་དུ་སྲིད་པ་བར་དོ་པའི་རྒྱུད་ཀྱི་རྫུ་འཕྲུལ་དང་པོ་དང༌།རྒྱལ་པོ་ང་ལས་ནུའི་རྒྱུད་ཀྱི་རྫུ་འཕྲུལ་གཉིས་པ་དང་།དག་པའི་ཞིང་ཁྱད་པར་ཅན་དུ་སྐྱེས་པ་ཙམ་གྱིས་ཐོབ་པའི་རྫུ་འཕྲུལ་གསུམ་པ་ཡིན་པའི་ཕྱིར།ཕྱི་མ་གསུམ་གྱི་མཚན་གཞི་རིམ་པ་བཞིན་དུ་སྨན་འགའ་ཞིག་ལ་བརྟེན་ནས་ཐོབ་པའི་རྫུ་འཕྲུལ་དང་པོ་དང༌།རིག་སྔགས་འགའ་ཞིག་ལ་བརྟེན་ནས་ཐོབ་པའི་རྫུ་འཕྲུལ་གཉིས་པ་དང༌།རང་གི་སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རང་གི་ལུས་ཡང་བར་ཡིད་ལ་བྱས་པ་ལ་བརྟེན་ནས་ཐོབ་པའི་རྫུ་འཕྲུལ་གསུམ་པ་[8B]ཡིན་པའི་ཕྱིར།མངོན་ཤེས་དྲུག་རང་རྒྱུད་ལ་བསྐྱེད་པ་ལ་དགོས་པ་ཡོད་དེ།སྤྱིའི་དགོས་པ་ནི་སྒྲུབ་པ་མྱུར་དུ་རྫོགས་པའི་དགོས་པ་དང༌།སོ་སོའི་དགོས་པ་ནི།སྦྲུལ་བསྒྱུར་སྣ་ཚོགས་བསྟན་པའི་སྒོ་ནས་རང་གི་གདུལ་བྱ་འདུན་པར་བྱེད་པ་དང༌།རང་གི་སྟོན་པ་དང་གདུལ་བྱ་གང་དུ་གནས་པ་དང༌།གདུལ་བྱ་གང་དུ་འཆི་འཕོ་པ་དང༌།གང་དུ་སྐྱེ་བ་ལེན་པ་ཤེས་པ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར།མངོན་ཤེས་དྲུག་པོ་དེའི་ས་མཚམས་ཀྱི་ཁྱད་པར་ཡོད་དེ།དང་པོ་ལྔ་པོ་ཕྱི་རོལ་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་དུ་ཡོད།ཟག་པ་ཟད་ཀྱི་མངོན་ཤེས་ནི།དགྲ་བཅོམ་པ་ཁོ་ནའི་རྒྱུད་ལ་ཡོད་པའི་ཕྱིར།།།གསུམ་པ་རྩོད་པ་སྤོང་པ་ལ།ཁ་ཅིག།ལྷའི་མིག་གི་མངོན་ཤེས་དང་ལྷའི་རྣ་བའི་མངོན་ཤེས་གཉིས་ལ་དབང་ཤེས་ཀྱིས་ཁྱབ་པ་དང༌།ལྷག་མ་བཞི་པོ་གང་རུང་ལ་ཡིད་ཤེས་ཀྱིས་ཁྱབ་པར་ཐལ།ལྷའི་མིག་གི་མངོན་ཤེས་དང་ལྷའི་རྣ་བའི་མངོན་ཤེས་གཉིས་ལུང་མ་བསྟན་དང༌།ལྷག་མ་བཞི་པོ་དགེ་བ་ཡིན་པའི་ཕྱིར།དེར་ཐལ།མཛོད་ལས།མིག་དང་རྣ་བའི་མངོན་ཤེས་ནི།།ལུང་དུ་མ་བསྟན་ལྷག་རྣམས་དགེ།ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དེ་ནི་བྱེ་བྲག་སྨྲ་བའི་འདོད་པས་བཏགས་པ་ཙམ་ཡིན་པའི་ཕྱིར།དེ་ལྟ་མ་ཡིན་ན།མངོན་ཤེས་དྲུག་པོ་རྣམ་གྲོལ་ལམ་ཡིན་པར་ཐལ།མཛོད་ལས།མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ།།ཞེས་གསུངས་པའི་ཕྱིར།འཁོར་གསུམ།གལ་ཏེ་འདོད་ན།རྣམ་གྲོལ་ལམ་རྒྱུད་ལ་ལྡན་པའི་ཕྱི་རོལ་པ་ཡོད་པར་ཐལ་ལོ།།ཁ་ཅིག།ལྷའི་མིག་གི་མངོན་ཤེས་དེ་དབང་ཤེས་ཡིན་པར་ཐལ།དེ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མཉམ་གཞག་གི་སས་བསྡུས་ཀྱི་གཟུགས་ཅན་དང༌།བ་ལ་བརྟེན་ནས་སྐྱེས་པའི་ཕྱིར།དེར་ཐལ།རྣམ་བཤད་སྙིང་པོ་རྒྱན་ལས།ལྷའི་མིག་ནི་སྐལ་བ་དང་མ་བསྐལ་བའི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་སྒོམ་པ་ལས་བྱུང་བའི་མཉམ་པར་གཞག་པའི་སས་བསྡུས་པའི་གཟུགས་ཅན་དང་བ་ཡིན་ལ།མངོན་ཤེས་ནི་དེའི་བདག་རྐྱེན་ལ་བརྟེན་ནས།ཞེས་གསུངས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།དེའི་དོན་ནི།ལྷའི་མིག་གི་མངོན་ཤེས་ཀྱི་ཐུན་མོང་བའི་བདག་རྐྱེན་ལ་དགོངས་པ་ཡིན་པའི་ཕྱིར།དེར་ཐལ།དེའི་འཇུག་དེ་མ་ཐག་ཏུ་ཆོས་གཉིས་དང་མཚུངས་པར་ལྡན་པའི་ཡིད་ཀྱི་ཤེས་པའོ།།ཞེས་གསུངས་པའི་ཕྱིར།ཁ་ཅིག།ལྷའི་མིག་གི་མངོན་ཤེས་ཡིན་ན།ལྷའི་སྦྱིན་ཡིན་[9A]དགོས་པར་ཐལ།དེ་གཉིས་གཟུགས་ཅན་མཐོང་བའི་ཡུལ་ཅན་དུ་མཚུངས་པའི་ཕྱིར་ཟེར་ན།འོ་ན་རྒྱུན་མཐའི་བར་ཆད་མེད་ལམ་ཡིན་ན།རྣམ་མཁྱེན་ཡིན་དགོས་པར་ཐལ།དེ་དང་རྣམ་མཁྱེན་གཉིས་སྟོང་ཉིད་རྟོགས་པའི་ཡུལ་ཅན་དུ་མཚུངས་པའི་ཕྱིར།འཁོར་གསུམ།རྩ་བར་འདོད་ན༑བཀག་ཟིན།།༈།།དམིགས་པ་དང་ནི་རྣམ་པ་དང༌།།རྒྱུ་དང་ཡོངས་སུ་འཛིན་པ་ཡིས།།ཞེས་སོགས་ཀྱི་སྐབས་སུ།ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན།ཁྱོད་དམན་པའི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ།དམན་པའི་སྦྱོར་ལམ་ལས་ཁྱད་ཆོས་ལྔ་འམ་དྲུག་གི་སྒོ་ནས་ཁྱད་པར་འཕགས་པ་ཡིན་པའི་ཕྱིར།འདིའི་སྐབས་སུ་ཐེག་ཆེན་སྦྱོར་ལམ་གྱི་རྟེན་བཤད་པ་དང༌།བརྟེན་པ་ཐེག་ཆེན་སྦྱོར་ལམ་བཤད་པ་དང་གཉིས་ལས།དང་པོ་ལ།ཁ་ཅིག།ངན་སོང་གསུམ་དང༌།ཚེ་དེ་ལ་མཚམས་མེད་དང༌།ཆོས་སྤོང་གི་ལས་སྟོབས་ཆེན་བསགས་ལ་མ་སྦྱངས་པ་དང༌།ཟ་མ་དང༌།མ་ནིང་དང༌།བྱང་གི་སྒྲ་མི་སྙན་པའི་རྟེན་ལ་ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བ་ཡོད་ཟེར་ན།དེ་མེད་པར་ཐལ།དེ་དག་ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བའི་འགལ་རྐྱེན་གྱི་སྒྲིབ་པ་སྟོབས་ཆེན་པོ་དང་ལྡན་ཞིང་མཐུན་རྐྱེན་མ་ཚང་བའི་ཕྱིར།དང་པོ་དེར་ཐལ།ངན་སོང་གསུམ་ལ་སོགས་པའི་དང་པོ་གསུམ་པོ་དེ།ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བའི་འགལ་རྐྱེན་ལས་ཀྱི་སྒྲིབ་པ་ཤས་ཆེན་པོས་སྒྲིབ།བར་པ་གཉིས་པོ་དེ་དག་གི་རྟེན་ལ་ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བའི་འགལ་རྐྱེན་ཉོན་མོངས་པའི་སྒྲིབ་པ་ཤས་ཆེན་པོས་སྒྲིབ།ཕྱི་མ་དེའི་རྟེན་ལ་ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བའི་འགལ་རྐྱེན་རྣམ་སྨིན་ཀྱི་སྒྲིབ་པ་ཤས་ཆེན་པོས་སྒྲིབ་པའི་ཕྱིར།ཁ་ཅིག།དེ་དག་གི་རྒྱུད་ལ་ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བ་མེད་ཟེར་ན།དམྱལ་བ་བའི་རྒྱུད་ལ་ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བ་མེད་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།དེའི་རྒྱུད་ལ་རྣམ་མཁྱེན་གསར་དུ་སྐྱེ་བ་ཡོད་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།ཁྱོད་ཀྱི་རྒྱུད་ལ་རྣམ་མཁྱེན་གསར་དུ་སྐྱེ་བ་ཡོད་པར་ཐལ།ཁྱོད་སེམས་ཅན་ཡིན་པའི་ཕྱིར།ཁ་ཅིག།ཁྱོད་ཀྱི་རྒྱུད་ལ་རྣམ་མཁྱེན་གསར་དུ་སྐྱེ་བ་ཡོད་ན།ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བ་ཡོད་པས་ཁྱབ་ཟེར་ན།བྱང་སེམས་རྒྱུན་མཐའ་བ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར།འདོད་མི་[9B]ནུས་ཏེ།བྱང་སེམས་འཕགས་པ་ཡིན་པའི་ཕྱིར།ཁ་ཅིག།ཁམས་གོང་མའི་རྟེན་ལ་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོ་གསར་དུ་སྐྱེ་བ་ཡོད་ཟེར་ན།དེ་མེད་པར་ཐལ།ཁམས་གོང་མའི་རྟེན་ལ་ཐེག་ཆེན་གྱི་མཐོང་ལམ་གསར་དུ་སྐྱེ་བ་མེད་པ་གང་ཞིག།ཐེག་ཆེན་གྱི་མཐོང་ལམ་གསར་དུ་སྐྱེ་བའི་ལུས་རྟེན་དང༌།ཐེགཆེན་སྦྱོར་ལམ་ཆོས་མཆོག་ཆེན་པོ་གསར་དུ་སྐྱེ་བའི་ལུས་རྟེན་གཅིག་པ་ཡིན་པའི་ཕྱིར།དེར་ཐལ།རྣམ་བཤད་སྙིང་པོ་རྒྱན་ལས།ཆོས་མཆོག་དངོས་སུ་སྐྱེ་བའི་རྟེན་མིན་ཀྱང༌།དྲོད་དང་རྩེ་མོ་གཟུགས་ཁམས་པ་འགའ་ཞིག་ལ་ཡང་སྐྱེ་བར་མངོན་ནོ།།ཞེས་གསུངས་པའི་ཕྱིར།ཁ་ཅིག།ཐེག་ཆེན་སྦྱོར་ལམ་འདོད་སེམས་ཀྱི་སེམས་རྟེན་དང་གཟུགས་མེད་ཀྱི་དངོས་གཞིའི་སེམས་རྟེན་ལ་བརྟེན་ནས་གསར་དུ་སྐྱེ་བ་ཡོད་ཟེར་ན།དེ་མེད་པར་ཐལ།འདོད་སེམས་དེ་ཤིན་ཏུ་རགས་པས་སོ་སོ་སྐྱེ་བོས་དེ་ལ་བརྟེན་ནས་བདག་མེད་ཕྲ་རགས་གསུམ་པོ་གང་རུང་རྟོགས་པའི་ཞི་ལྷག་ཟུང་འབྲལ་གྱི་རྣལ་འབྱོར་རང་རྒྱུད་ལ་བསྐྱེད་མི་ནུས་པའི་ཕྱིར་དང༑ཐེག་པ་གསུམ་པོ་གང་རུང་གི་སྦྱོར་ལམ་ཐོབ་མ་ཐག་པའི་ཡེ་ཤེས་ཡིན་ན།ལྷག་མཐོང་ཤས་ཆེ་བས་ཁྱབ།སོ་སོ་སྐྱེ་བོའི་རྒྱུད་ཀྱི་གཟུགས་མེད་ཀྱི་དངོས་གཞི་ཡིན་ན།ཞི་གནས་ཤས་ཆེ་བས་ཁྱབ་པའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ།ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བའི་ལུས་རྟེན་དང་སེམས་རྟེན་གཉིས་ཀྱི་ཁྱད་པར་ཡོད་དེ།ལུས་རྟེན་ནི་སྔར་བཤད་པ་ལྟར་ཟམ་དང་མ་ནིང་མ་གཏོགས་པའི་གླིང་གསུམ་གྱི་མི་དང་འདོད་གཟུགས་ཀྱི་ལྷའི་རྟེན་ལ་གསར་དུ་སྐྱེ།སེམས་རྟེན་ནི་ཉན་ཐོས་ཀྱི་སྦྱོར་ལམ་དེ་བསམ་གཏན་ལ་དྲུག་གང་རུང་ལ་བརྟེན་ནས་སྐྱེ།རང་རྒྱལ་གྱི་སྦྱོར་ལམ་དང༌།ཐེགཆེན་གྱི་སྦྱོར་ལམ་གཉིས་རང་གི་སེམས་རྟེན་རབ་མཐའི་བསམ་གཏན་བཞི་པའི་དངོས་གཞིའི་སེམས་རྟེན་ལ་བརྟེན་ནས་གསར་དུ་སྐྱེ་བ་ཡིན་པའི་ཕྱིར།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག།ངན་སོང་གི་རྟེན་ལ་ཐེག་ཆེན་གྱི་སྦྱོར་ལམ་གསར་དུ་སྐྱེ་བ་ཡོད་པར་ཐལ།དེའི་རྟེན་ལ་ཐེགཆེན་གྱི་ཚོགས་ལམ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར་ཟེར་ན།མ་ཁྱབ།མ་གྲུབ་ན་དེར་ཐལ།དེའི་རྟེན་ལ་ཐེག་ཆེན་སེམས་བསྐྱེད་གསར་དུ་སྐྱེ་བ་ཡོད་པ་གང་ཞིག།།ཐེག་ཆེན་སེམས་བསྐྱེད་གསར་དུ་ཐོབ་པ་དང་ཐེག་ཆེན་ཚོགས་ལམ་དུ་ཞུགས་པ་དུས་མཉམ་ཡིན་པའི་ཕྱིར།དང་པོ་གོང་དུ་སྒྲུབ་ཟིན་ནོ།།[10A]ཁ་ཅིག།ངན་སོང་གི་རྟེན་ལ་ཐེག་ཆེན་སྦྱོར་ལམ་གསར་དུ་སྐྱེ་བ་ཡོད་པར་ཐལ།ངན་སོང་གི་རྟེན་ལ་གསར་དུ་སྐྱེ་བའི་ཐེག་ཆེན་གྱི་སྦྱོར་ལམ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།མ་གྲུབ་ན་དེར་ཐལ།དེའི་རྟེན་ལ་གསར་དུ་སྐྱེ་བའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་དང་རྩེ་མོ་ཡོད་པའི་ཕྱིར།དེར་ཐལ།ངན་སོང་གི་རྟེན་ཅན་གྱི་སྦྱོར་ལམ་དྲོད་ལ་གནས་པའི་གང་ཟག་ཡོད་པའི་ཕྱིར།དེར་ཐལ།བཟོད་ཐོབ་ངན་སོང་ཡོང་མི་ལྟུང༌།།ཞེས་སྦྱོར་ལམ་བཟོད་པ་ཐོབ་ནས་ངན་སོང་དུ་ལས་ཉོན་གྱི་དབང་གིས་མི་སྐྱེ་བ་དམིགས་ཀྱི་བཀར་ནས་གསུངས་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།།རབ་མཐའི་བསམ་གཏན་བཞི་པའི་དངོས་གཞིའི་སེམས་རྟེན་དེ་ཐེག་ཆེན་སྦྱོར་ལམ་གྱི་སེམས་རྟེན་ཡིན་པར་ཐལ།ཐེག་ཆེན་གྱི་སྦྱོར་ལམ་དེ་སེམས་རྟེན་དེ་ལ་བརྟེན་ནས་གསར་དུ་སྐྱེ་བའི་ཕྱིར།འདོད་མི་ནུས་ཏེ།དེ་རང་རྒྱལ་གྱི་སྦྱོར་ལམ་གྱི་སེམས་རྟེན་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།མ་གྲུབ་ན་དེར་ཐལ།རང་རྒྱལ་གྱི་སྦྱོར་ལམ་དེ་སེམས་རྟེན་དེ་ལ་བརྟེན་ནས་གསར་དུ་སྐྱེ་བའི་ཕྱིར།ཁོ་ན་རེ།དེ་ཆོས་ཅན།ཐེག་ཆེན་གྱི་སྦྱོར་ལམ་ཡིན་པར་ཐལ།ཐེག་ཆེན་གྱི་སྦྱོར་ལམ་གྱི་སེམས་རྟེན་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་ཏེ།རང་རྒྱལ་གྱི་སྦྱོར་ལམ་ཡིན་པའི་ཕྱིར།དེར་ཐལ།དེའི་སེམས་རྟེན་ཡིན་པའི་ཕྱིར།འཁོར་གསུམ།།༈།།གཉིས་པ་བརྟེན་པ་སྦྱོར་ལམ་ཀྱི་ངོ་བོ་བཤད་པ་ལ་གསུམ་ལས།དང་པོ་ལ།ཁ་ཅིག།ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་དོན་མངོན་རྟོགས།ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན།ཏེག་ཆེན་ཐར་པ་ཆ་མཐུན་གྱི་འབྲས་བུར་གྱུར་བའི་ཉན་ཐོས་གྱི་སྦྱོར་ལམ་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དིའི་ཕྱིར།དེར་ཐལ།ཐེག་ཆེན་པར་ཆ་ཐུན་རྫོགས་རྗེས་སུ་བྱུང་བའི་ཉན་ཐོས་ཀྱི་དོན་མངོན་རྟོགས་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཉན་ཐོས་ཀྱི་སྦྱོར་ལམ་ཡིན་པའི་ཕྱིར།ཁ་ཅིག།ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས།ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན།ཐེག་ཆེན་ཐར་པ་ཆ་མཐུན་གྱི་རྒྱུར་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།རྟགས་སླ།འདོད་མི་ནུས་སོ།།ཁ་ཅིག།རང་རྒྱུ་ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས།ཐེག་ཆེན་[10B]སྦྱོར་ལམ་གྱི་མཚན་ཉིད་ཟེར་ན།ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན།ཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།འདོད་ན།ཐེག་ཆེན་སྦྱོར་ལམ་གྱི་རྒྱུ་དེ་ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་མ་བྱུང་བར་ཐལ།དེ་ཐེག་ཆེན་ཐར་པ་ཆ་མཐུན་གྱི་དུས་སུ་ཡོད་པའི་ཕྱིར།དེར་ཐལ།ཐེག་ཆེན་ཐར་པ་ཆ་མཐུན་དེ་ཐེག་ཆེན་སྦྱོར་ལམ་གྱི་རྒྱུ་ཡིན་པའི་ཕྱིར།གཞན་ཡང༌།ཐེག་ཆེན་གྱི་སྦྱོར་ལམ་གྱི་རྒྱུ་ཆོས་ཆེན།ཁྱོད་ཡིན་པར་གྱུར་པའི་གཟུགས་མེད་པར་ཐལ།ཁྱོད་ཐེག་ཆེན་གྱི་དོན་མངོན་རྟོགས་ཡིན་པའི་ཕྱིར།མ་གྲུབ་ན་སོང༌།དེར་ཐལ།ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས་ཡིན་པའི་ཕྱིར།མ་གྲུབ་ན།འགལ་ཤིང་འཁོར་གསུམ་ཡང་བྱེད་དོ།།ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན།རང་རྒྱུ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས་ཡིན་པར་ཐལ།ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར།འཁོར་གསུམ།ཙ་བ་ལ་འདོད་མི་ནུས་ཏེ།དེའི་རྒྱུར་གྱུར་པའི་གཟུགས་ཡོད་པའི་ཕྱིར༑ཁ་ཅིག།རང་གི་རྒྱུར་གྱུར་པའི་ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་པའི་འཇིག་རྟེན་པའི་ཐེག་ཆེན་གྱི་དོན་མངོན་རྟོགས།ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན།སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།འཇིག་རྟེན་ལས་འདས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་ཡིན་པའི་ཕྱིར།དེར་ཐལ།སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར།ཁ་ཅིག།རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་སྒོམ་བྱུང་གི་མཁྱེན་པར་གྱུར་པའི་ཐེག་ཆེན་གྱི་དོན་མངོན་རྟོགས།ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན།བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཐོས་བྱུང་གི་ཤེས་རབ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།བྱང་སེམས་སྦྱོར་ལམ་པའི་རྒྱུད་ལ་ཚད་མས་ངེས་དགོས་ཀྱི་ལས་འབྲས་ཀྱི་འབྲེལ་པ་ཕྲ་བ་ཅིག་ཡོས་པའི་ཕྱིར།འདོད་ན།སྒོམ་བྱུང་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཐོས་བྱུང་གི་ཤེས་རབ་ཡིན་པའི་ཕྱིར།ཁ་ཅིག།རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག[11A]ཆེན་གྱི་དོན་མངོན་རྟོགས།ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན།སྔར་གྱི་དེ་རང་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།རྟགས་སྒྲུབ་ཟིན།འདོད་ན།སྒོམ་བྱུང་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཐོས་བྱུང་གི་ཤེས་རབ་ཡིན་པའི་ཕྱིར།ཁ་ཅིག།།རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས།སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན།བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཐོས་བྱུང་གི་ཤེས་རབ་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།ཆོས་ཅན་དེའི་ཕྱིར།འདེད་ན།སྒོམ་བྱུང་ཡིན་པར་ཐལ།འདོད་པ་དེའི་ཕྱིར།ཁྱབ་སྟེ།འགྲེལ་པ་ལས།འཇིག་རྟེན་པའི་སྒོམ་པ་ལས་བྱུང་བ།ཞེས་གསུངས་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཚོགས་ལམ་པས་སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པ་དང་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པ་དུས་མཉམ་ཟེར་ན།འོ་ན།དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཚོགས་ལམ་པ་ཡིན་ན།རང་ཉིད་ཀྱིས་སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པ་དང་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པ་དུས་མཉམ་པས་ཁྱབ་པར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་ན།ཐེག་དམན་ལམ་དུ༌༈སྟོང་ཉིད་མངོན་སུམ་དུ་རྟོགས་ངེས་ཀྱི་དམན་ལམ་སྔོན་མ་སོང་གི་བྱང་སེམས་ཚོགས་ལམ་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།མི་འཐད་པར་ཐལ།ཁྱོད་ཀྱིས་ཐེག་དམན་ལམ་གྱི་གནས་སྐབས་སུ་སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པར་བྱས་ནས་དེ་རྗེས་ཐེག་ཆེན་ལམ་དུ་འཇུག་པར་བྱེད་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་པའི་ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་ཚོགས་ལམ་པས་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་མཁྱེན་པ་ཐོབ་པ་དང༌།ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པ་དུས་མཉམ་ཟེར་ན།འོ་ན།སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་མཁྱེན་པ་ཐོབ་པའི་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་རིགས་ངེས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་ན་ཐེག་ཆེན་སྦྱོར་ལམ་ཐོབ་པས་ཁྱབ་པར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་ན།ཐེག་ཆེན་སྦྱོར་ལམ་དུ་འཇུག་ཁ་མའི་མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་[11B]བའི་གདུལ་བྱ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།དེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་གནས་དེ་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་མཁྱེན་པ་ཡིན་པའི་ཕྱིར།དེར་ཐལ།དེ་སྒོམ་བྱུང་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།བྱང་སེམས་ཚོགས་ལམ་པ་ཡིན་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་ཚོགས་ལམ་པས་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཐོབ་པ་དང་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པ་གཉིས་དུས་མཉམ་ཟེར་ན།འོ་ན།སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཐོབ་པའི་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་རིགས་ངེས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་ན།ཐེག་པ་ཆེན་པོའི་སྦྱོར་ལམ་ཐོབ་པས་ཁྱབ་པར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་ན།ཐེག་ཆེན་སྦྱོར་ལམ་དུ་འཇུག་ཁ་མའི་མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།དེའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཡོད་པའི་ཕྱིར།དེར་ཐལ།དེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་གནས་དང་མཚུངས་ལྡན་དུ་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཡིན་པའི་ཕྱིར།དེར་ཐལ།དེའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ཞི་གནས་དང་མཚུངས་ལྡན་དུ་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར།དེར་ཐལ།དེའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ཞི་གནས་དང་མཚུངས་ལྡན་དུ་གྱུར་པའི་སྟོང་ཉིད་ལ་སོ་སོར་དཔྱོད་པའི་ཤེས་རབ་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་དེ་སྟོང་ཉིད་ལ་འཁྲུལ་ཟེར་ན།དེ་སྟོང་ཉིད་ལ་སླུ་བའི་རིག་པ་ཡིན་པར་ཐལ༑དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།སྟོང་ཉིད་ལ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར།དེར་ཐལ།སྟོང་ཉིད་ལ་དཔྱད་ཤེས་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་དེ།སྟོང་ཉིད་ཀྱི་དོན་སྤྱི་ལ་མ་འཁྲུལ་ཟེར་ན།འོ་ན།དེ་འཁྲུལ་ཤེས་མ་ཡིན་པར་ཐལ།དེ་སྟོང་ཉིད་ཀྱི་དོན་སྤྱི་ལ་ཡང་མ་འཁྲུལ།སྟོང་ཉིད་ལ་ཡང་མ་འཁྲུལ་བའི་ཕྱིར།འདོད་ན།དེ་ཆོས་ཅན།འཁྲུལ་ཤེས་ཡིན་པར་ཐལ།རྟོག་པ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་བའི་སྟོང་[12A]ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་ལ་སྟོང་ཉིད་ཀྱི་དོན་སྤྱི་སྟོང་ཉིད་དུ་མི་སྣང་ཟེར་ན།དེ་སྟོང་ཉིད་ཀྱི་དོན་སྤྱི་ལ་མ་འཁྲུལ་བར་ཐལ།དེ་ལ་སྟོང་ཉིད་ཀྱི་དོན་སྤྱི་སྟོང་ཉིད་དུ་མི་སྣང་བ་གང་ཞིག།དེས་སྟོང་ཉིད་ཀྱི་དོན་སྤྱི་སྟོང་ཉིད་དུ་ཡང་མི་འཛིན་པའི་ཕྱིར།དང་པོ་ཁས།ཕྱི་མ་མ་གྲུབ་ན།དེ་ཆོས་ཅན།ལོག་ཤེས་ཡིན་པར་ཐལ།སྟོང་ཉིད་ཀྱི་དོན་སྤྱི་སྟོང་ཉིད་དུ་འཛིན་པའི་ཤེས་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར།ཁ་ཅིག།དེས་སྟོང་ཉིད་དང་སྟོང་ཉིད་ཀྱི་དོན་སྤྱི་གཉིས་འདྲེས་པར་འཛིན་ཟེར་ན།འོ་ན།དེ་ལོག་ཤེས་ཡིན་པར་ཐལ།དམ་བཅའ་འཐད་པ་གང་ཞིག།སྟོང་ཉིད་དང་སྟོང་ཉིད་ཀྱི་དོན་སྤྱི་གཉིས་མ་འདྲེས་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཁྱོད་ལོག་ཤེས་མ་ཡིན་པར་ཐལ།ཁྱོད་ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར།ཁ་ཅིག།དེ་སྟོང་ཉིད་ཀྱི་དོན་སྤྱི་ལ་མ་འཁྲུལ་ཡང་སྟོང་ཉིད་ལ་འཁྲུལ་ཤེས་ཡིན་ཟེར་ན།དེ་རང་གི་ཞེན་ཡུལ་ལ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ།སྟོང་ཉིད་དེའི་ཞེན་ཡུལ་ཡིན་པ་གང་ཞིག།དེ་སྟོང་ཉིད་ལ་འཁྲུལ་ཤེས་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།ལོག་ཤེས་ཡིན་པར་ཐལ།རང་གི་ཞེན་ཡུལ་ལ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་གང་ཞིག།གཟུང་བ་རང་བཞིན་མེད་བ་ལ་གསལ་སྣང་དང་པོ་ཐོབ་པ་ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་མཚན་ཉིད།ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གཉིས་པ་གང་ཞིག།གཟུང་པ་རང་བཞིན་མེད་བ་ལ་གསལ་སྣང་འཕེལ་བ་ཐེག་ཆེན་སྦྱོར་ལམ་རྩེ་མོའི་མཚན་ཉིད།ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གསུམ་པ་གང་ཞིག།འཛིན་པ་རང་བཞིན་མེད་བ་ལ་གསལ་སྣང་དང་པོ་ཐོབ་པ།ཐེག་ཆེན་སྦྱོར་ལམ་བཟོད་པའི་མཚན་ཉིད།དེ་བཞི་པ་གང་ཞིག།འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་འཕེལ་བ།ཐེག་ཆེན་སྦྱོར་ལམ་ཆོས་མཆོག་གི་མཚན་ཉིད་ཟེར་ན།འོ་ན།གཟུང་བ་རང་བཞིན་གྱིས་མེད་པར་ཐལ།དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་དེས།གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཕྱིར།དེར་ཐལ།དེས་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་ཕྱིར།འདོད་ན།གཟུང་བ་ཆོས་ཅན།རང་བཞིན་གྱིས་གྲུབ་པར་ཐལ།གཞི་གྲུབ་པའི་ཕྱིར།ཁོ་ན་རེ།དེའི་དོན་ནི་གཟུང་བ་དོན་དམ་པར་རང་བཞིན་མེད་པ་ལ་བྱེད་[12B]པ་ཡིན་ནོ་ཟེར་ན།འོ་ན།དམན་ལམ་སྔོན་དུ་མ་སོང་བའི་ཐེག་པ་ཆེན་པོའི་སྦྱོར་ལམ་དེ།གཟུང་བ་དོན་དམ་པར་རང་བཞིན་གྱིས་མ་གྲུབ་པ་ལ་རྟོག་བྲལ་ཡིན་པར་ཐལ།དེ་ལ་གཟུང་བ་དོན་དམ་པར་རང་བཞིན་གྱིས་མ་གྲུབ་པར་གསལ་བར་སྣང་པའི་སྒོ་ནས་དེས་དེ་རྟོགས་པའི་ཕྱིར།འདོད་ན།དེས་དེ་མངོན་སུམ་དུ་རྟོགས་པར་ཐལ།དེས་གཟུང་བ་དོན་དམ་པར་རང་བཞིན་མེད་པ་ལ་རྟོག་པ་དང་བྲལ་བའི་སྒོ་ནས་གཟུང་བ་དོན་དམ་པར་རང་བཞིན་མེད་པར་རྟོགས་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཀུན་བཏགས་མངོན་འགྱུར་པ་འཇོམས་པའི་ནུས་པ་ཁྱད་པར་ཅན་གསར་དུ་ཐོབ་པའི་ཐེགཆེན་གྱི་ངེས་ཆ་དང་པོ།ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་མཚན་ཉིད་དུ་འཇོག་བ་ནས།ཤེས་སྒྲིབ་རྟག་འཛིན་རྟོག་པ་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་གསར་དུ་ཐོབ་པའི་ཐེག་ཆེན་གྱི་ངེས་ཆ་བཞི་པ།ཐེག་ཆེན་སྦྱོར་ལམ་ཆོས་མཆོག་གི་མཚན་ཉིད་ཟེར་ན།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སྐད་ཅིག་ཐ་མའི་ཡེ་ཤེས་ཆོས་ཅན།མཚན་ཉིད་དང་པོ་དེར་ཐལ།མཚོན་བྱ་དང་པོ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།མི་འཐད་པར་ཐལ།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སྐད་ཅིག་ཐ་མའི་ཡེ་ཤེས་ཡིན་པའི་ཕྱིར།གཞན་ཡང༌།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་གང་རུང་ཡིན་ན།སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་དགོས་པར་ཐལ།ཁྱོད་ཀྱི་མཚན་ཉིད་ཞིབ་ཆ་དང་བཅས་པ་འཐད་པའི་ཕྱིར།འདོད་ན།ཐེག་ཆེན་སྦྱོར་ལམ་དྲོད་ལ་གནས་པའི་གང་ཟག་གི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།སློབ་པའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར།ཁ་ཅིག།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་ཐེག་ཆེན་གྱི་ངེས་ཆ་སྐད་ཅིག་དང་པོ།ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་མཚན་ཉིད་དུ་འཇོག་པ་ནས།ཤེས་སྒྲིབ་རྟག་འཛིན་རྟོག་པ་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་ཐེག་ཆེན་གྱི་ངེས་ཆ་སྐད་ཅིག་བཞི་པ།ཐེག་ཆེན་སྦྱོར་ལམ་ཆོས་མཆོག་གི་མཚན་ཉིད་ཡིན་ཟེར་ན།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སྐད་ཅིག་ཐ་མའི་ཡེ་ཤེས་ཆོས་ཅན།ཐེག་ཆེན་གྱི་ངེས་ཆ་སྐད་ཅིག་དང་པོ་ཡིན་པར་ཐལ།ཐེག་ཆེན་[13A]སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར།འདོད་ན།མ་ཡིན་པར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།མཚན་ཉིད་བཞི་བ་ལ།ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐོབ་མ་ཐག་པའི་ཡེ་ཤེས་ཆོས་ཅན།ཐེག་ཆེན་གྱི་ངེས་ཆ་སྐད་ཅིག་བཞི་པ་ཡིན་པར་ཐལ།ཐེག་ཆེན་སྦྱོར་ལམ་ཆོས་མཆོགཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་ལ་སྟོང་ཉིད་གསལ་བར་སྣང་ཟེར་ན།དེ་སྟོང་ཉིད་ལ་རྟོག་བྲལ་ཡིན་པར་ཐལ།དེས་སྟོང་ཉིད་གསལ་བར་སྣང་བའི་སྒོ་ནས་སྟོང་ཉིད་རྟོགས་པའི་ཕྱིར།ཁྱབ་སྟེ།རྣམ་འགྲེལ་ལས།གསལ་བར་སྣང་བ་ཅན་བློ་གང༌།།དེ་ནི་རྟོག་མེད་ཅེས་གསུངས་པའི་ཕྱིར།འདོད་ན།དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ།དེས་སྟོང་ཉིད་ལ་རྟོག་བྲལ་གྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་སྦྱོར་ལམ་བའི་རྒྱུད་ཀྱི་སྔོང་ཉིད་རྟོགས་པའི་ཤེས་རབ་དེ།གཅིག་དུ་བྲལ་དང་རྟེན་འབྲེལ་སོགས་ཀྱི་རྟགས་ལ་བརྟེན་ནས་སྟོང་ཉིད་རྟོགས་པའི་བསམ་བྱུང་གི་ཤེས་རབ་ཡིན་ཟེར་ན།དེ་མི་འཐད་པར་ཐལ།བྱང་སེམས་སྦྱོར་ལམ་པ་ཡིན་ན།སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཐོབ་ལ་མ་ཉམས་པ་ཡིན་དགོས་པའི་ཕྱིར།དེར་ཐལ༑དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་རིགས་དེས་ཀྱི་བྱང་སེམས་ཚོགས་ལམ་པས་སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་པ་དང་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པ་དུས་མཉམ་པའི་ཕྱིར།དེར་ཐལ།དེ་ཐེག་ཆེན་སྦྱོར་ལམ་དུ་འཕོ་བའི་དུས་མཚམས་ཅིག་ཡོད་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་དེ།སྟོང་ཉིད་ལ་རྟོག་བྲལ་ཡིན་ཟེར་ན།འོ་ན།དེ་སྟོང་ཉིད་ལ་འཁྲུལ་ལམ་མ་འཁྲུལ།འཁྲུལ་ཟེར་ན།དེ་ཆོས་ཅན།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཀུན་བཏགས་མངོན་འགྱུར་བ་ཙམ་ཡང་མགོ་མནོན་མི་ནུས་པར་ཐལ།སྟོང་ཉིད་ལ་རྟོག་མེད་འཁྲུལ་ཤེས་ཡིན་པའི་ཕྱིར།དེར་ཐལ།དཔེར་ན།ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།མ་འཁྲུལ་ཟེར་ན།དེ་ཆོས་ཅན།སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པར་ཐལ།སྟོང་ཉིད་ལ་རྟོག་བྲལ་མ་འཁྲུལ་པའི་སྒོ་ནས་སྟོང་ཉིད་རྟོགས་པའི་ཡེ་ཤེས་[13B]ཡིན་པའི་ཕྱིར།འདོད་ན།དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཐོབ་མ་ཐག་པ་དེས་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་སྤངས་པར་ཐལ།འདོད་པ་དེའི་ཕྱིར།འདོད་མི་ནུས་ཏེ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེ་བདེན་འཛིན་ཀུན་བཏགས་ཀྱི་དངོས་གཉེན་པར་ཚད༌༈མེད་ལམ་ཡིན་བའི་ཕྱིར།ཁ་ཅིག།སྟོང་ཉིད་རྟོགས་པའི་ཐོས་བྱུང་གི་ཤེས་རབ་དེས།སྟོང་ཉིད་ཀྱི་མེད་རྐྱང་ལ་དམིགས་པ་དང༌།སྟོང་ཉིད་རྟོགས་པའི་བསམ་བྱུང་གི་ཤེས་རབ་ཀྱིས།མེང་དོན་གཉིས་ཀ་ལ་དམིགས་པ་དང༌།སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་དོན་རྐྱང་ལ་དམིགས་པ་ཡིན་ནོ་ཟེར་ན།སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཡིན་ན།དོན་རྐྱང་ལ་དམིགས་པས་ཁྱབ་པར་ཐལ།དམ་བཅའ་ཕྱི་མ་འཐད་པའི་ཕྱིར།འདོད་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར།ཁ་ཅིག།སྟོང་ཉིད་སྟོན་པའི་རྒྱལ་བའི་གསུང་རབ་ཐོས་སྟོབས་ཀྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་ལ།སྟོང་ཉིད་རྟོགས་པའི་ཐོས་བྱུང་གི་ཤེས་རབ་ཡིན་པས་ཁྱབ།གཅིག་དུ་བྲལ་སོགས་ཀྱི་རྒྱུ་མཚན་ཡང་དག་བསམ་པའི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ལ།སྟོང་ཉིད་རྟོགས་པའི་བསམ་བྱང་གི་ཤེས་རབ་ཡིན་པས་ཁྱབ།སྟོང་ཉིད་སྒོམ་སྟོབས་ཀྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་ལ།སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཡིན་པས་ཁྱབ་ཟེར་ན།བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཆོས་ཅན།སྟོང་ཉིད་རྟོགས་པའི་ཐོས་བྱུང་གི་ཤེས་རབ་ཡིན་པར་ཐལ།སྟོང་ཉིད་སྟོན་པའི་རྒྱལ་བའི་གསུང་རབ་ཐོས་སྟོབས་ཀྱིས་སྟོང་ཉིད་རྟོགས་བའི་ཤེས་རབ་ཡིན་བའི་ཕྱིར།དེར་ཐལ།སྟོང་ཉིད་རྟོགས་པའི་སྒོམ་བྱང་གི་ཤེས་རབ་ཡིན་པའི་ཕྱིར།ཁྱབ་སྟེ།སྟོང་ཉིད་རྟོགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་རིམ་གྱིས་སྐྱེ་བའི་ཕྱིར།འདོད་མི་ནུས་ཏེ།སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གཅིག་དུ་བྲལ་དང་རྟེན་འཕྲེལ་སོགས་ཀྱི་རྒྱུ་མཚན་ཡང་དག་བསམ་པའི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན།སྟོང་ཉིད་རྟོགས་པའི་བསམ་བྱུང་གི་ཤེས་རབ་ཡིན་པར་ཐལ།གཅིག་དུ་བྲལ་དང་རྟེན་འབྲེལ་[14A]སོགས་ཀྱི་རྒྱུ་མཚན་ཡང་དག་བསམ་པའི་སྟོབས་ཀྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།ས་ཐོབ་ནས་ཀྱང་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་བའི་སྒོ་ནས་གཏན་ལ་འབེབས་པར་བྱེད་པ་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར།གཞན་ཡང༌།སྒོམ་ལམ་ཡིན་ན་སྒོམ་བྱུང་ཡིན་དགོས་པར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་ན།ཏིང་ངེ་འཛིན་ཡིན་ན་སྒོམ་བྱུང་ཡིན་དགོས་པར་ཐལ།འདོད་པའི་ཕྱིར།འདོད་ན།འདོད་སེམས་རྩེ་གཅིག་བར་གྱུར་བའི་ཏིང་ངེ་འཛིན་ཆོས་ཅན།སྒོམ་བྱུང་ཡིན་པར་ཐལ།ཏིང་ངེ་འཛིན་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།ཐེག་པ་གསུམ་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དེ།དང་པོར་སྐྱེས་པ་ལ་ཆུང་ངུ་དང༌།བར་དུ་སྐྱེས་པ་ལ་འབྲིང་དང༌།ཐ་མར་སྐྱེས་པ་ལ་ཆེན་བོར་བྱེད་པ་དེ་གང་ཟག་རྒྱུད་གཅིག་པའི་དབང་དུ་བྱས་པ་ཡིན།གང་ཟག་རྒྱུད་ཐ་དད་བའི་དབང་དུ་བྱས་ན་གདུལ་བྱ་དབང་རྟུལ་གྱི་རྒྱུད་ཀྱི་སྦྱོར་ལམ་ལ་སྦྱོར་ལམ་ཆུང་ངུ་དང༌།གདུལ་བྱ་དབང་འབྲིང་གི་རྒྱུད་ཀྱི་སྦྱོར་ལམ་ལ་སྦྱོར་ལམ་འབྲིང་དང་།གདུལ་བྱ་དབང་རྣོན་གྱི་རྒྱུད་ཀྱི་སྦྱོར་ལམ་ལ་སྦྱོར་ལམ་ཆེན་པོར་བྱེད་པ་ཡིན་བས༑དེ་གང་གི་དབང་དུ་བྱས་པའི་ཆུང་ངུ་སོགས་ལ་ཆུང་ངུ་སོགས་ཀྱིས་ཁྱབ་པ་ཡིན་ནོ་ཟེར་ན།ཉན་ཐོས་སྦྱོར་ལམ་པའི་རྒྱུད་ཀྱི་སྦྱོར་ལམ་དྲོད་ཆེན་པོའི་ཡེ་ཤེས་ཆོས་ཅན།སྦྱོར་ལམ་ཆུང་ངུ་ཡིན་པར་ཐལ།གདུལ་བྱ་དབང་རྟུལ་གྱི་རྒྱུད་ཀྱི་སྦྱོར་ལམ་ཡིན་པའི་ཕྱིར།དེར་ཐལ།ཉན་ཐོས་ཀྱི་རྒྱུད་ཀྱི་སྦྱོར་ལམ་ཡིན་པའི་ཕྱིར༑ཁྱབ་སྟེ།ཉན་ཐོས་ཡིན་ན་དབང་རྟུལ་ཡིན་དགོས་པའི་ཕྱིར།དེར་ཐལ།དེ་ཡིན་ན་རང་བཞིན་གྱི་དབང་རྟུལ་ཡིན་དགོས་པའི་ཕྱིར།འདོད་མི་ནུས་ཏེ།སྦྱོར་ལམ་དྲོད་ཆེན་པོ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ལ་དང་པོར་སྐྱེས་མ་ཐག་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་དྲོད་ཆུང་ངུའི་ཡེ་ཤེས་ཆོས་ཅན།སྦྱོར་ལམ་དྲོད་ཆེན་པོའི་ཡེ་ཤེས་ཡིན་པར་ཐལ།གདུལ་བྱ་དབང་རྣོན་གྱི་རྒྱུད་ཀྱི་སྦྱོར་ལམ་དྲོད་ཡིན་པའི་ཕྱིར།དེར་ཐལ།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྦྱོར་ལམ་དྲོད་ཡིན་པའི་ཕྱིར།ཁྱབ་སྟེ།བྱང་ཆུབ་སེམས་དཔའ་ཡིན་ན།[14B]དབང་རྣོན་ཡིན་དགོས་པའི་ཕྱིར།དེར་ཐལ།དེ་ཡིན་ན་རང་བཞིན་གྱི་དབང་རྣོན་ཡིན་དགོས་པའི་ཕྱིར།འདོད་མི་ནུས་ཏེ།གང་ཟག་རྒྱུད་གཅིག་པའི་དབང་དུ་བྱས་པའི་སྦྱོར་ལམ་དྲོད་ཆུང་ངུ་ཡིན་པའི་ཕྱིར།དེར་ཐལ།དང་པོར་སྐྱེས་པའི་སྦྱོར་ལམ་དྲོད་ཡིན་པའི་ཕྱིར།འཁོར་གསུམ།གཞན་ཡང༌།དེ་ཆོས་ཅན།ཁྱོད་ཀྱི་ཉེར་ལེན་དུ་གྱུར་པའི་སྦྱོར་ལམ་དྲོད་ཆུང་ངུ་ཅིག་སྔོན་དུ་སོང་བར་ཐལ།ཁྱོད་སྦྱོར་ལམ་དྲོད་ཆེན་པོ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།དེ་ལ་ཁོ་ན་རེ།ཐེག་པ་འབྲིང་པོ་ཡིན་ན་ཐེག་པ་ཆུང་ངུ་མ་ཡིན་དགོས་པར་ཐལ།སྦྱོར་ལམ་འབྲིང་ཡིན་ན་སྦྱོར་ལམ་ཆུང་དུ་མ་ཡིན་དགོས།སྦྱོར་ལམ་ཆུང་ངུ་ཡིན་ན་སྦྱོར་ལམ་འབྲིང་མ་ཡིན་དགོས་པའི་ཕྱིར་ཟེར་ན།མ་ཁྱབ།འདོད་ན།རང་རྒྱལ་གྱི་མཐོང་ལམ་ཆོས་ཅན།ཐེག་པ་ཆུང་ངུ་མ་ཡིན་པར་ཐལ།ཐེག་པ་འབྲིང་པོ་ཡིན་པའི་ཕྱིར།དེར་ཐལ།རང་རྒྱལ་གྱི་ཐེག་པ་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཐེག་པ་ཆུང་ངུ་ཡིན་པར་ཐལ།ཐེག་པ་དམན་པ་ཡིན་པའི་ཕྱིར།མ་ཁྱབ་ན༑འཁོར་གསུམ་ཡོད།མ་གྲུབ་ན།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།གང་ཟག་རྒྱུད་ཐ་དད་ཀྱི་དབང་དུ་བྱས་པའི་ཉན་ཐོས་དབང་རྣོན་གྱི་རྒྱུད་ཀྱི་ཉན་ཐོས་སྦྱོར་ལམ་ཆོས་མཆོག་ཡིན་ན།ཉན་ཐོས་ཀྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཡིན་དགོས་བར་ཐལ།བྱང་སེམས་ལ་དེའི་ཕྱིར།འདོད་ན།སྟོང་ཉིད་རྟོགས་བའི་ཉན་ཐོས་སྦྱོར་ལམ་པའི་རྒྱུད་ཀྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཉན་ཐོས་དབང་རྣོན་གྱི་རྒྱུད་ཀྱི་སྦྱོར་ལམ་ཆོས་མཆོག་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཉན་ཐོས་ཀྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་གཞི་མ་གྲུབ་པའི་ཕྱིར།ཁ་ཅིག་གིས།བྱང་ཆུབ་སེམས་དཔའི་རྒྱུད་ལ་དང་པོར་སྐྱེས་པའི་སྦྱོར་ལམ་ལ་སྦྱོར་ལམ་ཆུང་ངུ་དང༌།བར་དུ་སྐྱེས་བ་ལ་འབྲིང་དང༌།ཐ་མར་སྐྱེས་བ་ལ་ཆེན་པོར་བྱེད་བ་དེ་རྒྱུད་གཅིག་པའི་དབང་དུ་བྱས་པ་དང༌།རྒྱུད་ཐ་དད་པའི་དབང་དུ་བྱས་ན་བྱང་སེམས་དབང་རྟུལ་གྱི་རྒྱུད་ཀྱི་སྦྱོར་ལམ་ལ་ཐེག་ཆེན་སྦྱོར་ལམ་ཆུང་ངུ་དང༌།བྱང་སེམས་དབང་འབྲིང་གི་རྒྱུད་ཀྱི་སྦྱོར་ལམ་ལ་ཐེག་ཆེན་སྦྱོར་ལམ་འབྲིང་དུ་བྱེད་པ་དང༌།བྱང་སེམས་དབང་རྣོན་གྱི་རྒྱུད་ཀྱི་སྦྱོར་ལམ་ལ་ཐེག་ཆེན་སྦྱོར་ལམ་ཆེན་པོར་བྱེད་པས།དེ་གཉིས་གང་གི་དབང་དུ་བྱས་པའི་ཆུང་ངུ་སོགས་ཀྱིས་ཆུང་ངུའི་གོ་ཆོད་པ་ཡིན་ཟེར་ན།མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ལ་སྐྱེས་མ་ཐག་པའི་ཐེག་ཆེན་གྱི་སྦྱོར་ལམ་[15A]ཆོས་མཆོག་ཆོས་ཅན།ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཡིན་པར་ཐལ།བྱང་སེམས་དབང་རྣོན་གྱི་རྒྱུད་ཀྱི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།ཚོགས་སྒྲུབ་ཡིན་པར་ཐལ།འདོད་པ་དེའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།དེ་ཆོས་ཅན།ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཚོག་ཆེན་པོ་མ་ཡིན་པར་ཐལ།ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆུང་ངུ་ཡིན་པའི་ཕྱིར།དེར་ཐལ།རྒྱུད་གཅིག་པའི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ཆུང་ངུ་ཡིན་པའི་ཕྱིར།དེར་ཐལ།དང་པོར་སྐྱེས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཡིན་པའི་ཕྱིར།འཁོར་གསུམ།ཁ་ཅིག་གིས།ཐེག་ཆེན་གྱི་སྦྱོར་ལམ་དེ་དམན་པའི་སྦྱོར་ལམ་ལས་ཁྱད་ཆོས་དྲུག་གི་སྒོ་ནས་ཁྱད་པར་དུ་འཕགས་ཏེ།དམིགས་པ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་པ་དང༌།རྣམ་པ་དེ་རྣམས་བདེན་མེད་ཀྱི་རྣམ་པ་ཅན་ཡིན་པ་དང༌།ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་ཉེ་རྒྱུ་བྱེད་པ་དང༌།ཐབས་ཤེས་རྫོགས་པར་སྟོན་པའི་བདག་རྐྱེན་དགེ་བའི་བཤེས་གཉེན་དང་ལྡན་པ་དང་།ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་སྤང་བྱར་ལྡན་པ་དང༌།ཆུང་འབྲིང་ཆེན་པོ་གསུམ་གྱི་དབྱེ་བ་འཐད་པའི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར་ཟེར་ན།དེ་མི་འཐད་པར་ཐལ།ཉན་ཐོས་ཀྱི་སྦྱོར་ལམ་དེས་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་པའི་ཕྱིར།དེར་ཐལ།དེས་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་སྒོམ་བྱའི་གཙོ་བོར་བྱས་ནས་བསྒོམ་པའི་ཕྱིར།དེར་ཐལ།ཉན་ཐོས་སྦྱོར་ལམ་པས་དེ་ལྟར་བསྒོམ་པའི་ཕྱིར།དེར་ཐལ།དེ་ལྟར་བསྒོམ་པའི་ཉན་ཐོས་ཅིག་ཡོད་པའི་ཕྱིར།གཞན་ཡང༌།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དེ་སྟོང་ཉིད་རྟོགས་པའི་ཡེ་ཤེ་ཡིན་པར་ཐལ།དེ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་བདེན་མེད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དེ་བཞི་པོ་གང་རུང་དང་ཐེག་ཆེན་སེམས་བསྐྱེད་ཀྱི་གཞི་མཐུན་ཡོད་པའི་ཕྱིར།གཞན་ཡང༌།དེ་མི་འཐད་པར་ཐལ།ཉན་ཐོས་ཀྱི་སྦྱོར་ལམ་དེས་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བར་ཐོབ༌༈པའི་ཐེག་པ་ཆེན་པོའི་མཐོང་ལམ་གྱི་ཉེ་རྒྱུ་གྱེད་པའི་ཕྱིར།དེར་ཐལ།དེའི་ཉེ་འབྲས་སུ་གྱུར་བའི་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་པ་ཆེན་[15B]བོའི་མཐོང་ལམ་ཡོད་པའི་ཕྱིར།དེར་ཐལ།དེའི་ཉེ་འབྲས་སུ་གྱུར་པའི་རྣམ་མཁྱེན་ཡོད་པའི་ཕྱིར།དེར་ཐལ།དེའི་ཐོབ་བྱར་གྱུར་པའི་སངས་རྒྱས་ཅིག་ཡོད་པའི་ཕྱིར།གཞན་ཡང༌།ཉན་ཐོས་སྦྱོར་ལམ་པ་དེ་ཐབས་ཤེས་རྫོགས་པར་སྟོན་པའི་བདག་རྐྱེན་དགེ་བའི་བཤེས་གཉེན་དང་མི་ལྡན་པར་ཐལ།ཉན་ཐོས་སྦྱོར་ལམ་ལ་དེའི་ཕྱིར།འདོད་མི་ནུས་ཏེ།དེའི་ཡོངས་འཛིན་དུ་གྱུར་པའི་མཆོག་གི་སྤྲུལ་སྐུ་ཡོད་པའི་ཕྱིར།དེར་ཐལ།ཉན་ཐོས་རྣམས་ནི་རྣམས་ནི་རྣམ་གྲོལ་སྒྲ་ཕྱིར་འགྲོ།ཞེས་གསུངས་པའི་ཕྱིར།གཞང་ཡང༌།དེ་མི་འཐད་པར་ཐལ།ཐེག་དམན་སྦྱོར་ལམ་དེ་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་སྤང་བྱར་ལྡན་པའི་ཕྱིར།དེར་ཐལ།ཐེག་དམན་སྦྱོར་ལམ་པ་རྣམས་ཀྱིས་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་སྤོང་དགོས་པའི་ཕྱིར།གཞན་ཡང༌།ཐེག་དམན་གྱི་སྦྱོར་ལམ་ལ་ཆུང་འབྲིང་སོགས་ཀྱི་དབྱེ་བ་མེད་པ་དེ་མི་འཐད་པར་ཐལ།དེ་ལ་ཆུང་ངུ་སོགས་ཀྱི་དབྱེ་བ་འཐད་པའི་ཕྱིར།དེར་ཐལ།ཐེག་དམན་གྱི་སྦྱོར་ལམ་དྲོད་སོགས་དང་པོ་གསུམ་ལ་ཆུང་ངུ་སོགས་ཀྱི་དབྱེ་བ་འཐད་པའི་ཕྱིར།དེར་ཐལ།རང་རྒྱལ་གྱི་སྦྱོར་ལམ་དྲོད་སོགས་དང་པོ་གསུམ་ལ་ཆུང་འབྲིང་སོགས་ཀྱི་དབྱེ་བ་འཐད་པའི་ཕྱིར།དེར་ཐལ།ཚོགས་སྤྱོད་ཆེན་པོའི་རང་རྒྱལ་དེས་སྐྱེ་བ་གཅིག་ཐོགས་ཀྱི་ཚེ་རང་རྒྱལ་གྱི་སྦྱོར་ལམ་བཟོད་འབྲིང་མན་ཆད་ལ་གནས།སངས་རྒྱས་ཡོངས་འཛིན་དུ་བསྟེན།མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱས།སྨོན་ལམ་ཆེན་པོ་གསུམ་འདེབས་པར་བྱེད་པའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ།རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས།ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད།དེ་ལ་ངོ་བོའི་སྒོ་ནས་དབྱེ་ན།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ཡོད།གནས་སྐབས་ཀྱི་སྒོ་ནས་དབྱེ་ན།དེ་རེ་རེ་ལ་ཡང་དེར་གྱུར་པའི་ཆུང་འབྲིང་ཆེན་པོ་གསུམ་གསུམ་གྱི་དབྱེ་བ་འཐད་དོ།།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་ཐེག་ཆེན་གྱི་ངེས་ཆ་དང་པོ།ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་མཚན་ཉིད་དུ་འཇོག་པ་ནས་བཟུང་སྟེ།ཤེས་སྒྲིབ་རྟག་འཇིན་རྟོག་པ་ཀུན་བཏགས་མངོན་འགྱུར་པ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་ཐེག་ཆེན་གྱི་ངེས་ཆ་བཞི་པ།ཐེག་ཆེན་སྦྱོར་ལམ་ཆོས་མཆོག་གི་[16A]མཚན་ཉིད།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དེ་ལ་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཀུན་བཏགས་མངོན་འགྱུར་བ་བཞི་འཇོམས་པའི་ནུས་པ་རིམ་ཅན་དུ་འབྱུང་བའི་རྒྱུ་མཚན་ཡོད་དེ།རྟོག་པ་དེ་དག་ལ་མངོན་འགྱུར་བ་མགོ་མནོན་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར།དེར་ཐལ།དེ་དག་གི་དམིགས་ཡུལ་དུ་གྱུར་བའི་གཟུང་འཛིན་གྱི་ཆོས་ལ་རྟོགས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར།དེར་ཐལ།གཟུང་འཛིན་གཉིས་ཀྱི་ནང་ནས་གཟུང་བས་བསྡུས་པའི་ཆོས་རྣམས་ངེས་སླ་ཞིང༌།འཛིན་པས་བསྡུས་པའི་ཆོས་རྣམས་ངེས་དཀའ་བ་ཡིན་པའི་ཕྱིར།དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་ཚོགས་ལམ་པ་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོ་པའི་ས་མཚམས་ཡོད་དེ།དེས་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ནམ་ཐོབ་པའི་ཚེ་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པར་འཇོག་པའི་ཕྱིར།དམན་ལམ་སྔོན་དུ་མ་སོང་པའི་སྟོང་ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་དེ་སྟོང་ཉིད་ལ་དཔྱད་ཤེས་ཡིན་ཏེ།དེ་སྟོང་ཉིད་ལ་བློ་རིག་བདུན་པོ་གང་རུང་ནི་ཡིན།སྟོང་ཉིད་ལ་ཚད་མ་གཉིས་གང་རུང་ཡང་མིན།སྟོང་ཉིད་ལ་ཐེ་ཚོམ་ཡང་མ་ཡིན།ལོག་ཤེས་ཡང་མ་ཡིན།ཡིད་དཔྱོད་ཡང་མ་ཡིན།སྣང་ལ་མ་ངེས་པ་ཡང་མ་ཡིན་པའི་ཕྱིར།དང་པོ་དེར་ཐལ།དེ་སྟོང་ཉིད་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར།གཉིས་པ་གོང་དུ་སྒྲུབ་ཟིན།གསུམ་པ་དེར་ཐལ།དེ་སྟོང་ཉིད་ལ་བློ་རྩེ་གཅིག་པ་ཡིན་པའི་ཕྱིར།བཞི་པ་དེར་ཐལ།དེ་སྟོང་ཉིད་ལ་འཛིན་སྟངས་དོན་མཐུན་ཡིན་པའི་ཕྱིར།ལྔ་པ་དེར་ཐལ།དེ་སྟོང་ཉིད་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར།དྲུག་པ་དེར་ཐལ།དེ་སྟོང་ཉིད་ལ་མངོན་སུམ་མ་ཡིན་པའི་ཕྱིར།ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན།ཁྱོད་དམན་པའི་སྦྱོར་ལམ་ལས་ཁྱད་ཆོས་དྲུག་གི་སྒོ་ནས་ཁྱད་པར་དུ་འཕགས་ཏེ།བདེན་བཞི་མི་རྟག་སོགས་བཅུ་དྲུག་གཙོ་བོར་བདེན་པར་གྲུབ་མ་གྲུབ་དཔྱོད་པའི་དམིགས་པར་བཟུང་བ་དང༌།དེ་དག་གཙོ་བོར་བདེན་མེད་དུ་སྒོམ་པའི་རྣམ་པ་ཅན་ཡིན་པ་དང༌།ཐེག་པ་གསུམ་གྱི་རྟོགས་རིགས་མཐའ་དག་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་ཐུན་མོང་མ་ཡིན་པའི་ཉེ་རྒྱུ་བྱེད་པ་དང༌།རང་རྒྱུད་ལ་ལྡན་པའི་བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་[16B]དང་བཅས་པ་དང༌།ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་སྤང་བྱར་ལྡན་པ་དང༌།ཐེག་པ་ཆེན་པོའི་ལམ་གྱི་ལུས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གོང་ནས་གོང་འཕེལ་དུ་འགྱུར་བའི་ཆུང་དུ་འབྲིང་ཆེན་པོ་གསུམ་གྱི་དབྱེ་བ་འཐད་པའི་ཁྱད་ཆོས་དྲུག་གི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར།སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་ཅེས་སྨོས་པ་དེ་བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ཀྱི་རྟོག་པ་སྡུད་པའི་ཕྱིར་དུ་ཡིན་པའི་ཕྱིར།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག་གིས།དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་དེས་སྟོང་ཉིད་ཀྱི་དོན་སྤྱི་སྟོང་ཉིད་དུ་འཛིན་པར་ཐལ།དེ་སྣང་རྟག་གཅིག་འཛིན་ཅན་གྱི་བློ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།མ་གྲུབ་ན་དེར་ཐལ།བརྡ་བྱང་གི་སྐྱེས་བུའི་རྒྱུད་ཀྱི་རྟོག་པ་ཡིན་པའི་ཕྱིར།རྩ་བར་འདོད་མི་ནུས་སོ།ཟེར་ན་སྐྱོན་མེད་དེ།དེ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་སྣང་རྟག་གཅིག་འཛིན་ཅན་གྱི་བློ་ཡིན་པར་གསུངས་པའི་དོན་དེ།དེ་ལ་སྟོང་ཉིད་ཀྱི་དོན་སྤྱི་སྟོང་ཉིད་དུ་སྣང་ནས་སྟོང་ཉིད་འཛིན་ཞེས་པའི་དོན་ཡིན་པའི་ཕྱིར།ཁ་ཅིག་གིས།དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་ཆོས་ཅན།སྟོང་ཉིད་ལ་འཁྲུལ་ཤེས་ཡིན་པར་ཐལ།སྟོང་ཉིད་ལ་རྟོག་པ་ཡིན་པའི་ཕྱིར།ཁྱབ་སྟེ།རྟོག་པ་ཡིན་ན་འཁྲུལ་ཤེས་ཡིན་དགེས་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་སོ།ཁ་ཅིག་གིས།སྟོང་ཉིད་ལ་རྟོག་པ་ཡིན་ན་སྟོང་ཉིད་རྟོགས་དགོས་པར་ཐལ།སྟོང་ཉིད་ལ་རྟོག་པར་གྱུར་བའི་ཐེག་ཆེན་གྱི་སྦྱོར་ལམ་ཡིན་ན་སྟོང་ཉིད་རྟོགས་དགོས་པའི་ཕྱིར།འདོད་ན།སྟོང་ཉིད་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།སྟོང་ཉིད་རྟོགས་པ་འམ་འཛིན་པ་གང་རུང་ཡིན་པར་ཐལ།སྟོང་ཉིད་ལ་རྟོག་པ་ཡིན་པའི་ཕྱིར།དེར་ཐལ།སྟོང་ཉིད་ལ་བདེན་འཛིན་ཡིན་པའི་ཕྱིར།ཁྱབ་སྟེ།བདེན་འཛིན་ཡིན་ན་རྟོག་པ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་སོ།ཁ་ཅིག་གིས།སྟོང་ཉིད་ལ་རྟོག་པ་ཡིན་ན་སྟོང་ཉིད་རྟོགས་པ་འམ་འཛིན་པ་གང་རུང་ཡིན་མི་དགོས་པར་ཐལ།སྟོང་ཉིད་ལ་རྟོག་བྲལ་ཡིན་ན་དེ་གང་རུང་ཡིན་མི་དགོས་པའི་ཕྱིར།མ་གྲུབ་ན།བདེན་འཛིན་ཆོས་ཅན།དེ་གང་རུང་ཡིན་པར་ཐལ།སྟོང་ཉིད་ལ་རྟོག་བྲལ་ཡིན་པའི་ཕྱིར།དེར་ཐལ།དེ་སྟོང་ཉིད་ལ་རྟོག་པ་མ་ཡིན་པའི་ཕྱིར།ཁྱབ་སྟེ།རྟོག་པ་[17A]མ་ཡིན་ན་རྟོག་བྲལ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།དམན་ལམ་སྔོན་དུ་མ་སོང་པའི་ཐེག་ཆེན་རིགས་ངེས་ཀྱི་བྱང་སེམས་ཚོགས་ལམ་པས་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཐོབ་པ་དང་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པ་དུས་མི་མཉམ་པར་ཐལ།དེའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཡོད་པའི་ཕྱིར།དེར་ཐལ།དེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་བསམ་གཏན་བཞི་པའི་དངོས་གཞི་དེ་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཡིན་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན༑སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཡིན་པར་ཐལ།སྟོང་ཉིད་རྟོགས་པ་གང་ཞིག།ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།མ་གྲུབ་ན།དེས་སྟོང་ཉིད་རྟོགས་པར་ཐལ།དེའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་བསམ་གཏན་གྱི་དངོས་གཞི་ཡོད་པའི་ཕྱིར།ཕྱི་མ་དེར་ཐལ།བསམ་གཏན་བཞི་པའི་དངོས་གཞི་ཡིན་པའི་ཕྱིར།འདོད་མི་ནུས་སོ་ཟེར་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྟོབས་བཅུ་པོ་ཆོས་ཅན།ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པར་ཐལ།ཉན་ཐོས་ཀྱི་ལམ་ཤེས་པ་གང་ཞིག།ལམ་ཤེས་ཡིན་པའི་ཕྱིར།འཁོར་གསུམ།གལ་ཏེ་དང་པོ་མ་གྲུབ་ན།དེར་ཐལ།རྣམ་མཁྱེན་ཡིན་པའི་ཕྱིར།ཕྱི་མ་དེར་ཐལ།འབྲས་བུ་ལམ་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་པའི་ཕྱིར།ཁ་ཅིག་གིས།སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཚོགས་ལམ་པ་དེ་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོ་བའི་དུས་མཚམས་མེད་པར་ཐལ།དེས་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཐོབ་པ་དང་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པ་དུས་མི་མཉམ།དེས་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་དུ་གྱུར་བའི་དབང་པོ་ལྔ་ཐོབ་པ་དང་ཐེག་པ་ཆེན་པོའི་སྦྱོར་ལམ་ཐོབ་པ་ཡང་དུས་མི་མཉམ་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།ཚོགས་སྦྱོར་གྱི་གནས་སྐབས་སུ་བསྐལ་པ་གྲངས་མེད་གཅིག་གི་བར་དུ་ཚོགས་བསོག་པའི་དབང་དུ་བྱས་ན་ཐེག་ཆེན་སྦྱོར་ལམ་གྱི་ངོས་སྒལ་གྱི་བསོད་ནམས་ཀྱི་ཚོགས་བསོག་པའི་མགོ་བརྩམས་པ་ནས་དེ་ཐེག་པ་ཆེན་པོའི་སྦྱོར་ལམ་དུ་འཕོས་པར་འཇོག[17B]པའི་ཕྱིར།ཁ་ཅིག་གིས།དམན་ལམ་སྔོན་དུ་མ་སོང་བའི་སྟོང་ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་དེ་ལ་སྟོང་ཉིད་གསལ་བར་སྣང་བར་ཐལ།དེ་ལ་སྟོང་ཉིད་གསལ་བར་སྣང་བ་འཇོག་པའི་ཕྱིར།དེར་ཐལ།རྣམ་བཤེད་སྙིད་པོ་རྒྱན་ལས།ཚུལ་དེ་ལྟ་བུར་སྟོང་པ་ཉིད་ཀྱི་དོན་སྤྱི་ཤར་བ་ལ་ཆོས་ཉིད་གསལ་བར་སྣང་ཞེས་བྱའི་རྟོག་བྲལ་གྱི་གསལ་སྣང་ནི་མ་ཡིན་ནོ།།ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་སོ།།ཁ་ཅིག་གིས།ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆེན་པོའི་གནས་སྐབས་སུ་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཅིག་ཐོབ་པར་ཐལ།ཁྱོད་ཀྱིས་ཆུང་འབྲིང་སོགས་ཀྱི་ཁྱད་པར་འཕགས་ཚུལ་ཐེག་པ་ཆེན་པོའི་ལམ་གྱི་ལུས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གོང་ནས་གོང་འཕེལ་དུ་འགྱུར་བ་ལ་བྱེད་པའི་ཕྱིར།འདོད་ན།དེའི་གནས་སྐབས་སུ་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་ཅིག་ཐོབ་པ་ཡོད་པར་ཐལ།འདོད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་ཏེ།དེའི་གནས་སྐབས་སུ་རྣམ་མཁྱེན་ཐོབ་པ་མེད་པའི་ཕྱིར།ཁ་ཅིག།བདེན་བཞི་མི་རྟག་སོགས་བཅུ་དྲུག་གཙོ་བོར་བདེན་པར་གྲུབ་མ་གྲུབ་དཔྱོད་པའི་དམིགས་པར་བཟུང་བའི་ཐེག་དམན་གྱི་སྦྱོར་ལམ་མེད་པར་ཐལ།ཁྱོད་ཀྱི་དམིགས་པའི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ་དེ་འཐད་པའི་ཕྱིར།འདོད་ན།དེ་ཡོད་པར་ཐལ།ཉོན་སྒྲིབ་སྤོང་བའི་ཕྱིར་དུ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གཙོ་བོར་བདེན་པར་གྲུབ་མ་གྲུབ་དཔྱོད་པའི་དམིགས་པར་བཟུང་པའི་ཉན་ཐོས་ཀྱི་སྦྱོར་ལམ་ཡོད་པའི་ཕྱིར།དེར་ཐལ།ཉོན་སྒྲིབ་སྤོང་བའི་ཕྱིར་དུ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་བདེན་མེད་དུ་སྒོམ་བྱའི་གཙོ་བོར་བྱས་ནས་བསྒོམ་པའི་ཉན་ཐོས་སྦྱོར་ལམ་པ་ཡོད་པའི་ཕྱིར།དེར་ཐལ།ཉོན་སྒྲིབ་སྤོང་བ་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀྱི་ནང་ནས་ཆོས་ཀྱི་བདག་མེད་མཆོག་ཏུ་མཐོང་ཞིང་རྟོགས་པའི་ཉན་ཐོས་སྦྱོར་ལམ་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་སོ།།ཁ་ཅིག་གིས།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དེ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གཙོ་བོར་བདེན་མེད་དུ་བལྟ་བའི་རྣམ་པ་ཅན་ཡིན་པར་ཐལ།དེ་གཙོ་བོར་བདེན་མེད་དུ་བསྒོམ་པའི་རྣམ་པ་ཅན་ཡིན་པའི་ཕྱིར་འདོད་ན།དེ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་བདེན་མེད་ཀྱི་རྣམ་པ་ཅན་ཡིན་པར་ཐལ།འདོད་པའི་ཕྱིར་ཟེར་ན་མ་ཁྱབ།འོ་ན།ཐེག་ཆེན་གྱི་སྒོམ་ལམ་[18A]དེ་སྟོང་ཉིད་ཀྱི་རྣམ་པ་ཅན་ཡིན་པར་ཐལ།དེ་སྟོང་ཉིད་བསྒོམ་པའི་རྣམ་པ་ཅན་ཡིན་པའི་ཕྱིར།ཁྱབ་པ་ཁས།མ་གྲུབ་ན།དེ་ཆོས་ཅན།སྟོང་ཉིད་བསྒོམ་པའི་རྣམ་པ་ཅན་ཡིན་པར་ཐལ།སྟོང་ཉིད་མངོན་སུམ་དུ་རྟོགས་ཟིན་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་བསྒོམ་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག་གིས།དམན་པའི་སྦྱོར་ལམ་དེ་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་སྤང་བྱའི་གཙོ་བོར་མི་ལྡན་པར་ཐལ།དེ་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་སྤང་བྱར་མི་ལྡན་པའི་ཕྱིར་ཟེར་ན་མ་ཁྱབ༑འདོད་མི་ནུས་ཏེ།དེ་ཐེག་དམན་སྦྱོར་ལམ་པའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར།དེར་ཐལ།དེ་བཞི་པོ་ཐེག་དམན་སྦྱོར་ལམ་པས་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བགེགས་བྱེད་ཀྱི་སྒྲིབ་པའི་གཙོ་བོ་ཡིན་པའི་ཕྱིར།ཁ་ཅིག།ཉན་ཐོས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་ཐེག་ཆེན་དགེ་པའི་བཤེས་གཉེན་ཡོད་པར་ཐལ།དེའི་ཕྱིའི་ཡོངས་འཛིན་དུ་གྱུར་བའི་ཐབས་ཤེས་རྫོགས་པར་སྟོན་པའི་ཐེག་ཆེན་དགེ་བའི་བཤེས་གཉེན་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་སོ།།ཁ་ཅིག།ཐེག་དམན་གྱི་སྦྱོར་ལམ་ཆོས་མཆོག་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་དབྱེ་བ་འཐད་པར་ཐལ།དེ་ལ་སྐད་ཅིག་སྔ་ཕྱི་གསུམ་གྱི་དབྱེ་བ་འཐད་པའི་ཕྱིར།དེར་ཐལ།དེ་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པའི་ཕྱིར་ཟེར་ན་རྩ་བར་མ་ཁྱབ།འདོད་ན།གོང་དུ་བཀག་ཟིན།།༈།།ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་མ་གཏོགས་པར་འདི་དག་ལ་དོན་གྱི་ཁྱད་པར་ནི་འགའ་ཡང་མེད་དོ།།ཞེས་སོགས་ཀྱི་སྐབས་སུ།ཆོས་བརྗོད་པའི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་འགལ་ཟེར་ན།སྒྲ་མི་རྟག་པ་ཞེས་བརྗོད་པའི་ངག་ཆོས་ཅན།ཆོས་བརྗོད་པའི་སྒྲ་མ་ཡིན་པར་ཐལ།ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར།དེར་ཐལ།སྒྲ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།འདོད་ན།ཆོས་བརྗོད་པའི་སྒྲ་ཡིན་པར་ཐལ།སྒྲ་མི་རྟག་པ་ལ་ལྟོས་ཏེ་ཆོས་བརྗོད་པའི་སྒྲ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།ཁ་ཅིག།གཞི་གཅིག་ལ་ལྟོས་པའི་ཆོས་བརྗོད་པའི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་མི་འགལ་ཟེར་ན།དེ་འགལ་[18B]བར་ཐལ།སྒྲ་ལ་ལྟོས་པའི་དེ་གཉིས་འགལ་བའི་ཕྱིར།དེར་ཐལ།སྒྲ་ལ་ལྟོས་པའི་ཁྱད་པར་གཞན་སྤོང་གི་སྒྲ་དང༌།ཁྱད་པར་གཞན་མི་སྤོང་བའི་སྒྲ་གཉིས་འགལ་བའི་ཕྱིར།དེར་ཐལ།སྒྲའི་ཁྱད་གཞི་དང་ཁྱད་ཆོས་གཉིས་འགལ་པའི་ཕྱིར།ཁ་ཅིག།དོན་དེ་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་ཆོས་ལྟ་བུར་གོ་བར་བྱེད་པའི་མཉན་བྱ།དོན་དེ་ལ་ལྟོས་པའི་ཆོས་བརྗོད་པའི་སྒྲའི་མཚན་ཉིད།དོན་དེ་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་གཞི་ལྟ་བུར་གོ་བར་བྱེད་པའི་མཉན་བྱ།དོན་དེ་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད་ཟེར་ན།རི་བོང་ར་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་ཆོས་ཡིན་ཞེས་བརྗོད་པའི་ངག་ཆོས་ཅན།རི་བོང་རྺ་ལ་ལྟོས་ཏེ་ཆོས་བརྗོད་པའི་སྒྲ་ཡིན་པར་ཐལ།རི་བོང་རྺ་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་ཆོས་ལྟ་བུར་གོ་བར་བྱེད་པའི་ངག་ཡིན་པའི་ཕྱིར།དེར་ཐལ།རི་བོང་རྺ་དེ་དེ་གཉིས་ཀྱི་ནང་ནས་ཁྱད་ཆོས་ལྟ་བུར་སྟོན་པར་བྱེད་པའི་ངག་ཡིན་པའི་ཕྱིར།དེར་ཐལ།རི་བོང་རྺ་དེ་དེ་གཉིས་ཀྱི་ནང་ནས་ཁྱད་ཆོས་ཡིན་ཞེས་སྟོན་པའི་ངག་ཡིན་པའི་ཕྱིར།འདོད་ན།ཆོས་བརྗོད་ཀྱི་སྒྲ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།གཉན་བྱ་དོན་མཐུན་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།རི་བོང་རྺ་ཁྱད་ཆོས་སུ་ཐལ་ལོ།།གཞན་ཡང༌།རི་བོང་རྺ་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་གཞི་ཡིན་ཞེས་བརྗོད་པའི་ངག་ཆོས་ཅན།རི་བོང་རྺ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཐལ།རི་བོང་རྺ་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་གཞི་ལྟ་བུར་གོ་བར་བྱེད་པའི་མཉན་བྱ་ཡིན་པའི་ཕྱིར།རྟགས་གསལ་སྒྲུབ་ཚུལ་གོང་གི་དེས་རིགས་འགྲེ།ཁ་ཅིག།དོན་དེ་ཡོད་པ་གང་ཞིག་དོན་དེ་ཁྱད་ཆོས་ལྟ་བུར་གོ་བར་བྱེད་པའི་མཉན་བྱ་དོན་མཐུན།དོན་དེ་ལ་ལྟོས་པའི་ཆོས་བརྗོད་པའི་སྒྲའི་མཚན་ཉིད།དོན་དེ་ཡོད་པ་གང་ཞིག་དོན་དེ་ཁྱད་གཞི་ལྟ་བུར་གོ་བར་བྱེད་པའི་མཉན་བྱ་དོན་མཐུན།དོན་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད་ཟེར་ན།འགྲེལ་པ་དོན་གསལ་ཆོས་ཅན།ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་མི་རྟག་པ་ལ་ལྟོས་ཏེ་ཆོས་བརྗོད་པའི་སྒྲ་ཡིན་པར་ཐལ།ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་མི་རྟག་པ་དེ་ཡོད་པ་གང་ཞིག།དེ་ཁྱད་ཆོས་ལྟ་བུར་གོ་བར་བྱེད་པའི་མཉན་བྱ་དོན་མཐུན་ཡིན་པའི་ཕྱིར།དེར་ཐལ།དེ་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་ཁྱད་ཆོས་སུ་སྟོན་པར་བྱད་པའི་མཉན་བྱ་དོན་མཐུན་ཡིན་པའི་[19A]ཕྱིར༑དེར་ཐལ།ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་མི་རྟག་པ་དེ་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་ཁྱད་ཆོས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པ་གང་ཞིག།དེ་ཁྱད་གཞི་ལྟ་བུར་གོ་བར་བྱེད་པའི་མཉན་བྱ་དོན་མཐུན་ཡིན་པའི་ཕྱིར།དེར་ཐལ།དེ་ཁྱད་གཞི་ལྟ་བུར་སྟོན་པར་བྱེད་པའི་མཉན་བྱ་དོན་མཐུན་ཡིན་པའི་ཕྱིར།དེར་ཐལ།དེ་དེའི་མི་རྟག་པའི་ཁྱད་གཞིར་སྟོན་པར་བྱེད་པའི་མཉན་བྱ་དོན་མཐུན་ཡིན་པའི་ཕྱིར།དེར་ཐལ།ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་མི་རྟག་པ་དེ་ཁོ་རང་གི་མི་རྟག་པའི་ཁྱད་གཞི་ཡིན་པའི་ཕྱིར།ཁ་ཅིག།དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་ཚིག་རྣམས།དམིགས་རྣམ་ལྷག་མ་རྣམས་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་ཟེར་ན།འོ་ན།གཟུགས་སོགས་འདུ་འགོད་གནས་བྲལ་དང༌།ཞེས་པའི་གཞུང་འདི་བདེན་བཞི་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲར་ཐལ།འདོད་པའི་ཕྱིར།འདོད་ན།གཟུགས་སོགས་དོན་དམ་པར་དགག་སྒྲུབ་དང་བྲལ་ཞེས་བརྗོད་པའི་དག་དེ་གཟུགས་སོགས་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།སྒྲ་མི་རྟག་ཅེས་བརྗོད་པའི་ངག་དེ་སྒྲ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པར་ཐལ་ལོ།།གཞན་ཡང༌།དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་ཚིག་གིས་དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞི་ལ་བརྟེན་པར་སྒྲས་ཟིན་ལ་བརྗོད་པར་ཐལ།དེ་དམིགས་རྣམ་ལྷག་མ་རྣམས་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར།ཁྱབ་སྟེ།སྒྲ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་ན་སྒྲ་སྒྲས་ཟིན་ལ་བརྗོད་པས་ཁྱབ་པའི་ཕྱིར།རྟགས་འབུད་དོ།།འདོད་ན།མི་འཐད་དེ།རྣམ་བཤད་སྙིང་པོ་རྒྱན་ལས།འདིར་བདེན་པ་ཞེས་པའི་ཚིག་ཡོད་མེད་ལ་རྩོད་པར་གསལ་ཏེ།ཞེས་གསུངས་པའི་ཕྱིར།དེ་ལྟ་མ་ཡིན་པར་དེས་བདེན་བཞི་སྒྲས་ཟིན་ལ་བརྗོད་ན་སློབ་དཔོན་འཕགས་པས་དྲོད་རྩེ་མོ་ཆུང་ངུའི་དམིགས་རྣམ་གྱི་སྐབས་སུ་བདེན་པ་རྣམ་པར་བཞག་པ་དང་མ་བཞག་པ་གཉིས་མཛད་པ་མི་འཐད་པར་འགྱུར་བའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ།སྒྲ་གཉིས་ཀྱི་རྣམ་བཞག་སྤྱིར་བསྟན་པ་དང༌།སྐབས་འདིའི་རྩོད་ལན་བྱེ་བྲག་ཏུ་བཤད་པ་དང་གཉིས།དང་པོ་ལ་དོན་དེ་ཁྱད་གཞི་[19B]ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་ཆོས་ལྟ་བུར་གོ་བར་བྱེད་པའི་རབ་ཏུ་ཕྱེ་བའི་མཉན་བྱ་དོན་མཐུན་དོན་དེ་ལ་ལྟོས་ཏེ་ཆོས་བརྗོད་པའི་སྒྲའི་མཚན་ཉིད།མཚན་གཞི་ནི་སྒྲའི་མི་རྟག་པ་ཞེས་བརྗོད་པའི་དག་སྒྲ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པ་ལྟ་བུ་ཡིན།དོན་དེ་ཁྱད་གཞི་ཁྱད་ཆོས་གཉིས་ཀྱི་ནང་ནས་ཁྱད་གཞི་ལྟ་བུར་གོ་བར་བྱེད་པའི་རབ་ཏུ་ཕྱེ་བའི་མཉན་བྱ་དོན་མཐུན།དོན་དེ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད།མཚན་གཞི་ནི་སྒྲ་མི་རྟག་ཅེས་བརྗོད་པའི་ངག་སྒྲ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པ་ལྟ་བུ་ཡིན།ཁྱད་པར་གཞན་སྤོང་གི་སྒྲ་དང་ཆོས་བརྗོད་པའི་སྒྲ་གཉིས་དོན་གཅིག་ཅིང༌།སྒྲའི་མི་རྟག་པ་ཞེས་བརྗོད་པའི་དག་ལ་ཁྱད་པར་གཞན་སྤོང་གི་སྒྲ་ཞེས་འཆད་པའི་རྒྱུ་མཚན་ཡོད་དེ།སྒྲའི་མི་རྟག་ཅེས་བརྗོད་པའི་ཚེ་མི་རྟག་པ་དེ་སྒྲའི་ཁྱད་པར་དུ་བྱས་ནས་སྒྲའི་མི་རྟག་པ་དེ་སྒྲ་ལས་གཞན་པའི་ཁྱད་ཆོས་ཡིན་པ་བློ་ངོར་སྤོང་པའི་ཚུལ་གྱིས་གོ་བར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར།ཁྱད་པར་གཞན་མི་སྤོང་བའི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་དོན་གཅིག་ཅིང༌།སྒྲ་མི་རྟག་ཅེས་བརྗོད་པའི་དག་ལ་ཁྱད་པར་གཞན་མི་སྤོང་བའི་སྒྲ་ཞེས་པའི་རྒྱུ་མཚན་ཡོད་དེ།སྒྲ་མི་རྟག་ཅེས་བརྗོད་པའི་ཚེ་སྒྲ་མི་རྟག་པ་ཡིན་པར་གོ་བར་འགྱུར་གྱི།མི་རྟག་པ་དེ་སྒྲ་ལས་གཞན་པའི་ཁྱད་ཆོས་ཡིན་པ་བློ་དོར་མི་སྤོང་བའི་ཚུལ་གྱིས་གོ་བར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར།གཞི་གཅིག་ལ་ལྟོས་པའི་ཆོས་བརྗོད་པའི་སྒྲ་དང་ཆོས་ཅན་བརྗོད་བའི་སྒྲ་གཉིས་འགལ་ཡང་སྤྱིར་དེ་གཉིས་མི་འགལ་ཏེ།སྒྲ་མི་རྟག་ཅེས་བརྗོད་པའི་དག་དེ་གཉིས་ཀ་ཡིན་པ་གོང་དུ་བསྒྲུབ་ཟིན་པའི་ཕྱིར།།༈།།གཉིས་པ་སྐབས་འདིའི་རྩོད་ལན་བྱེ་བྲག་ཏུ་བཤད་པ་ལ།རྩོད་པ་དང་ལན་གཉིས་ལས།དང་པོ་ལ།ཁ་ཅིག།དམིགས་པ་མི་རྟག་ལ་སོགས་པ།།བདེན་པའི་རྟེན་ཅན་དེ་ཡི་ནི།ཞེས་དྲོད་ཆུང་ངུའི་དམིགས་རྣམ་ཆོས་ཅན་བདེན་བཞི་ལ་བརྟེན་པ་དངོས་སུ་སྒྲས་ཟིན་ལ་བརྗོད་ནས།དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་ཚིག་གིས་དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞིན་ལ་བརྟེན་པ་དངོས་སུ་སྒྲས་ཟིན་ལ་མ་བརྗོད་བ་དེ་མི་རིགས་པར་ཐལ།དེ་ལྟར་མ་བརྗོད་ན་དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞི་ལ་བརྟེན་པ་གོ་མི་ནུས།དེ་མ་གོ་ན་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དེ།དམིགས་པ་བདེན་བཞི་མི་རྟག[20A]ལ་སོགས་བཅུ་དྲུག་ལ་དམིགས་ནས་རྣམ་པ་བདེན་སྟོང་སྤྲོས་བྲལ་དུ་མངོན་སུམ་དུ་རྟོགས་པའི་ཐེག་པ་ཆེན་པོའི་མཐོང་ལམ་གྱི་ཉེ་རྒྱུ་ཡིན་པ་གོ་མི་ནུས་པའི་ཕྱིར་ཟེར་ན།༈།གཉིས་པ་ལན་བཤད་པ་ལ།དམིགས་རྣམ་ལྷག་མ་སྟོན་པའི་གཞུང་ཚིག་གིས་དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞི་ལ་བརྟེན་པ་དངོས་སུ་སྒྲས་ཟིན་ལ་མ་བརྗོད་ཀྱང་དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞི་ལ་བརྟེན་པ་མི་རྟོགས་པའི་སྐྱོན་མེད་དེ།དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་ཚིག་གིས་བདེན་བཞིའི་ཁྱད་ཆོས་བརྗོད་པའི་སྒོ་ནས་བདེན་བཞི་བརྗོད་པ་གང་ཞིག།གཞི་གཅིག་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་དང་ཆོས་བརྗོད་པའི་སྒྲ་གཉིས་བོ་དེ་ཁྱད་པར་གཞན་སྤོང་མི་སྤོང་མ་གཏོགས་གཞི་གཅིག་པོ་དེ་བརྗོད་པ་ལ་ཁྱད་པར་མེད་པ་ལྟ་བུ་ཡིན་པའི་ཕྱིར།གང་ཞིག་དེར་ཐལ།གཟུགས་སོགས་འདུ་འགོད་གནས་བྲལ་དང༌།ཞེས་སོགས་ཀྱིས་གཟུགས་སོགས་དོན་དམ་པ་དགག་སྒྲུབ་དང་བྲལ་བའི་ཁྱད་པར་དུ་བྱས་པའི་བདེན་པ་བཞི་དྲོད་འབྲིང་གི་དམིགས་རྣམ་སོགས་སུ་བསྟན་པའི་ཕྱིར།དམིགས་རྣམ་ལྷག་མ་སྟོན་པའི་གཞུང་ཚིག་ལ་བརྟེན་ནས་དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞི་ལ་བརྟེན་པ་གོ་བར་བྱ་བ་ཡིན་ཏེ།མི་རྟག་ལ་སོགས་བཅུ་དྲུགབདེན་པར་མེད་པ་དྲོད་ཆུང་ངུའི་དམིགས་པ་དང༌།དེ་རྟོགས་པའི་དྲོད་ཆུང་ངུའི་ཡེ་ཤེས་དེ་དྲོད་ཆུང་ངུའི་རྣམ་པར་བསྟན་བ་ལ་བརྟེན་ནས།མི་རྟག་ལ་སོགས་བཅུ་དྲུག་བདེན་པར་མེད་པ་དེ་དྲོད་འབྲིང་གི་དམིགས་པ་དང༌།དེ་རྟོགས་པའི་དྲོད་ཆེན་པོའི་ཡེ་ཤེས་དེ་དྲོད་ཆེན་པོའི་རྣམ་པར་གོ་བར་བྱ་བ་ཡིན་པའི་ཕྱིར༑དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་ཚིག་ལ་བརྟེན་ནས་དམིགས་རྣམ་ལྷག་མ་རྣམས་ཆོས་ཅན་བདེན་བཞི་ལ་བརྟེན་པ་གོ་དགོས་ཀྱང་སྒྲས་ཟིན་ལ་མི་སྟོན་པའི་རྒྱུ་མཚན་ཡོད་དེ།རྒྱན་གྱི་ཚིག་སྦྱར་སླ་བ་ལ་དགོངས་པ་ཡིན་པའི་ཕྱིར།།༈།།གསུམ་པ་རྩོད་པ་སྤོང་པ་ལ།ཁ་ཅིག།ཁྱད་པར་གཞན་སྤོང་གི་སྒྲ་དང་ཁྱད་པར་གཞན་མི་སྤོང་བའི་སྒྲ་གཉིས་འགལ་བར་ཐལ།གཞི་གཅིག་ལ་ལྟོས་པའི་དེ་གཉིས་འགལ་བའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།སྒྲ་མི་རྟག་ཅེས་བརྗོད་པའི་ངག་ཆོས་ཅན།ཁྱད་པར་གཞན་སྤོང་གི་སྒྲ་མ་ཡིན་པར་ཐལ།ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་པའི་ཕྱིར།[20B]དེར་ཐལ།སྒྲ་ལ་ལྟོས་པའི་ཁྱད་པར་གཞན་མི་སྤོང་པའི་སྒྲ་ཡིན་པའི་ཕྱིར།དེར་ཐལ།སྒྲ་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར།འདོད་ན།ཁྱད་པར་གཞན་སྤོང་གི་སྒྲར་ཐལ།སྒྲའི་མི་རྟག་པ་ལ་ལྟོས་ཏེ་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་པའི་ཕྱིར།དེར་ཐལ།དེ་ལ་ལྟོས་ཏ་ཆོས་བརྗོད་པའི་སྒྲ་ཡིན་པའི་ཕྱིར།ཁོ་ན་རེ།བྱས་པ་བྱས་ཞེས་པའི་ངག་ཆོས་ཅན།བྱས་པ་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་མ་ཡིན་པར་ཐལ།བྱས་པ་ལ་ལྟོས་པའི་ཆོས་བརྗོད་པའི་སྒྲ་ཡིན་པའི་ཕྱིར།དེར་ཐལ།དེ་བྱས་པ་བྱས་པའི་ཁྱད་ཆོས་སུ་བརྗོད་པར་བྱེད་པའི་ངག་ཡིན་པའི་ཕྱིར།དེར་ཐལ།སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་དེ་སྒྲའི་མི་རྟག་པ་སྒྲའི་ཁྱད་ཆོས་སུ་བརྗོད་པར་བྱེད་པའི་ངག་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།རྟགས་སླ།རྩ་བར་འདོད་ན།དེ་བྱས་པ་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་ཡིན་པར་ཐལ།དེ་བྱས་པ་བྱས་པའི་ཁྱད་གཞིར་བརྗོད་པར་བྱེད་པའི་སྒྲ་ཡིན་པའི་ཕྱིར།དེར་ཐལ།སྒྲ་མི་རྟག་ཅེས་བརྗོད་པའི་སྒྲ་དེ༑སྒྲ་སྒྲའི་མི་རྟག་པའི་ཁྱད་གཞིར་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ཟེར་ན་ཡང་མ་ཁྱབ།འདོད་མི་ནུས་སོ།།ཁ་ཅིག།དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་ཚིག་རྣམས་བདེན་བཞི་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་པར་ཐལ།འགྲེལ་བ་ལས།ཆོས་བརྗོད་པས་ཐམས་ཅད་དུ་བརྗོད་པ་ནི།ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།གཞུང་དེས་བདེན་བཞིའི་ཁྱད་ཆོས་བརྗོད་པའི་སྒོ་ནས་བདེན་བཞི་བརྗོད་ཅེས་པའི་དོན་ཡིན་པའི་ཕྱིར།ཁ་ཅིག།དམིགས་རྣམ་ལྷག་མ་རྣམས་སྟོན་པའི་གཞུང་ཚིག་རྣམ་བདེན་བཞི་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་ཡིན་པར་ཐལ།འགྲེལ་པ་ལས།ལུགས་ལས་འབྱུང་བའི་ཕྱིར་རོ།།ཞེས་དཔལ་ལྡན་ཆོས་ཀྱི་གྲགས་པའི་ལུགས་ལས་འབྱུང་བར་གསུངས་བ་གང་ཞིག།དཔལ་ལྡན་ཆོས་ཀྱི་གྲགས་པས།དེ་སྤྱི་ཡན་ལག་ཏུ་བྱས་ཏེ།ཞེས་སོགས་རྣམས་ཀྱིས་ཆོས་བརྗོད་པའི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཀྱི་རྣམ་གཞག་བསྟན་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།རིགས་མཐུན་གྱི་དཔེའི་སྒོ་ནས་སྒྲུབ་པའི་དོན་ཡིན་པའི་ཕྱིར།།༈།།གཞི་དང་དེ་ཡི་གཉེན་པོ་ཡིས།།གཟུང་བར་རྟོག་པ་རྣམ་པ་གཉིས།།ཞེས་སོགས་ཀྱི་སྐབས་སུ།སྐབས་འདིར་དངོས་སུ་བསྟན་པའི་སྤང་བྱ་རྟོག་པ་ཆོས་ཅན།ཁྱོད་ལ་དུ་མ་ཡོད་དེ།ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་ཡོད་པའི་ཕྱིར།[21A]འདིའི་སྐབས་སུ་དགག་བཞག་སྤང་གསུམ་ལས།དང་པོ་ལ་ཁ་ཅིག།ཡུལ་ལ་རྩིང་བའི་རྣམ་བས་འཇུག་པའི་རིག་པ་ལ་རྟོག་པས་ཁྱབ་པ་དང༌།ཡུལ་ལ་ཞིབ་པའི་རྣམ་བས་འཇུག་པའི་རིག་པ་ལ་དཔྱོད་པས་ཁྱབ་པ་ཡིན་ཟེར་ན།དང་པོ་ལ།ཁྱི་རྒན་རྒྱ་བོའི་རྒྱུད་ཀྱི་སྔོན་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དབང་ཤེས་ཡིན་པའི་ཕྱིར།ཁ་ཅིག།ཁམས་གསུམ་གང་རུང་གི་སས་བསྡུས་པའི་སེམས་སེམས་བྱུང་གང་རུང་ལ་རྟོག་པས་ཁྱབ་ཟེར་ན།འདོད་པའི་སས་བསྡུས་ཀྱི་མིག་གི་རྣམ་པར་ཤེས་པ་ཆོས་ཅན༑དེར་ཐལ།དེའི་ཕྱིར།དེར་ཐལ།འདོད་པའི་སས་བསྡུས་ཀྱི་སེམས་ཡིན་པའི་ཕྱིར།དེར་ཐལ།འདོད་པའི་སས་བསྡུས་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དབང་ཤེས་ཡིན་པའི་ཕྱིར།ཁ་ཅིག།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གཉིས་ཀྱི་ཁྱད་པར་དེ།གཟུང་བ་ལ་དམིགས་པའི་རྟོག་པ་ལ་སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་དང༌།འཛིན་པ་ལ་དམིགས་པའི་རྟོག་པ་ལ་སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་འཛིན་རྟོག་ཏུ་བྱེད་པ་ཡིན་ཟེར་ན།འོ་ན།གཟུང་བ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་མི་འཛིན་ཞིང་སྤྱིར་དེ་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་ཡིན་པར་ཐལ།གཟུང་བ་ལ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།དེ་ཆོས་ཅན།རང་གི་དམིགས་ཡུལ་དུ་གྱུར་པའི་གཟུང་བའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མི་འཛིན་ཅིང༌།སྤྱིར་དེ་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་འཛིན་རྟོག་ཡིན་པར་ཐལ།འཛིན་པ་ལ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།རང་གི་དམིགས་ཡུལ་དུ་གྱུར་བའི་འཛིན་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་[21B]བདེན་འཛིན་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།སྐབས་འདིར་བསྟན་པའི་རྟོག་པ་ལ་སྦང་བྱས་ཁྱབ་ཟེར་ན་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་གི་དམིགས་ཡུལ་དུ་གྱུར་བའི་མཐོང་ལམ་དུ་གྱུར་པའི་རྟོག་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་གི་དམིགས་ཡུལ་དུ་གྱུར་བའི་མཐོང་ལམ་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།བླང་བྱ་ཡིན་པའི་ཕྱིར།ཁ་ཅིག།སྐབས་འདིར་བསྟན་སྤང་བྱ་རྟོག་པ་ཡིན་ན།ཤེས་སྒྲིབ་ཡིན་པས་ཁྱབ་ཟེར་ན།གང་ཟག་གི་བདག་འཛིན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།སྐབས་འདིར་བསྟན་པ་གང་ཞིག།སྤང་བྱ་རྟོག་པ་ཡིན་པའི་ཕྱིར།དང་པོ་དེར་ཐལ།གང་ཟག་གི་བདག་འཛིན་དང་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ཐེག་ཆེན་གྱི་སྦྱོར་ལམ་དེ།དམིགས་པ་དང་ནི་རྣམ་པ་དང༌།ཞེས་པའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར།དེར་ཐལ།ཐེག་ཆེན་གྱི་སྦྱོར་ལམ་དེ་རྣམ་པ་གཞན་གྱི་སྒོ་ནས་ཀྱང༌༈དམིགས་པ་བདེན་བཞི་ལ་དམིགས་པར་གསུངས་པའི་ཕྱིར།འདོད་ན།མི་འཐད་པར་ཐལ།ཉོན་སྒྲིབ་ཡིན་པའི་ཕྱིར།དེར་ཐལ།བདགའཛིན་ཡིན་པའི་ཕྱིར།ཁ་ཅིག།སྐབས་འདིར་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་ཡིན་ན།གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་ཟེར་ན།གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།དེ་དང་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ཐེག་ཆེན་གྱི་སྦྱོར་ལམ་དེ།དམིགས་པ་དང་ནི་རྣམ་པ་དང༌།ཞེས་པའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།གཟུང་རྟོག་དང་འཛིན་རྟོག་གང་རུང་ལ་སྤང་བྱ་རྟོག་པས་ཁྱབ་ཟེར་ན།གཟུང་བ་འཛིན་པའི་རྟོག་པ་ཆོས་ཅན།སྤང་བྱ་རྟོག་པ་ཡིན་པར་ཐལ།དེ་གང་རུང་ཡིན་པའི་ཕྱིར།དེར་ཐལ།གཟུང་རྟོག་ཡིན་པའི་ཕྱིར།དེར་ཐལ།སྒྲུབ་པ་འཛིན་པའི་རྟོག་པ་སྒྲུབ་རྟོག་དང་དགག་བ་འཛིན་པའི་རྟོག་པ་དགག་རྟོག་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།འཛིན་སྟངས་དོན་མཐུན་ཡིན་པའི་ཕྱིར།མ་གྲུབ་ན།གཟུང་[22A]བ་ཆོས་ཅན།ཁྱོད་འཛིན་རྟོག་པ་འཛིན་སྟངས་དོན་མཐུན་ཡིན་པར་ཐལ།ཁྱོད་གཞི་གྲུབ་པའི་ཕྱིར།ཁ་ཅིག།རྟོག་པ་ཀུན་བཏགས་ཡིན་ན།སྤང་བྱ་རྟོག་པ་ཡིན་པས་ཁྱབ་ཟེར་ན།བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་མྱུ་གུ་བདེན་སྟོང་བསྒྱུ་མ་ལྟ་བུར་རྟོགས་པའི་རྟོག་པ་ཆོས་ཅན༑དེར་ཐལ།དེའི་ཕྱིར།རྟགས་གསལ་ཆོས་ཅན་གྱིས་སྒྲུབ།ཁ་ཅིག།སྐབས་འདིར་བསྟན་སྤང་བྱ་རྟོག་པ་ཡིན་ན།རྟོག་པ་ཀུན་བཏགས་ཡིན་པས་ཁྱབ་ཟེར་ན།ཤེས་སྒྲིབ་གཟུང་རྟོག་ལྷན་སྐྱེས་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།སྐབས་འདིར་བསྟན་པའི་སྤང་བྱ་རྟོག་པའི་ས་བོན་སྐབས་ལྔ་པར་མཐོང་ལམ་རྩེ་སྦྱོར་དང་སྒོམ་ལམ་རྩེ་སྦྱོར་གྱི་སྐབས་སུ་སྤོང་ཚུལ་རྒྱས་པར་བཤད་པའི་ཕྱིར།འདོད་མི་ནུས་ཏེ།རྟོག་པ་ལྷན་སྐྱེས་ཡིན་པའི་ཕྱིར།ཁ་ཅིག།གཟུང་བའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་སྐབས་འདིར་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད་ཟེར་ན།གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།རྟགས་གསལ་སླ།ཁ་ཅིག།དེ་འདྲ་བ་དེ་སྐབས་འདིར་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད་ཟེར་ན།ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བའི་བདེན་འཛིན་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་གཟུང་བའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།འདོད་ན།ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་འཛིན་པའི་རྟོག་པ་དེ་གཟུང་བ་འཛིན་པའི་རྟོག་པ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།སྒྲ་རྟོག་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར།ཁ་ཅིག།རང་གི་དམིགས་ཡུལ་དུ་གྱུར་བའི་གཟུང་བའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན།སྐབས་འདིར་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་བའི་ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད་ཟེར་བ་དང༌།ཤས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གཉིས་འགལ་ཟེར་ན།མ་རིག་པ་ལ་[22B]དམིགས་ནས་ལོངས་སྤྱོད་བྱ་སྤྱོད་བྱེད་གཉིས་ཀར་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་མ་རིག་པ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཤེས་སྒྲིབ་འཛིན་རྟོག་ཡིན་པའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་འཛིན་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་བོར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།ཁྱབ་པ་ཁས།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་བའི་མ་རིག་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།མ་རིག་པ་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀ་ཡིན་པའི་ཕྱིར།མ་གྲུབ་ན།མ་རིག་པ་ཆོས་ཅན།ཁྱོད་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀ་ཡིན་པར་ཐལ༑ཁྱོད་ཤེས་པ་ཡིན་པའི་ཕྱིར།ཁ་ཅིག།ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་གི་མཚན་ཉིད་ཟེར་ན།མ་རིག་པ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་བའི་ཉོན་མོངས་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།འདོད་ན༑མ་རིག་བ་འཛིན་པའི་རྟོག་པ་དེ།ཀུན་ནས་ཉོན་མོངས་ཀྱི་ཆོས་འཛིན་པའི་རྟོག་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།སྒྲ་རྟོག་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར།ཁ་ཅིག།རང་གི་དམིགས་ཡུལ་དུ་གྱུར་པའི་ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་བར་འཛིན་པའི་བདེན་འཛིན་སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་གི་མཚན་ཉིད་ཟེར་ན།ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཟས་བཅས་ཉེར་ལེན་གྱི་གཟུགས་ཕུང་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་[23A]དེའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་བའི་ཉོན་མོངས་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།ཁྱབ་སྟེ།དེའི་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་དེ་ཉོན་མོངས་ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།ཉོན་མོངས་ཕྱོགས་ཀྱི་ཆོས་ཡིན་པར་ཐལ།སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།དེའི་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་དེ་ཀུན་ནས་ཉོན་མོངས་ཀྱི་ཆོས་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།དེའི་རྒྱུད་ལ་ཉོན་མོངས་ཡོད་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་སོ།ཁ་ཅིག།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་འགལ་ལོ་ཟེར་ན།བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་དངོས་གཞི་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་མ་ཡིན་པར་ཐལ།ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ཡིན་བའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།ཁྱབ་སྟེ།དེའི་དམིགས་ཡུལ་དུ་གྱུར་བའི་རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་དངོས་གཞི་དེ་རྣམ་བྱང་ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།ཁྱོད་རྣམ་བྱང་ཕྱོགས་ཀྱི་ཆོས་ཡིན་པར་ཐལ།བསམ་གཏན་གྱི་དངོས་གཞི་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཡིན་པའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་ཉོན་མོངས་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།ཁྱབ་སྟེ།དེའི་དམིགས་ཡུལ་དུ་གྱུར་བའི་རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་དངོས་གཞི་དེ་ཉོན་མོངས་ཕྱོགས་ཀྱི་ཆོས་ཡིན་པའི་ཕྱིར།དེར་ཐལ།དེ་ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།[23B]ཀུན་བྱང་གཉིས་ཀ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་མ་ཡིན་པར་ཐལ།ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ཡིན་པའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་བའི་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁྱབ་སྟེ།སློབ་དཔོན་འཕགས་པ་གྲོལ་སྡེས་གཞི་དང་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དེ་ཀུན་བྱང་གཉིས་ཀའི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པར་ཁས་བླངས་པ་ལ།སློབ་དཔོན་སེང་གེ་བཟང་པོས་གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དེའི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་ཡོད་པ་བཀག་པ་ཡིན་གྱི།སྤྱིར་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་ཡོད་པ་ལ་དགག་པ་མ་མཛད་པའི་ཕྱིར།འདོད་མི་ནུས་ཏེ།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཡིན་པའི་ཕྱིར།མ་གྲུབ་ན།སྒྲུབ་ཚུལ་རིགས་འགྲེ།ཁ་ཅིག་དེ་མེད་ཟེར་ན།དེ་ཡོད་པར་ཐལ།ཀུན་བྱང༌༈གཉིས་ཀ་ལོངས་སྤྱོད་བྱ་ཡིན་པ་གང་ཞིག།དེ་གཉིས་བདེན་པར་འཛིན་པའི་བདེན་འཛིན་ཡོད་པའི་ཕྱིར།དང་པོ་དེར་ཐལ།དེ་གཉིས་གཞི་གྲུབ་པའི་ཕྱིར།ཕྱི་མ་དེར་ཐལ།སྲིད་ཞི་བདེན་པར་འཛིན་པའི་བདེན་འཛིན་ཡོད་པའི་ཕྱིར།དེར་ཐལ།སྲིད་ཞི་བདེན་མེད་དུ་རྟོགས་པའི་ཡེ་ཤེས་དང་སྲིད་ཞི་བདེན་པར་འཛིན་པའི་བདེན་འཛིན་གཉིས་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར།མ་གྲུབ་ན།སྲིད་ཞི་གཉིས་ཆོས་ཅན།ཁྱོད་བདེན་མེད་དུ་རྟོགས་པའི་ཡེ་ཤེས་དང་ཁྱོད་བདེན་པར་འཛིན་པའི་བདེན་འཛིན་གཉིས་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པར་ཐལ།ཁྱོད་གཞི་གྲུབ་པའི་ཕྱིར།ཁ་ཅིག།སློབ་དཔོན་འཕགས་པ་གྲོལ་སྡེས་གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་གཟུང་རྟོག་དང་པོ་ལ།དེ་ཡི་གཉེན་པོ་ཡིན་ཞེས་པའི་སྐབས་ནས་དངོས་བསྟན་གྱི་གཟུང་རྟོག་གཉིས་པ་ཡིན་པས་ཁྱབ།དེ་ཡི་གཉེན་པོ་ཡིས་ཞེས་པའི་སྐབས་ནས་དངོས་བསྟན་གྱི་གཟུང་རྟོག་གཉིས་པ་ལ་རྣམ་བྱང་གཟུང་རྟོག་ཁོ་ན།[24A]ཡིན་པས་ཁྱབ།ཉོན་མོངས་གཟུང་རྟོག་ལ་རྣམ་བྱང་གཟུང་རྟོག་གིས་ཁྱབ་པར་བཞེད་པས་འགལ་བ་ཡིན་ཟེར་ན།དེ་མི་འཐད་པར་ཐལ།དེ་སྒྲིབ་གཉིས་ཀུན་བཏགས་སྤངས་པའི་གང་ཟག་ཡིན་པ་གང་ཞིག།སྒྲིབ་གཉིས་ཀུན་བཏགས་སྤངས་པའི་གང་ཟག་རགས་པའི་གནས་དེ་ལྟ་བུ་ལ་འཁྲུལ་པ་མི་སྲིད་པའི་ཕྱིར།དང་པོ་དེར་ཐལ།དེ་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་ཐོབ་མྱོང་ཡིན་པའི་ཕྱིར།དེར་ཐལ།དེ་ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར།ཁ་ཅིག་མ་ཁྱབ་ཟེར།རྟགས་དེར་ཐལ།དེ་འཕགས་པ་ཡིན་པའི་ཕྱིར།དེར་ཐལ།འགྲེལ་པ་ལས།འཕགས་པའི་ཁོངས་སུ་གཏོགས་པ་ཡི།།ཞེས་གསུངས་པའི་ཕྱིར།མ་ཁྱབ་མཚམས་ལ།ཉི་ཁྲི་སྣང་བ་དེ་འཕགས་པ་གྲོལ་སྡེས་མཛད་པའི་བསྟན་འཆོས་མ་ཡིན་པར་ཐལ།དེ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་ཡིན་པ་གང་ཞིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཉམ་པར་བཞག་བཞིན་དུ་ཉི་ཁྲི་སྣང་བ་རྩོམ་མི་ནུས་པའི་ཕྱིར།ཕྱི་མ་དེར་ཐལ།སློབ་ལམ་ན་མཉམ་རྗེས་ངོ་བོ་གཅིག་ཏུ་མ་གྲུབ་པའི་ཕྱིར།དང་པོ་དེར་ཐལ།དེ་ཐེག་ཆེན་འཕགས་པ་ཡིན་པ་གང་ཞིག།དེ་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་ཐོབ་མ་མྱོང་བའི་གང་ཟག་ཡིན་པའི་ཕྱིར།འཁོར་གསུམ།རྩ་བར་འདོད་ན།དེ་མཛད་པ་པོ་མེད་པར་ཐལ་ལོ།ཁ་ཅིག།སློབ་དཔོན་འཕགས་པ་གྲོལ་སྡེ་དེས་གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང༌།དེ་ཡི་གཉེན་པོ་ཡིས་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་གཉིས་མི་འགལ་བར་བཞེད་པ་ཡིན་ཟེར་ན།དེ་མི་འཐད་པར་ཐལ།དེས་དེ་གཉིས་འགལ་བར་བཞེད་བའི་ཕྱིར།དེར་ཐལ།གཞི་དང་ཞས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དེ་ཀུན་བྱང་གཉིས་ཀའི་ཆོས་ལ་དམིགས་པ་དང༌།དེ་ཡི་གཉེན་པོ་ཡིས་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་དེ་རྣམ་བྱང་ཕྱོགས་ཀྱི་ཆོས་ཁོ་ན་ལ་དམིགས་པས་ཁྱབ་པར་བཞེད་པའི་ཕྱིར།དེར་ཐལ།ཉི་ཁྲི་སྣང་བ་ལས།གཉིས་པ་ཁོ་ན་ཡིན་གྱི་དང་པོ་མ་ཡིན་པ་ནི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་རྣམ་པར་བྱང་བ་ཙམ་ལ་བརྟེན་པ་བཞིན་ནོ།།ཞེས་གསུངས་པའི་ཕྱིར།ཁ་ཅིག།[24B]སློབ་དཔོན་འཕགས་པས་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་འགལ་བར་བཞེད་པ་ཡིན་ཟེར་ན།དེ་མི་འཐད་པར་ཐལ།དེ་གཉིས་མི་འགལ་བར་བཞེད་པའི་ཕྱིར།དེར་ཐལ།གཞེ་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དེ།གཟུང་རྟོག་གཉིས་པ་རྣམ་བྱང་གཟུང་རྟོག་ཏུ་བཞེད་པའི་ཕྱིར།དེར་ཐལ།དེ་ལ་གཟུང་རྟོག་གཉིས་པ་རྣམ་བྱང་གཟུང་རྟོག་གིས་ཁྱབ་པར་བཞེད་པའི་ཕྱིར།དེར་ཐལ།ཉི་ཁྲི་སྣང་བ་ལས།གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་ནི་གཉིས་པའང་ཡིན་ནོ།།ཞེས་གསུངས་པའི་ཕྱིར།ཁ་ཅིག།ཉན་ཐོས་ཀྱི་ལམ་འབྲས་ལ་དམིགས་ནས་བྱང་སེམས་ལམ་གྱི་ལྡོག་བྱར་བདེན་པར་འཛིན་པའི་བདེན་འཛིན་དེ་ཤེས་སྒྲིབ་གཟུང་རྟོག་མ་ཡིན་ཟེར་ན།དེ་མི་འཐད་པར་ཐལ།དེ་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ཡིན་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ཡིན་པར་ཐལ།རང་གི་དམིགས་ཡུལ་དུ་གྱུར་བའི་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ཡུལ་དུ་བདེན་པར་ཞེན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་བྱང་སེམས་ལམ་གྱི་ལྡོག་བྱའི་ཡུལ་དུ་བདེན་པར་ཞེན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།གཞན་ཡང༌།དེ་ཤེས་སྒྲིབ་གཟུང་རྟོག་ཡིན་པར་ཐལ།དེ་ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཡིན་པའི་ཕྱིར།དེར་ཐལ་ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཡོད་པ་གང་ཞིག།ཤེས་སྒྲིབ་ལྡོག་པ་གཟུང་རྟོག་གི་དམིགས་ཡུལ་ཡིན་ན་ལྡོག་བྱའི་ཆོས་ཡིན་བས་མ་ཁྱབ་པའི་ཕྱིར།དེར་ཐལ།མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་ན་མི་མཐུན་ཕྱོགས་ཡིན་མི་དགོས་པའི་ཕྱིར།རྩ་རྟགས་དང་པོ་དེར་ཐལ།ཤེས་སྒྲིབ་འཇུག་པ་གཟུང་རྟོགཡོད་པའི་ཕྱིར།དེར་ཐལ།སྐབས་ལྔ་བའི་སྐབས་ནས་བསྟན་པའི་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་ཡོད་པའི་ཕྱིར།ཁ་ཅིག།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གཉིས་པོ་དེ་འཛིན་སྟངས་མི་མཐུན་པའི་སྒོ་ནས་འཇོག་པ་ཡིན་ཟེར་ན།འོ་ན།ཐེག་ཆེན་[25A]མཐོང་ལམ་བར་ཆད་མེད་ལམ་གཅིག་ཉིད་ལ་འཛིན་སྟངས་མི་མཐུན་པ་དུ་མ་ཡོད་པར་ཐལ།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་འཛིན་རྟོག་གཟུང་རྟོག་གཉིས་དང་ཐེག་ཆེན་མཐོང་ལམ་པར་ཆད་མེད་ལམ་གཉིས་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པ་གང་ཞིག།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཡིན་ན་གཉིས་སྣང་ནུབ་པའི་སྒོ་ནས་ཆོས་ཐམས་ཅད་བདེན་མེད་དུ་རྩེ་གཅིག་ཏུ་རྟོགས་བས་ཁྱབ་པའི་ཕྱིར།རྟགས་འབུད།ཁ་ཅིག།བུམ་པ་མི་རྟག་པར་བདེན་བར་འཛིན་པའི་བདེན་འཛིན་དེས་བུམ་པ་མི་རྟག་བར་ཞེན་པ་ཡིན་ཟེར་ན།འོ་ན།དེས་བུམ་པ་མི་རྟག་པར་འཛིན་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།བུམ་པ་བདེན་མེད་དུ་བདེན་པར་འཛིན་པའི་བདེན་འཛིན་དེས།བུམ་པ་བདེན་མེད་དུ་འཛིན་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཁྱོད་ཀྱིས་བུམ་པ་བདེན་མེད་དུ་མི་འཛིན་པར་ཐལ།ཁྱོད་བདེན་འཛིན་ཡིན་པའི་ཕྱིར།ཁ་ཅིག།སྐབས་འདིར་བསྟན་པའི་སྤང་བྱ་རྟོག་པ་ལ་དགག་རྟོག་གིས་ཁྱབ་ཟེར་བ་དང༌།ཁ་ཅིག་དེ་ལ་སྒྲུབ་རྟོག་གིས་ཁྱབ་ཟེར་ན།དང་པོ་ལ།ཐེག་ཆེན་གྱི་མཐོང་ལམ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་བར་འཛིན་པའི་བདེན་འཛིན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།སྐབས་འདིར་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར།དེར་ཐལ།ཤེས་སྒྲིབ་གཟུང་རྟོག་གི་དམིགས་ཡུལ་དུ་གྱུར་བའི་ཐེག་ཆེན་གྱི་མཐོང་ལམ་ཅིག་ཡོད་པའི་ཕྱིར།དེར་ཐལ།ཤེས་སྒྲིབ་གཟུང་རྟོག་དེ་ལ་དམིགས་ཡུལ་གྱི་སྒོ་ནས་དབྱེ་བ་དགུ་ཡོད་པའི་ཕྱིར།འདོད་ན།ཐེག་ཆེན་གྱི་མཐོང་ལམ་དགག་པར་ཐལ་ལོ།ཕྱི་མ་ལ།སྟོང་ཉིད་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།སྟོང་ཉིད་སྒྲུབ་པ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གཉིས་པོ་དེ་ལ་ཡུལ་གྱི་སྒོ་ནས་དབྱེ་བ་དགུ་ཡོད་ཟེར་ན།དེ་གཉིས་ཀྱི་ཡུལ་ཡོད་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།དེ་གཉིས་ཀྱི་ཞེན་ཡུལ་ཡོད་པར་ཐལ།འདོད་པའི་ཕྱིར།འདོད་མི་[25B]ནུས་ཏེ།དེ་གཉིས་རང་གི་ཞེན་ཡུལ་ལ་འཁྲུལ་བའི་ལོ་ཤེས་ཡིན་པའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ།རང་གི་དམིགས་ཡུལ་དུ་གྱུར་པའི་ཆོས་ཅན་ཆོད་གྲུབ་པ་ལ་དམིགས་ནས་བདེན་པར་འཛིན་པའི་བདེན་འཛིན།སྐབས་འདིར་དངོས་སུ་བསྟན་པའི་སྤང་བྱ་རྟོག་བའི་མཚན་ཉིད།དེ་ལ་དེར་གྱུར་པའི་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་ཡོད།རང་གི་དམིགས་ཡུལ་དུ་གྱུར་པའི་གཟུང་བའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་བདེན་འཛིན་སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད།དེ་ལ་དེར་གྱུར་པའི་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་ཡོད།རང་གི་དམིགས་ཡུལ་དུ་གྱུར་པའི་ཉོན་མོངས་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་བདེན་འཛིན།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་གི་མཚན་ཉིད།རང་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་ཞེན་པའི་བདེན་འཛིན།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་གི་མཚན་ཉིད།དེ་གཉིས་ཀ་ལ་དམིགས་ཡུལ་གྱི་སྒོ་ནས་ཕྱེ་བ་དགུ་དགུ་ཡོད།སྐབས་འདིར་དངོས་སུ་བསྟན་པའི་སྤང་བྱ་རྟོག་པ་དེ་ལ་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིར་གྲངས་ངེས་པའི་རྒྱུ་མཚན་ཡོད་དེ།དེའི་དམིགས་ཡུལ་ལ་གཟུང་འཛིན་གྱི་ཆོས་རྣམ་པ་བཞིར་གྲངས་ངེས་པའི་ཕྱིར།གོ་རིམ་དེ་ལྟར་སྟོན་པའི་རྒྱུ་མཚན་ཡོད་དེ།ཡུལ་ཡུལ་ཅན་གྱི་གོ་རིམ་དང་མཐུན་པར་བསྟན་པའི་ཕྱིར།འགྲེལ་པ་ཆེ་ཆུང་གཉི་དང་ཉི་ཁྲི་སྣང་བ་དེ་དག་གིས་གཞི་དང་དེའི་གཉེན་པོ་ཡིས།ཞེས་བའི་དོན་འཆད་ཚུལ་གྱི་ཁྱད་པར་ཡོད་དེ།ཉི་ཁྲི་སྣང་བའི་ལུགས་ལ་གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ལ་ཀུན་བྱང་གཉིས་ཀའི་ཆོས་ལ་དམིགས་པས་ཁྱབ་པ་དང༌།དེ་ཡི་གཉེན་པོ་ཡིས།ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་རྣམ་བྱང་གཟུང་རྟོགལ་རྣམ་བྱང་ཕྱོགས་ཀྱི་ཆོས་ཁོ་ན་ལ་དམིགས་པས་ཁྱབ་པར་བཞེད།འགྲེལ་བ་ཆེ་ཆུང་གཉིས་ཀྱི་ལུགས་ལ།གཞི་དང་ཞེས་བའི་སྐབས་ནས་དངས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ལ་ཉོན་མོངས་ཕྱོགས་ཀྱི་ཆོས་ཁོ་ན་ལ་དམིགས་བས་ཁྱབ་པ་དང༌།དེའི་གཉེན་བོ་ཡིས་ཞིས་པའི་སྐབས་ནས་དངོས་[26A]བསྟན་གྱི་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ལ་རྣམ་བྱང་ཕྱོགས་ཀྱི་ཆོས་ཁོ་ན་ལ་དམིགས་པས་ཁྱབ་པར་བཞེད།དེ་གཉིས་ཀས་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཡིན་ཞིང་རྣམ་བྱང་གཟུང་རྟོག་མ་ཡིན་པ་དང༌།ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ཡིན་ཞིང་ཉོན་མོངས་གཟུང་རྟོག་མ་ཡིན་པ་དང༌།དེ་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པའི་མུ་བཞིར་བཞེད་པའི་ཕྱིར།མདོར་བསྡུ་ན་འགྲེལ་པ་ཆེ་ཆུང་གཉིས་དང༌།ཉི་ཁྲི་སྣང་བ་གཉིས་གཞི་དང་ཞེས་པའི་དངོས་བསྟན་གྱི་ཤེས་སྒྲིབ་གཟུང་རྟོག་དང་པོ་དང་དེའི་གཉེན་པོ་ཡིས་ཞེས་པའི་དངོས་བསྟན་གྱི་གཟུང་རྟོག་གཉིས་པ་གཉིས་འགལ་བར་བཞེད་པར་མཚུངས་ཀྱང༌།དེ་གཉིས་ལ་བཞེད་ཚུལ་མི་འདྲ་བའི་ཁྱད་པར་ཡོད་དེ།གཞི་དང་ཞེས་པའི་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་ཡོད་མེད་ལ་རྩོད་པ་ཡིན་པའི་ཕྱིར།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག།ཡུལ་ལ་རྩིང་བའི་རྣམ་པས་འཇུག་པའི་རིག་པ་ལ་རྟོག་པས་ཁྱབ་པ་དང་ཡུལ་ལ་ཞིབ་པའི་རྣམ་པས་འཇུག་པའི་རིག་པ་ལ་དཔྱོད་པས་ཁྱབ་པར་ཐལ།མཛོད་ལས།རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད།།ཅེས་གསུངས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།ཡུལ་ལ་རྩིང་བའི་རྣམ་པས་འཇུག་པའི་རིག་པ་ལ་རྟོག་པའི་མིང་གིས་བསྟན་པ་ཙམ་ཡིན་པའི་ཕྱིར།དེ་ལྟར་མ་ཡིན་ན་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་ཡང་དག་པའི་རྟོག་པ་ལ་རྟོག་པས་ཁྱབ་པར་ཐལ།ཡུལ་ལ་རྩིང་བའི་རྣམ་པས་འཇུག་པའི་དབང་དུ་བྱས་པའི་རྟོག་པ་ལ་རྟོག་པས་ཁྱབ་པའི་ཕྱིར།འདོད་ན།འོག་ཏུ་འགོག་པར་བྱེད།ཁ་ཅིག།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་འཛིན་རྟོག་གཉིས་པོ་དེ་འཇོག་ཚུལ་ཅིག་མེད་པར་ཐལ།དེ་གཉིས་འཛིན་སྟངས་མི་མཐུན་པའི་སྒོ་ནས་ཀྱང་མི་འཇོག།དམིགས་ཡུལ་གྱི་སྒོ་ནས་ཀྱང་མི་འཇོག་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།དེ་གཉིས་གཟུང་འཛིན་གྱི་ཆོས་ལ་དམིགས་པར་འཇོག་ཚུལ་གྱི་སྒོ་ནས་འཇོག་པའི་ཕྱིར།དེར་ཐལ།ཤེས་སྒྲིབ་གཟུང་རྟོག་དེ་རང་གི་དམིགས་ཡུལ་དུ་གྱུར་པའི་གཟུང་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་དང༌།ཤེས་སྒྲིབ་འཛིན་རྟོག་དེ་[26B]རང་གི་དམིགས་ཡུལ་དུ་གྱུར་པའི་འཛིན་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།རྩ་བར།གཟུང་བར་རྟོག་པ་རྣམ་པ་གཉིས།ཞེས་པ་དང༌།འགྲེལ་པར།འཛིན་པར་རྣམ་པར་རྟོག་པ་ཞེས་གསུངས་པའི་ཕྱིར།ཁ་ཅིག།ཀ་བུམ་གཉིས་ཀ་འཛིན་པའི་རྟོག་པ་དེ་བུམ་འཛིན་རྟོག་པ་དང༌།ཀ་འཛིན་རྟོག་པ་གཉིས་ཀ་ཡིན་པར་ཐལ།ཀུན་བྱང་གཉིས་ཀ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་དེས་ཀུན་བྱང་གཉིས་ཀ་ལ་དམིགས་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་ཏེ།སྒྲ་རྟོག་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར་ཟེར་ན།འོ་ན་གསལ་བ་ཁྱོད་རང་གི་དེར་ཐལ།ཀུན་བྱང་གཉིས་ཀ་བདེན་མེད་དུ་རྟོགས་པའི་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་སྦྱོར་ལམ་དེ་ཀུན་བྱང་གཉིས་ཀ་ལ་དམིགས་པའི་རྟོག་པ་ཡིན་པའི་ཕྱིར།འཁོར་གསུམ།གལ་ཏེ་མ་གྲུབ་ན།དེར་ཐལ།དེས་ཀུན་བྱང་གཉིས་ཀ་ལ་དམིགས་པའི་ཕྱིར།དེར་ཐལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་དེ་གཉིས་ཀ་ལ་དམིགས་པའི་ཕྱིར།དེར་ཐལ།དེས་ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར།དེར་ཐལ།དམིགས་པ་ཆོས་རྣམས་ཐམས་ཅད་དེ།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།དགག་སྒྲུབ་གཉིས་ཀ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་དེ།དགག་རྟོག་དང་སྒྲུབ་རྟོག་གཉིས་ཀ་ཡིན་པར་ཐལ།དེས་དགག་སྒྲུབ་གཉིས་ཀ་ལ་དམིགས་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་ཏེ།དེ་གཉིས་འགལ་བའི་ཕྱིར་ཟེར་ན།དགག་པ་ཡང་བདེན་མེད་དུ་རྟོགས།སྒྲུབ་པ་ཡང་བདེན་མེད་དུ་རྟོགས་པའི་རྗེས་དཔག་ཚད་མ་དེ།དགགརྟོག་དང་སྒྲུབ་རྟོག་གཉིས་ཀ་ཡིན་པར་ཐལ།དེས་དགག་སྒྲུབ་གཉིས་ཀ་ལ་དམིགས་པའི་ཕྱིར།འཁོར་གསུམ།གལ་ཏེ་འདོད་ན།དེ་འདྲ་བའི་རྗེས་དཔག་ཚད་མ་ཆོས་ཅན།རང་ཡུལ་ལ་སྒྲུབ་པའི་རྣམ་པ་ཤར་ནས་འཛིན་པའི་ཞེན་རིག་ཡིན་པར་ཐལ།སྒྲུབ་རྟོག་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དེས་སྒྲུབ་པའི་རྣམ་པར་ཤར་ནས་བཟུང་བའི་ཆོས་མེད་པའི་ཕྱིར།ཁ་ཅིག།བུམ་པ་རྟག་མི་རྟག་གཉིས་ཀར་འཛིན་པའི་རྟོག་པ་དེ་བུམ་པ་མི་རྟག་པར་འཛིན་པའི་རྟོག་པ་དང༌།བུམ་པ་རྟག་པར་འཛིན་པའི་རྟོག་པ་གཉིས་ཀ་ཡིན་པར་ཐལ།མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀར་བདེན་པར་འཛིན་པའི་[27A]བདེན་འཛིན་དེ།མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་འཛིན་པའི་བདེན་འཛིན་དང༌།མ་རིག་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་གཉིས་ཀ་ཡིན་པའི་ཕྱིར་ཟེར་ན།མ་ཁྱབ།འདོད་ན།དེ་ཆོས་ཅན།བུམ་པ་རྟག་པར་འཛིན་པའི་རྟོག་པ་མ་ཡིན་པར་ཐལ།བུམ་པ་རྟག་པར་འཛིན་པའི་རྟོག་པ་དང་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར།དེར་ཐལ།བུམ་པ་མི་རྟག་པར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་ཟེར་ན།བུམ་པ་རྟག་མི་རྟག་གཉིས་ཀར་འཛིན་པའི་ཤེས་པ་ཡིན་པ་ཡོད་པར་ཐལ།མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀར་འཛིན་པའི་ཤེས་པ་ཡིན་པ་ཡོད་པའི་ཕྱིར།འཁོར་གསུམ།གལ་ཏེ་མ་གྲུབ་ན།དེར་ཐལ།མ་རིག་པ་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀར་འཛིན་པའི་ཤེས་པ་ལྷན་སྐྱེས་ཅིག་ཡོད་པའི་ཕྱིར།དེར་ཐལ།དེ་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀ་ཡིན་པར་རྟོགས་པའི་གང་ཟག་ཅིག་ཡོད་པའི་ཕྱིར།དེར་ཐལ།དེ་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀ་ཡིན་པའི་ཕྱིར།མ་ཁྱབ་ན།འཁོར་གསུམ།ཁོ་ན་རེ།བུམ་པ་རྟག་མི་རྟག་གཉིས་ཀར་འཛིན་པའི་ཤེས་པ་ཡིན་པ་ཡོད་པར་ཐལ།བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀར་ལྟ་པའི་ལུང་མ་བསྟན་གྱི་ལྟ་ངན་ཡོད་པའི་ཕྱིར།དེར་ཐལ།སྔོན་གྱི་མཐའ་ལ་བརྟེན་པའི་ལུང་མ་བསྟན་གྱི་ལྟ་ངན་བཞི་ཡོད་པའི་ཕྱིར་ཟེར་ན།མ་ཁྱབ།དེའི་དོན་འོག་ཏུ་འཆད་དོ།།འདོད་ན།བཀག་ཟིན།ཁ་ཅིག།མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་འཛིན་པའི་བདེན་འཛིན་དེ།མ་རིག་པ་ལ་དམིགས་ནས་ལོངས་སྦྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པར་ཐལ།མ་རིག་པ་ལོངས་སྤྱད་པ་པོར་བདེན་པར་གྲུབ་པ་དེ་མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་འཛིན་པའི་བདེན་འཛིན་གྱི་ཞེན་ཡུལ་ཡིན་པའི་ཕྱིར།དེར་ཐལ།དེ་མ་རིག་པ་ལ་དམིགས་ནས་ལོངས་སྦྱད་བྱ་སྤྱོད་བྱེད་གཉིས་ཀར་བདེན་པར་འཛིན་པའི་བདེན་འཛིན་གྱི་ཞེན་ཡུལ་ཡིན་པའི་ཕྱིར་ཟེར་ན་རེ་ཞིག་མ་ཁྱབ།དེར་ཐལ།མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱ་སྤྱོད་བྱེད་གཉིས་ཀར་བདེན་པར་འཛིན་པའི་བདེན་འཛིན་དེ།མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་འཛིན་པའི་[27B]བདེན་འཛིན་ཡང་ཡིན།ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ཡང་ཡིན་པའི་ཕྱིར།རྩ་བར་འདོད་ན།མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཡིན་ན།མ་རིག་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ཡིན་དགོས་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་གཉིས་སོ་སོར་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར།ཁ་ཅིག།སློབ་དཔོན་འཕགས་པ་གྲོལ་སྡེས་གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་གཟུང་རྟོག་དེ་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་དང༌།ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་དེ་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་ཀའི་གཞི་མཐུན་དང༌།ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ལ་རྣམ་བྱང་ཕྱོགས་ཀྱི་ཆོས་ཁོ་ན་ལ་དམིགས་པས་ཁྱབ་པར་བཞེད་པར་ཐལ།ཉི་ཁྲི་སྣང་བ་ལས།དཔེར་ན།གཟུང་བའི་རྣམ་པར་རྟོག་པ་དང་པོར་གྱུར་པ་དངོས་པོ་ཐམས་ཅད་པ་བཞིན་ནོ།།ཞེས་དང༌།གཉིས་པ་ཁོ་ནར་འགྱུར་གྱི་ཞེས་སོགས་དང༌།གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དེ་དག་གི་དོན་སྔར་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར།ཁ་ཅིག།སློབ་དཔོན་འཕགས་པ་གྲོལ་སྡེས་གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང༌།དེ་ཡི་གཉེན་པོ་ཡིས་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་གཉིས་མི་འགལ་བར་གཞེད་པར་ཐལ།ཉི་ཁྲི་སྣང་བ་ལས།གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དེའི་དོན་ནི།གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ལ།གཟུང་རྟོག་གཉིས་པ་རྣམ་བྱང་གཟུང་རྟོག་གིས་ཁྱབ་ཅེས་པའི་དོན་ཡིན་པའི་ཕྱིར།ཁ་ཅིག།གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་གི་དམིགས་ཡུལ་དུ་གྱུར་བའི་རྣམ་བྱང་ཕྱོགས་ཀྱི་ཆོས་མེད་པར་ཐལ།དེའི་གཉེན་པོ་ཡིས་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་གི་དམིགས་ཡུལ་རྣམས།གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་གི་དམིགས་ཡུལ་གྱི་གཉེན་པོའི་ཕྱོགས་ཡིན་པའི་ཕྱིར།དེར་ཐལ།དེ་ཡི་གཉེན་[28A]པོ་ཡིས།ཞེས་གསུངས་པའི་ཕྱིར།དེ་ལ་སྐྱོན་འཕེན་པ་ལ།ཁ་ཅིག།གཞི་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་གི་དམིགས་ཡུལ་དུ་གྱུར་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་ཡོད་པར་ཐལ།དེའི་དམིགས་ཡུལ་དུ་གྱུར་པའི་ནང་སྟོང་པ་ཉིད་ལ་སོགས་པའི་སྟོང་ཉིད་བཅུ་དྲུག་དང༌།སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཡོད་པའི་ཕྱིར།དེར་ཐལ།དེའི་བཤད་བྱ་རྩ་བའི་མདོ་ལས།གཟུགས་ལ་མི་གནས་ཇི་ལྟར་མི་གནས་ཞེ་ན།ནང་སྟོང་པ་ཉིད་ཀྱི་ཕྱིར་མི་གནས་སོ།།ཞེས་དང་།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན་ནོ།།ཞེས་སོགས་གསུངས་པའི་ཕྱིར།ཞེས་ཟེར།ཁ་ཅིག།ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་འགལ་བར་ཐལ།རྒྱན་སྣང་ལས།གཞན་དག་ན་རེ།ཀུན་ནས་ཉོན་མོངས་པའི་གཞི་ལ་བརྟེན་པ་ནི་དང་པོ་ཡིན་ལ་རྣམ་པར་བྱང་བའི་གཞི་ལ་བརྟེན་པ་ནི་གཉིས་པ་ཡིན་པས་འདི་གཉིས་ཕན་ཚུན་རྣམ་པར་ཆད་པའི་རང་བཞིན་ཡིན་པའི་ཕྱིར།འདི་གཉིས་ནི་ཐ་དང་པ་ཁོ་ན་འོ།།ཞེས་ཟེར།ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དེའི་དོན་ནི།གཞི་དང་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གི་གཞི་མཐུན་ཡོད་པ་བགགས་པ་ཡིན་གྱི།སྤྱིར་དེ་འདྲ་བའི་གཞི་མཐུན་ཡོད་པ་བཀག་པ་མ་ཡིན་པའི་ཕྱིར།ཁ་ཅིག།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གཉིས་ལ་ཡུལ་ཀྱི་སྒོ་ནས་ཕྱེ་བ་དགུ་དགུ་ཡོད་པར་ཐལ།དེ་གཉིས་ཀྱི་ཡུལ་ཡོད་པའི་ཕྱིར།དེར་ཐལ།དེ་གཉིས་ཡུལ་ཅན་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།དེར་ཐལ།ཤེས་པ་ཡིན་པའི་ཕྱིར།།༈།།རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་ལ་མཐའ་དཔྱད་པ་ལ་གསུམ་ལས།དང་པོ་ལ་ཁ་ཅིག།རྫས་འཛིན་ཡིན་ན།ཤེས་པ་ཡིན་པས་ཁྱབ་ཟེར་ན།ཁྱི་རྒྱན་རྒྱ་པོ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་སྐྱེས་བུ་ལྷས་སྦྱིན་ཆོས་ཅན།དེར་ཐལ།དེའི་ཕྱིར།རྟགས་གསལ་ཆོས་ཅན་གྱིས་སྒྲུབ།ཁ་ཅིག།རྫས་འཛིན་གྱི་ཤེས་པ་ཡིན་ན།ཕྱིན་ཅི་ལོག་གི་ཤེས་པ་ཡིན་པས་ཁྱབ་ཟེར་ན།གང་ཟག་དོན་བྱེད་ནུས་པར་འཛིན་[28B]པའི་ཤེས་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།འཛིན་སྟངས་དོན་མཐུན་གྱི་ཤེས་པ་ཡིན་པའི་ཕྱིར།དེར་ཐལ།གང་ཟག་དོན་བྱེད་ནུས་པ་ཡིན་པའི་ཕྱིར།ཁ་ཅིག།རྫས་འཛིན་དུ་གྱུར་པའི་རྟོག་པ་ལ་ཕྱིན་ཅི་ལོག་གི་རྟོག་པས་ཁྱབ་ཟེར་ན།གང་ཟག་དོན་བྱེད་ནུས་པར་འཛིན་པའི་རྟོག་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།རྟགས་གསལ་གོང་གི་རིགས་འགྲེ།ཁ་ཅིག།གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ་ཤེས་སྒྲིབ་རྫས་འཛིན་རྟོག་པ་དང༌།གང་ཟག་བདེན་སྟོང་སྒྱུ་མ་ལྟ་བུར་འཛིན་པའི་རྟོག་ལ་དེ་ཤེས་སྒྲིབ་རྟག་འཛིན་རྟོག་པ་ཡིན་ཟེར་ན།གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ཆོས་ཅན།ཤེས་སྒྲིབ་ཡིན་པར་ཐལ།ཤེས་སྒྲིབ་རྫས་འཛིན་རྟོག་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཉོན་སྒྲིབ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཕྱི་མ་ལ་གང་ཟག་བདེན་སྟོང་སྒྱུ་མ་ལྟ་བུར་འཛིན་པའི་རྟོག་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་མི་ནུས་ཏེ།འཛིན་སྟངས་དོན་མཐུན་གྱི་ཤེས་པ་ཡིན་པའི་ཕྱིར།དེར་ཐལ།གང་ཟག་བདེན་སྟོང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར།ཁ་ཅིག།སྐབས་འདིར་བསྟན་པའི་རྫས་འཛིན་རྟོག་པ་ཡིན་ན།ཤེས་སྒྲིབ་རྫས་འཛིན་རྟོག་པ་ཡིན་པས་ཁྱབ།སྐབས་འདིར་བསྟན་པའི་བཏགས་འཛིན་རྟོག་པ་ཡིན་ན།ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཡིན་པས་ཁྱབ་ཟེར་ན།གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ཆོས་ཅན།ཤེས་སྒྲིབ་རྫས་འཛིན་རྟོག་པ་ཡིན་པར་ཐལ།སྐབས་འདིར་བསྟན་པའི་རྫས་འཛིན་རྟོག་པ་ཡིན་པའི་ཕྱིར།དེར་ཐལ།རྫས་དང་ཞེས་པའི་སྐབས་ནས་དངོས་བསྟན་གྱི་རྫས་འདིན་རྟོག་པ་ཡིན་པའི་ཕྱིར༑དེར་ཐལ།དེའི་སྐབས་སུ་ཤེས་སྒྲིབ་རྫས་འཛིན་རྟོག་པའི་དམིགས་ཡུལ་དུ་གསུངས་པ་གང་ཞིག།རྫས་འཛིན་རྟོག་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཉོན་སྒྲིབ་ཡིན་པའི་ཕྱིར།ཕྱི་མ་ལ།གང་ཟག་ཕུང་པོའི་ཆོས་ལ་བཏགས་པའི་ཡོད་པར་འཛིན་པའི་རྟོག་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ༌༑བཏགས་པའི་ཞེས་སྐབས་ནས་དངོས་བསྟན་གྱི་བཏགས་འཛིན་རྟོག་པ་ཡིན་པའི་ཕྱིར།རྟགས་སྒྲུབ་ཚུལ་རིགས་འགྲེ།འདོད་མི་ནུས་ཏེ།འཛིན་སྟངས་དོན་མཐུན་གྱི་རྟོག་པ་ཡིན་པའི་ཕྱིར།དེར་ཐལ།གང་ཟག་ཕུང་པོའི་ཆོས་ལ་བཏགས་པའི་ཡོད་པ་ཡིན་པའི་ཕྱིར།ཁ་ཅིག།རི་བོང་རྺ་བཏགས་ཡོད་དུ་[29A]འཛིན་པའི་རྟོག་པ་དེ་བཏགས་འཛིན་ཡིན་ཟེར་ན།དེ་ཆོས་ཅན།བཏགས་འཛིན་མ་ཡིན་པར་ཐལ།ཕྱིན་ཅི་ལོག་གི་ཤེས་པ་ཡིན་པའི་ཕྱིར།ཁ་ཅིག།གང་ཟག་རྫས་ཡོད་དང་སྐྱེས་བུ་བཏགས་ཡོད་ཡིན་ཟེར་ན།ཛས་ཡོད་དང་བཏགས་ཡོད་མི་འགལ་བར་ཐལ།གང་ཟག་དང་སྐྱེས་བུ་དོན་གཅིགཏུ་གསུངས་པ་གང་ཞིག།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།དང་པོ་དེར་ཐལ།མདོ་ལས།རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པ་ཅན་ནོ།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།རྟག་པ་དང་དངོས་པོ་འགལ་བའི་ཕྱིར།ཁ་ཅིག།རྫས་གྲུབ་ཡིན་ན།རྫས་ཡོད་ཡིན་པས་ཁྱབ་ཟེར་ན།གང་ཟག་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་གི་རྒྱུ་གཞན་ལས་སྐྱེས་བའི་ཕྱིར།དེར་ཐལ།འདུས་བྱས་ཡིན་པའི་ཕྱིར།འདོད་ན།རང་རྐྱ་ཐུབ་པའི་རྫས་ཡོད་ཡིན་པར་ཐལ།རྫས་ཡོད་ཡིན་པའི་ཕྱིར།འདོད་ན།གང་ཟག་གི་བདག་ཡོད་པར་ཐལ།གང་ཟག་རང་ལྡོག་རང་རྐྱ་ཐུབ་པའི་རྫས་ཡོད་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དེ་འཛིན་སྟངས་དོན་མཐུན་གྱི་ཤེས་པ་ཡིན་པའི་ཕྱིར།ཁ་ཅིག།དོན་བྱེད་ནུས་པའི་རྫས་ཡོད།རིགས་པས་གྲུབ་པའི་རྫས་ཡོད།བརྟེན་པའི་རྫས་ཡད་གསུམ་པོ་གང་རུང་ལ་རྫས་ཡོད་ཀྱིས་ཁྱབ་ཟེར་ན།དང་པོ་ལ།ཤིང་རྟ་ཆོས་ཅན།རྫས་ཡོད་ཡིན་པར་ཐལ།དོན་བྱེད་ནུས་པའི་རྫས་ཡོད་ཡིན་པའི་ཕྱིར།དེར་ཐལ།དོན་བྱེད་ནུས་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།བཏགས་ཡོད་ཡིན་པའི་ཕྱིར།དེར་ཐལ།མདོ་ལས།ཇི་ལྟར་ཡན་ལག་ཚོགས་རྣམས་ལ།།བརྟེན་ནས་ཤིང་རྟར་བརྗོད་པ་ལྟར།།དེ་བཞིན་བུང་པོ་རྣམས་བརྟེན་ནས།།ཀུན་རྫོབ་སེམས་ཅན་ཞེས་བྱའོ།།ཞེས་གསུངས་པའི་ཕྱིར།གཉིས་པ་ལ་གང་ཟག་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།བཞི་གྲུབ་པའི་ཕྱིར།འདོད་མི་ནུས་སོ།།ཕྱི་མ་ལ་ཤེས་བྱས་མ་ངེས་སོ།།ཁ་ཅིག།ཤེས་སྒྲིབ་རྫས་འཛིན་རྟོག་པ་དང༌།ཤེས་སྒྲིབ་བཏགས་འཛིན་རྟོག་པ་གཉིས་འགལ་ཟེར་ན།རྣམ་མཁྱེན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།ཤེས་སྒྲིབ་བཏགས་འཛིན་རྟོག་པ་མ་ཡིན་པར་ཐལ།ཤེས་སྒྲིབ་རྫས་འཛིན་རྟོག་པ་ཡིན་པའི་ཕྱིར།དེར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་རྫས་འཛིན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་[29B]པའི་ཕྱིར།ཁྱབ་སྟེ།རྣམ་མཁྱེན་རྫས་འཛིན་ཡིན་པའི་ཕྱིར།མ་གྲུབ་ན།རྣམ་མཁྱེན་ཆོས་ཅན།རྫས་འཛིན་ཡིན་པར་ཐལ།གང་ཟག་དོན་བྱེད་ནུས་པར་འཛིན་པའི་ཤེས་པ་ཡིན་པའི་ཕྱིར།རྩ་བར་འདོད་ན།དེ་ཆོས་ཅན།ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཡིན་པར་ཐལ།རང་གི་དམིགས་ཡུལ་དུ་གྱུར་པའི་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པར་བདེན་འཛིན་ཡིན་པའི་ཕྱིར།ཁྱབ་སྟེ།རྣམ་མཁྱེན་བཏགས་འཛིན་ཡིན་པའི་ཕྱིར།མ་གྲུབ་ན།རྣམ་མཁྱེན་ཆོས་ཅན།བརྟགས་འཛིན་ཡིན་པར་ཐལ།གང་ཟག་ཕུང་པོའི་ཆོས་ལ་བཏགས་པའི་ཡོད་པར་འཛིན་པའི་ཤེས་པ་ཡིན་པའི་ཕྱིར།ཁ་ཅིག།ཤེས་སྒྲིབ་བཏགས་འཛིན་རྟོག་པ་དེ།བཏགས་འཛིན་ཡིན་ཟེར་ན།དེ་ཆོས་ཅན།བཏགས་འཛིན་མ་ཡིན་པར་ཐལ།ཕྱིན་ཅི་ལོག་གི་ཤེས་པ་ཡིན་པའི་ཕྱིར།ཁ་ཅིག།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་དང་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་རིམ་ཅན་དུ་ལྡན་པའི་དོན་དེ་ངོ་བོའི་སྒོ་ནས་རིམ་ཅན་དུ་ལྡན་པའི་དོན་ཡིན་ཟེར་ན།ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མའི་ཡེ་ཤེས་དེ།ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལ་དངོས་སུ་ཕན་འདོགས་བྱེད་དང་དངོས་སུ་གནོད་བྱ་གཉིས་ཀ་ཡིན་པར་ཐལ།དེ་ལ་དངོས་སུ་ཕན་འདོགས་བྱེད་གང་ཞིག།དངོས་སུ་གནོད་བྱ་ཡིན་པའི་ཕྱིར།དང་པོ་དེར་ཐལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་ཉེར་ལེན་ཡིན་པའི་ཕྱིར།ཕྱི་མ་དེར་ཐལ།ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཀུན་བཏགས་མངོན་འགྱུར་བ་ཡིན་པའི་ཕྱིར།དེར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་སོ།།གཞན་ཡང༌།ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མའི་ཡེ་ཤེས་ཆོས་ཅན།ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་པས་སྤོང་དགོས་པར་ཐལ།ཁྱོད་ཤེས་སྒྲིབ་ཀུན་བཏགས་མངོན་གྱུར་བ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་དུ་མར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཁ་བརྒྱན་ནས་རང་རྒྱུད་ལ་བསྐྱེད་དགོས་པའི་ལམ་ཡིན་པའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ།རང་གི་དམིགས་ཡུལ་དུ་གྱུར་པའི་འཛིན་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་འཛིན་རྟོག་གི་མཚན་ཉིད།དེ་ལ་དེར་གྱུར་བའི་ཤེས་སྒྲིབ་རྫས་འཛིན་རྟོག་པ་དང་ཤེས་སྒྲིབ་བཏགས་འཛིན་རྟོག་པ་གཉིས་ཡོད།རང་གི་དམིགས་ཡུལ་དུ་གྱུར་པའི་བཏགས་འཛིན་ལ་དམིགས་ནས་[30A]ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་རབ་ཏུ་ཕྱེ་བའི་བདེན་འཛིན།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་བཏགས་འཛིན་རྟོག་པའི་མཚན་ཉིད།རང་གི་དམིགས་ཡུལ་དུ་གྱུར་པའི་རྫས་འཛིན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་རབ་ཏུ་ཕྱེ་བའི་བདེན་འཛིན།སྐབས་འདིར་དངོས་སུ་བསྟན་པའི་ཤེས་སྒྲིབ་རྫས་འཛིན་རྟོག་པའི་མཚན་གཉིད།དེ་གཉིས་ཀ་ལ་དམིགས་ཡུལ་གྱི་སྒོ་ནས་ཕྱེ་བ་དགུ་དགུ་ཡོད།སྤྱིར་རྫས་འཛིན་དང་བཏགས་འཛིན་གཉིས་ལ་གང་ཟག་དང་ཤེས་པ་གཉིས་གཉིས་ཡོད།རྫས་འཛིན་གྱི་ཤེས་པ་ལ་ཤེས་པ་དོན་མཐུན་དང༌།དོན་མི་མཐུན་གཉིས་ཡོད།དང་པོ་ནི༑གང་ཟག་དོན་བྱེད་ནུས་པར་འཛིན་པའི་རྟོག་པ་ལྟ་བུ་ཡིན།ཕྱི་མ་ནི་གང་ཟག་རང་རྒྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལྟ་བུ་ཡིན།བཏགས་འཛིན་ལ་དོན་མི་མཐུན་གྱི་ཤེས་པ་མེད་དེ།དེ་ཡིན་ན་འཛིན་སྟངས་དོན་མཐུན་གྱི་ཤེས་པ་ཡིན་དགོས་པའི་ཕྱིར།རང་ཉིད་ངེས་པ་ལ་རང་གི་ཆ་ཤས་གཞན་ངེས་པ་ལ་ལྟོས་དགོས་པའི་རིགས་སུ་གནས་པའི་ཆོས།བཏགས་ཡོད་ཀྱི་མཚན་ཉིད།གང་ཟག་དང་ཤིང་རྟ་སོགས་དེའི་མཚན་གཞི་ཡིན།རང་ཉིད་ངེས་པ་ལ་རང་གི་ཆ་ཤས་གཞན་ངེས་པ་ལ་ལྟོས་མི་དགོས་པའི་རིགས་སུ་གནས་པའི་ཆོས།རྫས་ཡོད་ཀྱི་མཚན་ཉིད།ཤེས་པ་ཐམས་ཅད་དང་ཁ་དོག་ཐམས་ཅད་དེའི་མཚན་གཞི་ཡིན།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་དང་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་རིམ་ཅན་དུ་ལྡན་པའི་དོན་ཡོད་དེ།ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་དེས་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་ཚོད་དེ་ཙམ་དུ་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ཀུན་བཏགས་མངོན་འགྱུར་བ་འཇོམས་པའི་ནུས་པ་མཐོབ་པ་སོགས་ཀྱི་དོན་ཡིན་པའི་ཕྱིར།དེ་གཉིས་ཉོན་མོངས་བྱ་མོངས་བྱེད་དུ་ལྡན་པའི་དོན་ཡོད་དེ།ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་པོ་དེས་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་སྤོང་བ་ལ་འབད་དགོས་པའི་དོན་ཡིན་པའི་ཕྱིར།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གཉིས་མི་འགལ་བར་ཐལ།དུ་མངོན་པ་ཀུན་ལས་བཏུས་ལས་གསུང་རྣམ་བྱང་གཟུང་རྟོག་གཉིས་ཡང་མི་འགལ།ཤེས་སྒྲིབ་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་ཀྱང་མི་འགལ་བའི་ཕྱིར།[30B]འདོད་ན།ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་གཉིས་གཟུང་འཛིན་གྱི་ཆོས་ལ་དམིགས་པར་འཇོག་ཚུལ་མི་འགལ་བར་ཐལ།འདོད་པའི་ཕྱིར་ཟེར་ན།མ་ཁྱབ།འདོད་མི་ནུས་སོ།།ཁ་ཅིག།རི་བོང་རྺ་བཏགས་ཡོད་དུ་འཛིན་པའི་ཤེས་པ་ཆོས་ཅན།བཏགས་འཛིན་ཡིན་པར་ཐལ།རི་བོང་རྺ་ལ་སྒྲོ་འདོགས་པའི་ཤེས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།རྟགས་དེར་ཐལ།དེ་རི་བོང་རྺ་མེད་བཞིན་དུ་ཡོད་པར་འཛིན་པའི་ཤེས་པ་ཡིན་པའི་ཕྱིར།ཁ་ཅིག།གང་ཟག་གི་བདག་ཡོད་པར་ཐལ།གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཡོད་པའི་ཕྱིར།དེར་ཐལ།ཁྱི་རྒན་རྒྱ་བོའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཡིན་པའི་ཕྱིར།དེར་ཐལ༑གང་ཟག་གང་ཞིག།རང་རྐྱ་ཐུབ་པའི་རྫས་ཡོད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་སོ།ཁ་ཅིག།བློ་ཆོས་ཅན།རྫས་ཡོད་ཡིན་པར་ཐལ།ཤེས་པ་ཡིན་པའི་ཕྱིར།འདོད་ན།རྫས་ཡོད་མ་ཡིན་པར་ཐལ།བཏགས་ཡོད་ཡིན་པའི་ཕྱིར།དེར་ཐལ།བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ༑ཁ་ཅིག།གང་ཟག་རྫས་ཡོད་དང་སྐྱེས་བུ་བཏགས་ཡོད་ཡིན་པར་ཐལ།འགྲེལ་པ་ལས།གང་ཟག་རྫས་སུ་ཡོད་པའི་རྟེན་ཅན།སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན།ཞེས་གསུངས་པའི་ཕྱིར།ཟེར་ན།སྐྱོན་མེད་དེ།གང་ཟག་རང་རྒྱུ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ་ཤེས་སྒྲིབ་རྫས་འཛིན་རྟོག་པའི་དམིགས་ཡུལ་དང༌།སྐྱེས་བུ་ཕུང་པོའི་ཆོས་ལ་བཏགས་པའི་ཡོད་པར་འཛིན་པའི་རྟོག་པ་དེ་ཤེས་སྒྲིབ་བཏགས་འཛིན་རྟོག་པའི་དམིགས་ཡུལ་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར།ཁ་ཅིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་དངོས་ཀྱི་དམིགས་རྐྱེན་དུ་གྱུར་པའི་ངན་འགྲོའི་ཕུང་པོ་ཆོས་ཅན།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལ་དངོས་སུ་གནོད་བྱ་དང༌།དེ་ལ་དངོས་སུ་ཕན་འདོགས་བྱེད་གཉིས་ཀ་ཡིན་པར་ཐལ།དེ་ལ་དངོས་སུ་གནོད་བྱ་ཡིན་པ་གང་ཞིག།དེ་ལ་དངོས་སུ་ཕན་འདོགས་བྱེད་ཡིན་པའི་ཕྱིར།དང་པོ་དེར་ཐལ།ངན་འགྲོའི་ཕུང་ཁམས་སྐྱེ་མཆེད་རྣམས་མཐོང་སྤང་དུ་མངོན་པ་ཀུན་ལས་བཏུས་ལས་གསུངས་པའི་ཕྱིར།ཕྱི་མ་དེར་ཐལ།དེ་དངོས་སུ་སྐྱེད་བྱེད་ཡིན་པའི་ཕྱིར།ཐལ་འགྱུར་སྔ་མ་ལ་ཁྱབ་པ་ཡོད་པར་ཐལ།རྣམ་འགྲེལ་ལས།ཕན་འདོགས་གང་ཡིན་བསྐྱེད་པ་ཡིན།ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ།།༈།།སེམས་མི་འགོང་བ་ཉིད་ལ་སོགས།།ཞེས་སོགས་ཀྱི་སྐབས་སུ་བྱང་སེམས་སྦྱོར་ལམ་པའི་རྒྱུད་[31A]ཀྱི་ཐབས་ཤེས་ཁྱད་པར་ཅན་གཉིས་ཆོས་ཅན།བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཡིན་ཏེ།བྱང་སེམས་སྦྱོར་ལམ་པ་སྲིད་ཞི་གཉིས་གང་རུང་དུ་མི་ལྟུང་བར་འཛིན་པར་བྱེད་པའི་དེའི་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར།བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་གཉིས་རྫོགས་པར་སྟོན་པའི་མཆོག་གི་སྤྲུལ་སྐུ་ཆོས་ཅན།བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་ཡིན་ཏེ།བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་སྟོན་པར་བྱེད་པའི་བདག་རྐྱེན་བྱེད་པའི་ཐེག་ཆེན་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར།ཁ་ཅིག།བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ཆོས་ཅན།བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཡིན་ཏེ།དེ་སྲིད་ཞི་གང་རུང་དུ་མི་ལྟུང་བར་འཛིན་པར་བྱེད་པའི་དེའི་རྒྱུད་ཀྱི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་ཟེར་བ་དང་ཐབས་ཤེས་གཉིས་འགལ་ལོ་ཟེར་ན།བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཆོས་ཅན།ཤེས་རབ་མ་ཡིན་པར་ཐལ།ཐབས་ཡིན་པའི་ཕྱིར།དེར་ཐལ།དེའི་རྒྱུད་ཀྱི་ཐབས་ཡིན་པའི་ཕྱིར།དེར་ཐལ།དེའི་རྒྱུད་ཀྱི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར།འཁོར་གསུམ།ཁ་ཅིག།བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་བདག་རྐྱེན་བྱེད་པའི་ཐེག་ཆེན་དགེ་བའི་བཤེས་གཉེན།བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་གྱི་མཚན་ཉིད་ཟེར་ན།བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་དུ་གྱུར་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་མཆོག་གི་སྤྲུལ་སྐུ་ལ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ཐོས་ནས་དེ་དོན་གཉེར་གྱི་གདུལ་བྱ་གཞན་ལ་སྒྲོག་པར་བྱེད་པས་དེ་ལ་ཐོས་སྒྲོག་པ་ཞེས་བཤད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁྱབ་སྟེ།སྟོང་པ་ཉིད་ཀྱི་གོ་བ་གནད་དུ་སོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་བྱང་སེམས་ལས་གཞན་པས་སྟོང་ཉིད་ཀྱི་དོན་རྫོགས་པར་སྟོན་མི་ནུས་པར་མཐོང་ནས་སངས་རྒྱས་བྱང་སེམས་རྣམས་ལ་ལྷག་པར་གུས་པར་བྱེད་པའི་ཕྱིར།དེར་ཐལ།འཇུག་པ་ལས།རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལའང་གུས་པར་བྱེད།ཅེས་གསུངས་[31B]པའི་ཕྱིར།ཁ་ཅིག།བྱང་སེམས་སྦྱོར་ལམ་བ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་དེའི་བདག་རྐྱེན་དུ་གྱུར་པའི་ཐེག་ཆེན་དགེ་བའི་བཤེས་གཉེན་བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་དུ་གྱུར་བའི་ཐེག་ཆེན་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཟེར་ན།བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་དུ་གྱུར་པའི་སེམས་ཙམ་བར་གྱུར་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།བྱང་སེམས་སྦྱོར་ལམ་པས་སེམས་ཙམ་པའི་གཞུང་ལ་ཐོས་བསམ་གྱིས་འཇུག་པ་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།དེས་སྟོང་ཉིད་རྫོགས་པར་སྟོན་མི་ནུས་པའི་ཕྱིར།གཞན་ཡང༌།བྱང་སེམས་སྦྱོར་ལམ་པ་དང་དུས་མཉམ་དུ་གྱུར་པའི་བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་དུ་གྱུར་པའི་ཐེག་ཆེན་དགེ་བའི་བཤེས་གཉེན་ཆོས་ཅན།བྱང་སེམས་སྦྱོར་ལམ་པའི་བདག་རྐྱེན་ཡིན་པར་ཐལ།དེའི་ཕྱིའི་ཡོངས་འཛིན་དུ་གྱུར་བའི་ཐེག་ཆེན་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར།ཁྱབ་པ་ཁས།འདོད་ན།བྱང་སེམས་སྦྱོར་ལམ་པའི་རྒྱུ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།མཆོག་གི་སྤྲུལ་སྐུ་དེ་བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་བྱང་སེམས་སྦྱོར་ལམ་པའི་བདག་རྐྱེན་དུ་གྱུར་པའི་ཐེག་ཆེན་དགེ་བའི་བཤེས་གཉེན་ཡིན་ཟེར་ན།འོ་ན།དེ་བྱང་སེམས་སྦྱོར་ལམ་པའི་རྒྱུ་ཡིན་པར་ཐལ།དེ་དེའི་བདག་རྐྱེན་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དེ་དེའི་འབྲས་བུ་ཡིན་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པ་དེའི་འབྲས་བུ་ཡིན་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པ་བྱང་ཆུབ་སེམས་དཔའི་འབྲས་བུ་ཡིན་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པ་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པ་བྱང་ཆུབ་སེམས་དཔའ་ལས་འཁྲུངས།བྱང་ཆུབ་སེམས་དཔའ་དེ་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌།སྙིང་རྗེ་ཆེན་པོ་དང་བུར་ཤུན་གྱི་རོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གསུམ་ལས་འཁྲུངས་པ་ཡིན་པའི་ཕྱིར།དེར་ཐལ།འཇུག་པ་ལས།སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་།།སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌།།བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ།།ཞེས་གསུངས་པའི་ཕྱིར།།།།རང་གི་ལུགས་ལ།བྱང་སེམས་སྦྱོར་ལམ་པ་སྲིད་ཞི་གང་རུང་དུ་མི་ལྟུང་བར་འཛིན་པའི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་[32A]མཁྱེན་པ།བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་གྱི་མཚན་ཉིད།བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་བདག་རྐྱེན་བྱེད་པའི་ཐེག་ཆེན་དགེ་བའི་བཤེས་གཉེན་དེ།བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་གྱི་མཚན་ཉིད་ཡིན་ནོ།།༈།།རྟོགས་པ་ཡི་ནི་ཆོས་དྲུག་དང་།།ཞེས་སོགས་ཀྱི་སྐབས་སུ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཆོས་ཅན།ཁྱོད་ལ་དབྱེ་ན་དུ་མ་ཡོད་དེ།ཁྱོད་ལ་རྣམ་པ་བཅུ་གསུམ་ཡོད་པའི་ཕྱིར།འདིའི་སྐབས་སུ་དགག་གཞག་སྤང་གསུམ་ལས།དང་པོ་ལ།ཁ་ཅིག།སངས་རྒྱས་ཀྱི་རིགས་ཡིན་ན།ཐེག་ཆེན་གྱི་རིགས་ཡིན་པས་ཁྱབ་ཟེར་ན།ཉན་ཐོས་ཚོགས་ལམ་པའི་རྒྱུད་ཀྱི་ཐར་པ་དོན་གཉེར་གྱི་བསམ་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།སངས་རྒྱས་སུ་འགྱུར་རུང་གི་ཆོས་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཐེག་དམན་གྱི་རིགས་ཡིན་པའི་ཕྱིར།ཁ་ཅིག།སངས་རྒྱས་ཀྱི་རིགས་ཅན་ཡིན་ན་ཐེག་ཆེན་གྱི་རིགས་ཅན་ཡིན་པས་ཁྱབ་ཟེར་ན།བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།སེམས་ཅན་ཡིན་པའི་ཕྱིར།འདོད་ན།བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དེ་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེགཆེན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་ཡིན་པའི་ཕྱིར།ཁ་ཅིག།སངས་རྒྱས་ཀྱི་རིགས་ཡིན་ན་རྟོགས་པ་ཡེ་ཤེས་ཆོས་སྐུར་འགྱུར་རུང་དང་རང་བཞིན་གནས་རིགས་གང་རུང་ཡིན་པས་ཁྱབ་ཟེར་ན།འཇུག་སྡོམ་ཐོབ་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།སྦྱོད་འཇུག་ལས།དེ་རིང་སངས་རྒྱས་རིགས་སུ་སྐྱེས།།སངས་རྒྱས་སྲས་སུ་ད་གྱུར་ཏོ།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།བྱང་སེམས་ས་དང་པོ་བ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།དེ་བཞིན་གཤེགས་པའི་རིགས་ཡིན་པའི་ཕྱིར།དེར་ཐལ།དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཕྱིར།དེར་ཐལ།འཇུག་པ་ལས།འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།སངས་རྒྱས་ཀྱི་སའི་འདུས་མ་བྱས་[32B]ཀྱི་སྐུར་འགྱུར་རུང་གི་ཆོས་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་བདེན་པར་གྱུར་པའི་འགོག་བདེན་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར།ཁ་ཅིག།སེམས་ཅན་གྱི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་ཡིན་པ་གང་ཞིག།ངོ་བོ་ཉིད་སྐུར་འགྱུར་རུང་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་རྫོགས་བྱང་དོན་གཉེར་གྱི་འདུན་པའི་ཆོས་ཉིད་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།མ་གྲུབ་ན།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་རྫོགས་བྱང་དོན་གཉེར་གྱི་འདུན་པ་ཆོས་ཅན།ཁྱོད་ཀྱི་ཆོས་ཉིད་རང་བཞིན་གནས་རིགས་ཡིན་པར་ཐལ།ཁྱོད་རྒྱུ་ལམ་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།སེམས་ཅན་གྱི་རྒྱུད་ཀྱི་ཆོས་ཉིད་གང་ཞིག༑གནས་གྱུར་མཐར་ཐུག་པའི་ཚེ་ངོ་བོ་ཉིད་སྐུར་འགྱུར་རུང་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན།ཁྱི་རྒན་རྒྱ་བོའི་རྒྱུད་ཀྱི་རང་བཞིན་གནས་རིགས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།གནས་གྱུར་མཐར་ཐུག་པའི་ཚེ་ངོ་བོ་ཉིད་སྐུར་གྱུར་ཟིན་པའི་ཕྱིར།ཁ་ཅིག།དྲི་བཅས་སེམས་ཀྱི་ཆོས་ཉིད་གང་ཞིག།ངོ་བོ་ཉིད་སྐུར་འགྱུར་རུང་རང་བཞིན་གནས་རིགས་མཚན་ཉིད་ཟེར་ན།བྱང་སེམས་རྒྱུན་མཐའ་བའི་རྒྱུད་ཀྱི་རང་བཞིན་གནས་རིགས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།བྱང་སེམས་རྒྱུན་མཐའ་བའི་རྒྱུད་ལ་དེའི་ཆོས་ཅན་དུ་གྱུར་པའི་དྲི་མ་དང་བཅས་པའི་སེམས་མེད་པའི་ཕྱིར།དེར་ཐལ།དེའི་རྒྱུད་ལ་དྲི་མ་དང་བཅས་པའི་ཡིད་ཤེས་ཀྱང་མེད།དྲི་མ་དང་བཅས་པའི་དབང་ཤེས་ཀྱང་མེད་པའི་ཕྱིར།དང་པོ་དེར་ཐལ།དེའི་རྒྱུད་ལ་དྲི་མ་དང་བཅས་པའི་རྒྱུན་མཐའི་བར་ཆད་མེད་ལམ་མེད་པའི་ཕྱིར།དེར་ཐལ།འགྲེལ་པ་ལས།དྲི་མ་ཐམས་ཅད་དང་བྲལ་བས།ཞེས་གསུངས་པའི་ཕྱིར།ཕྱི་མ་དེར་ཐལ།དེའི་རྒྱུད་ལ་དབང་ཤེས་མེད་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།ཁྱོད་ཀྱི་རྒྱུད་ལ་དབང་ཤེས་མེད་བར་ཐལ།ཁྱོད་བར་ཆད་མེད་ལམ་པ་ཡིན་པའི་ཕྱིར།ཁ་ཅིག།ནང་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཞིག།ངོ་བོ་ཉིད་[33A]སྐུར་འགྱུར་རུང་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན།ཁྱི་རྒན་རྒྱ་བོའི་སེམས་བདེན་སྟོང་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།མ་གྲུབ་ན།ཁྱི་རྒན་རྒྱ་བོ་ཆོས་ཅན།ཁྱོད་ཀྱི་སེམས་བདེན་སྟོང་རང་བཞིན་གནས་རིགས་ཡིན་པར་ཐལ།ཁྱོད་སེམས་ཅན་ཡིན་པའི་ཕྱི།རྩ་བར་འདོད་ན།དེ་ཁྱི་རྒན་རྒྱ་བོའི་ནང་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་ཁྱི་རྒན་རྒྱ་བོའི་མིག་གི་སྐྱེ་མཆེད་ཀྱི་ཁྱད་པར་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་ཁྱི་རྒན་རྒྱ་བོའི་སེམས་ཀྱི་སྐྱེ་མཆེད་ཀྱི་ཁྱད་པར་ཡིན་པའི་ཕྱིར།ཁ་ཅིག།ཆོས་དབྱིངས་གང་ཞིག།བྱང་ཆུབ་ཏུ་འགྱུར་རུང༌།རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན།ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།འདོད་མི་ནུས་ཏེ།བྱང་ཆུབ་ཏུ་གྱུར་ཟིན་པའི་ཕྱིར།དེར་ཐལ།བྱང་ཆུབ་ཡིན་པའི་ཕྱིར།དེར་ཐལ།རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་བྱང་ཆུབ་ཡིན་པའི་ཕྱིར༑ཁ་ཅིག།ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཐེག་དམན་གྱི་རིགས་མེད་ཟེར་ན།དེ་ཡོད་པར་ཐལ།དེའི་རྒྱུད་ལ་གཞི་ཤེས་སྦྱོར་བ་ཡོད་པའི་ཕྱིར།དེར་ཐལ།དེ་སློབ་པ་ཡིན་པའི་ཕྱིར།ཁ་ཅིག།ཐེག་ཆེན་གྱི་རིགས་དང་ཐེག་དམན་གྱི་རིགས་གཉིས་མི་འགལ་ཟེར་ན།དེ་འགལ་བར་ཐལ།ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང༌།ཐེག་དམན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་གཉིས་འགལ་པའི་ཕྱིར།ཁ་ཅིག།རྒྱས་འགྱུར་གྱི་རིགས་ཡིན་ན་རྒྱས་གྱུར་གྱི་རིགས་ཡིན་པས་ཁྱབ་ཟེར་ན།རང་ཉིད་གསོས་འདེབས་བྱེད་ཐོས་སོགས་རྐྱེན་གྱིས་གསར་དུ་གསོས་མ་བཏབ་པའི་སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན་ཆོས་ཅན།དེར་ཐལ༑དེའི་ཕྱིར།དེར་ཐལ།ཆོས་ཅན་དེའི་ཕྱིར།འདོད་ན།རང་ཉིད་གསར་དུ་གསོས་འདེབས་བྱེད་ཐོས་སོགས་རྐྱེན་གྱིས་གསར་དུ་གསོས་བཏབ་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།རྒྱས་འགྱུར་གྱི་རིགས་ཡིན་ན།ལྡན་མིན་འདུ་བྱེད་ཡིན་པས་ཁྱབ་ཟེར་ན།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།རྒྱུ་ལམ་ཤེས་ཡིན་པའི་ཕྱིར།ཁྱབ་སྟེ།རྒྱུད་བླ་དར་ཊིཀ་ལས།ཟག་པ་མེད་པའི་སེམས་ཀྱི་ས་བོན་ཞེས་སྨོས་པ་ནི་མཚོན་པ་ཙམ་ཡིན་གྱི་དེར་ཟད་བ་ནི་མ་ཡིན་ཏེ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ལ་སོགས་པ་རྣམས་ཀྱང་དེར་ཤེས་པར་བྱའོ།།ཞེས་གསུངས་[33B]པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།རྒྱས་འགྱུར་གྱི་རིགས་ཡིན་ན་ཐོས་སོགས་རྐྱེན་གྱིས་གསོས་བཏབ་པས་ཁྱབ་ཟེར་ན།འོ་ན།དེ་ཡིན་ན་ཐོས་སོགས་རྐྱེན་གྱི་འབྲས་བུ་ཡིན་པས་ཁྱབ་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།དེ་དང་དུས་མཉམ་དུ་གྱུར་པའི་རྒྱས་འགྱུར་གྱི་རིགས་ཀྱིས་མ་ངེས་སོ།།ཁ་ཅིག།སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན་གང་ཞིག་གཟུགས་སྐུར་གནས་འགྱུར་རུང༌།རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད་ཟེར་ན།བྱང་སེམས་རྒྱུན་མཐའ་བའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཆོས་ཅན།གཟུགས་སྐུར་གནས་འགྱུར་རུང་ཡིན་པར་ཐལ།རྒྱས་འགྱུར་གྱི་རིགས་ཡིན་པའི་ཕྱིར།དེར་ཐལ།རྒྱུ་ལམ་ཤེས་ཡིན་པའི་ཕྱིར།ཁྱབ་པ་གོང་བཞིན་སྒྲུབས།འདོད་མི་ནུས་ཏེ།སེམས་བྱུང་ཡིན་པའི་ཕྱིར།ཁྱབ་སྟེ།སེམས་བྱུང་གང་ཟག་ཏུ་འགྱུར་བ་མི་སྲིད་པའི་ཕྱིར།ཁ་ཅིག།རྣམ་བཤད་ལས་དེ་ལྟར་གསུངས་པའི་དོན་ནི་གཟུགས་སྐུའི་ལག་རྗེས་འཇོག་པའི་དོན་ཡིན་པའི་ཕྱིར་ཟེར་ན།འོ་ན།གཟུགས་སྐུའི་ལག་རྗེས་འཇོགབའི་དོན་དེ་གཟུགས་སྐུ་སྐྱེད་བྱེད་ཙམ་ལ་བྱེད་དམ།གཟུགས་སྐུ་རང་གི་རྫས་རྒྱུན་དུ་སྐྱེད་བྱེད་ཡིན་པ་ལ་བྱེད་པ་དག་ལས་གང་ཡིན།དང་པོ་ལྟར་ན།མི་འཐད་པར་ཐལ།གཟུགས་སྐུ་སྐྱེད་བྱེད་ཀྱི་བདེན་འཛིན་ཡོད་པ་གང་ཞིག།བདེན་འཛིན་གྱིས་གཟུགས་སྐུའི་ལག་རྗེས་འཇོག་པ་མི་འཐད་པའི་ཕྱིར།ཕྱི་མ་ལྟར་ན་མེ་འཐད་དེ།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་རྒྱས་འགྱུར་གྱི་རིགས་ཡིན་པ་གང་ཞིག།དེ་གཟུགས་སྐུ་རང་གི་རྫས་རྒྱུན་ཏུ་སྐྱེད་བྱེད་མ་ཡིན་པའི་ཕྱིར།དེར་ཐལ།དེ་གཟུགས་སྐུའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར།ཁ་ཅིག།རང་གི་ཐོབ་བྱར་གྱུར་པའི་བྱང་ཆུབ་ཏུ་འགྱུར་རུང་གང་ཞིག།སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་རིགས་ཀྱི་མཚན་ཉིད།རང་གི་ཐོབ་བྱར་གྱུར་པའི་ཐེག་ཆེན་གྱི་བྱང་ཆུབ་ཏུ་འགྱུར་རུང་གང་ཞིག།ཐེག་ཆེན་གྱི་རིགས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཐེག་ཆེན་གྱི་རིགས་ཀྱི་མཚན་ཉིད་དང༌།རང་གི་ཐོབ་བྱར་གྱུར་པའི་ཐེག་དམན་གྱི་བྱང་ཆུབ་ཏུ་འགྱུར་རུང་གང་ཞིག།ཐེག་དམན་གྱི་རིགས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཐེག་དམན་གྱི་རིགས་ཀྱི་མཚན་ཉིད་དང༌།སངས་རྒྱས་ཀྱི་རིགས་ལ་ཐེག་ཆེན་གྱི་རིགས་ཀྱིས་ཁྱབ་པ་ཡིན་ཟེར་ན།ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་ཆོས་ཅན།ཐེག་ཆེན་གྱི་རིགས་ཡིན་པར་ཐལ།སངས་རྒྱས་ཀྱི་རིགས་ཡིན་པའི་ཕྱིར།དེར་ཐལ།རང་བཞིན་གནས་རིགས་ཡིན་པའི་ཕྱིར།འདོད་ན།དེ་ཐེག་ཆེན་གྱི་རིགས་[34A]ཅན་གྱི་རྒྱུད་ཀྱིས་བསྡུས་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།དེ་ཐེག་དམན་གྱི་རིགས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཕྱིར།གཞན་ཡང༌།སངས་རྒྱས་ཀྱི་རིགས་ཅན་ལ་ཐེག་ཆེན་གྱི་རིགས་ཅན་ཡིན་པས་ཁྱབ་པར་ཐལ།སངས་རྒྱས་ཀྱི་རིགས་ལ་ཐེག་ཆེན་གྱི་རིགས་ཀྱིས་ཁྱབ་པའི་ཕྱིར།འདོད་ན།བཀགཟིན༑གཞན་ཡང༌།སེམས་ཙམ་པའི་ལུགས་ལ་སངས་རྒྱས་ཀྱི་རིགས་ལ་ཐེག་ཆེན་གྱི་རིགས་ཀྱིས་ཁྱབ་པར་ཐལ།གོང་གི་དམ་བཅའ་འཐད་པའི་ཕྱིར།འདོད་ན།དེའི་ལུགས་གཞིར་ཞོགས་ལ།ཉན་ཐོས་ཚོགས་ལམ་པའི་རྒྱུད་ཀྱི་ངེས་པའི་ཉན་ཐོས་ཀྱི་རིགས་ཆོས་ཅན།ལྷག་མེད་མྱང་འདས་ཀྱི་ཚེ་ན་དགེ་རྩ་རྒྱུན་ཆད་པའི་རིགས་ཡིན་པར་ཐལ༑ངེས་པའི་ཉན་ཐོས་ཀྱི་རིགས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ལྷག་མེད་མྱང་འདས་ཀྱི་ཚེ་ན་དགེ་རྩ་རྒྱུན་མི་ཆད་པའི་རིགས་ཡིན་པའི་ཕྱིར།དེར་ཐལ།ཐེག་ཆེན་གྱི་རིགས་ཡིན་པའི་ཕྱིར།དེར་ཐལ།སངས་རྒྱས་ཀྱི་རིགས་ཡིན་པའི་ཕྱིར།རྩ་བའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།མདོ་སྡེ་རྒྱན་ལས།མི་ཟད་པ་ཡི་རྒྱུ་མཚན་གྱིས༑།རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན།།ཞེས་གསུངས་པའི་ཕྱིར།ཁ་ཅིག།སེམས་ཅན་རྒྱུད་ཀྱི་ཟག་པ་དང་བཅས་པའི་ཡིད་ཀྱི་ཤེས་པ་དེ་རང་བཞིན་གནས་རིགས་ཡིན་ཟེར་ན།དེ་ཆོས་ཅན།ཆོས་དབྱིངས་ཡིན་པར་ཐལ།རང་བཞིན་གནས་རིགས་ཡིན་པའི་ཕྱིར།ཁྱབ་སྟེ།ཉི་ཁྲི་སྣང་བ་ལས།ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་ཡིན་བ་ལ་ཉེས་པ་དེ་དག་མེད་མོད་ཀྱི།ཞེས་པ་དང༌།འགྲེལ་པ་དོན་གསལ་ལས་ཀྱང༌།ཆོས་ཀྱི་དབྱིངས་ཀྱི་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་སོ།།ཞེས་གསུངས་པའི་ཕྱིར།གཞན་ཡང༌།དེ་ཆོས་ཅན།ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་པར་ཐལ།རང་བཞིན་གནས་རིགས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཤེས་པ་ཡིན་པའི་ཕྱིར།གཞན་ཡང༌།དེ་ཆོས་ཅན།ཁྱོད་རང་བཞིན་གནས་རིགས་མ་ཡིན་བར་ཐལ།སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁྱོད་མེད་པའི་ཕྱིར།དེར་ཐལ།ཁྱོད་རྒྱུད་ལ་མི་ལྡན་པའི་སེམས་ཅན་ཡོད་པའི་ཕྱིར།འཁོར་གསུམ་ཡོད་དེ།སེམས་ཙམ་པས་སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན་རང་བཞིན་གནས་རིགས་སུ་ཁས་བླངས་པ་འགོག་པ་ན།དེ་ཆོས་ཅན།ཁྱོད་རང་བཞིན་གནས་རིགས་མ་ཡིན་པར་ཐལ།ཁྱོད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མེད་པའི་ཕྱིར།དེར་ཐལ།ཁྱོད་རྒྱུད་ལ་མི་ལྡན་པའི་སེམས་ཅན་ཡོད་པའི་ཕྱིར།ཞེས་ཁྱོད་རང་གིས་དངོས་སུ་བཀག་པའི་ཕྱིར།ཁ་ཅིག།སེམས་ཅན་གྱི་རྒྱུད་ཀྱི་ཟག་པ་དང་[34B]བཅས་པའི་ཡིད་ཀྱི་ཤེས་པ་རང་བཞིན་གནས་རིགས་ཡིན་བར་ཐལ།རྒྱུད་བླ་མ་ལས།ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ།ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དེའི་དོན་ནི།ཐེག་ཆེན་གྱི་སྒྲུབ་བའི་རྟེན་རང་བཞིན་གནས་རིགས་ཀྱི་རྟེན་དུ་གྱུར་པའི་ཟག་མེད་ཀྱི་ཤེས་པ་ངོས་བཟུང་བ་ཙམ་ཡིན་པའི་ཕྱིར༑ཁ་ཅིག།སེམས་ཙམ་པའི་ལུགས་ལ་ཟག་མེད་སེམས་ཀྱི་ས་བོན་རིགས་དང༌།དེ་ལ་ཐོས་སོགས་རྐྱེན་གྱིས་གསོས་བཏབ་པ་རྒྱས་འགྱུར་གྱི་རིགས་དང༌།མ་བཏབ་པ་རང་བཞིན་གནས་རིགས་སུ་འདོད་པ་ཡིན་ཟེར་ན།འོ་ན།དེའི་ལུགས་གཞིར་ཞོགས་ལ།ཟག་མེད་སེམས་ཀྱི་ས་བོན་ཆོས་ཅན།སངས་རྒྱས་ཀྱི་ས་ན་ཁྱོད་མེད་པར་ཐལ།ཁྱོད་སངས་རྒྱས་ཀྱི་རིགས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།རྣམ་མཁྱེན་སྐད་ཅིག་གཉིས་པར་གྱུར་པའི་སེམས་ཀྱི་ས་བོན་ཡོད་པའི་ཕྱིར།དེར་ཐལ།དེའི་ཉེར་ལེན་ཡོད་པའི་ཕྱིར།གཞན་ཡང༌།རང་ཉིད་སྐྱེད་བྱེད་ཐོས་སོགས་རྐྱེན་གྱིས་མ་བསྐྱེད་པའི་ཟག་མེད་སེམས་ཀྱི་ས་བོན་རང་བཞིན་གནས་རིགས་ཡིན་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།རང་བཞིན་གནས་རིགས་རྒྱུད་ལ་ལྡན་པའི་ལམ་མ་ཞུགས་ཀྱི་གང་ཟག་མེད་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།སེམས་ཙམ་པའི་ལུགས་ལ་རང་བཞིན་གནས་རིགས་ལ།རྒྱས་འགྱུར་གྱི་རིགས་ཀྱིས་མ་ཁྱབ་ཀྱང༌།རྒྱས་འགྱུར་གྱི་རིགས་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ཡིན་ནོ་ཟེར་ན།དེ་མི་འཐད་པར་ཐལ།དེས་དེ་གཉིས་འགལ་བར་འདོད་པའི་ཕྱིར།དེར་ཐལ།རྒྱས་འགྱུར་གྱི་རིགས་དེ་རང་ཉིད་གསོས་འདེབས་བྱེད་ཐོས་སོགས་རྐྱེན་གྱིས་གསར་དུ་གསོས་འདེབས་འགྱུར་གྱི་རྒྱུར་མེད་ཅིང་བཏབ་པའི་འབྲས་བུར་ཡོད་པ་དང༌།རང་བཞིན་གནས་རིགས་དེ་ལས་ལྡོག་སྟེ་ཡོད་བར་འདོད་བའི་ཕྱིར།གཞན་ཡང༌།དེའི་ལུགས་ལ།རྒྱས་འགྱུར་གྱི་རིགས་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་མི་འཐད་པར་ཐལ།སེམས་ཙམ་པས་སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན་དེ་ཟག་པ་མེད་པའི་སེམས་ཀྱི་ས་བོན་ཡིན་པས་རང་བཞིན་གནས་རིགས་ཀྱི་དོན་ཚང་བར་ཁས་བླངས་པ་ལ།སློབ་དཔོན་འཕགས་པས།དེ་ལྟར་ན་རྐྱེན་གྱིས་ཡང་དག་པར་བླངས་པ་ཡང་དེ་ཡིན་པས་དེས་ན་དེ་དང་འདི་ལ་དོན་གྱི་ཁྱད་པར་ཅི་ཞིག་ཡོད།ཅེས་བཀག་པའི་ཕྱིར།ཁ་ཅིག།སེམས་ཙམ་པ་ཡིན་ན།རིགས་ཆད་ཀྱི་སེམས་ཅན་འདོད་པས་ཁྱབ་ཟེར་ན།རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་མི་ནུས་ཏེ།[35A]ཐར་པ་ཐོབ་མི་ནུས་པའི་སེམས་ཅན་མེད་པར་འདོད་པའི་ཕྱིར།དེར་ཐལ།གཉེན་པོས་སྤང་དུ་མི་ནུས་པའི་སྒྲིབ་པ་མེད་པར་འདོད་པའི་ཕྱིར།དེར་ཐལ།རྣམ་འགྲེལ་ལས།རྟག་ཡིན་ཕྱིར་རམ་ཐབས་མེད་ཕྱིར།ཞེས་གསུངས་པའི་ཕྱིར།ཁ་ཅིག།ལུང་གི་རྗེས་འབྲང་གི་སེམས་ཅམ་པས་རིགས་ཆད་ཀྱི་སེམས་ཅན་ལ་རིགས་རྒྱུད་ལ་མི་ལྡན་པས་ཁྱབ་པར་འདོད་པ་ཡིན་ཟེར་ན།དེའི་ལུགས་གཞིར་ཞོགས་ལ།རིགས་དམན་པ་རྒྱུད་ལ་ལྡན་ཞིང་གསོ་བྱེད་ཀྱི་རྐྱེན་དང་བྲལ་བའི་རིགས་ཆད་ཀྱི་སེམས་ཅན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།མདོ་སྡེ་རྒྱན་ལས།དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།རིགས་དམན་པ་རྒྱུད་ལྡན་ཡིན་པའི་ཕྱིར།ཁ་ཅིག།ཆོས་དབྱིངས་གང་ཞིག།ཐེག་ཆེན་གྱི་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ།ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན།བདེན་འཛིན་གྱི་ཆོས་ཉིད་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།རྟགས་ཕྱི་མ་དེར་ཐལ།ཐེག་ཆེན་གྱི་སྒྲུབ་པས་རང་ཉིད་ལ་དམིགས་ནས་བསྒོམས་པས་ཐེག་ཆེན་སྒྲུབ་པ་གོང་ནས་གོང་འཕེལ་དུ་འགྱུར་བའི་ཕྱིར།འདོད་ན།བདེན་འཛིན་ཡེ་ཤེས་ཆོས་སྐུར་འགྱུར་རུང་ཡིན་བར་ཐལ།བདེན་འཛིན་གྱི་ཆོས་ཉིད་ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་པའི་ཕྱིར།མ་གྲུབ་ན།འཁོར་གསུམ་ཡོད།འདོད་མི་ནུས་སོ།།གཞན་ཡང༌།རྣམ་མཁྱེན་བདེན་སྟོང་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།རྟགས་གོང་བཞིན་སྒྲུབས།འདོད་མི་ནུས་ཏེ།རྣམ་མཁྱེན་གྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར།གཞན་ཡང༌།བུམ་པ་བདེན་སྟོང་གིས་མ་ངེས་སོ།།ཁ་ཅིག།རང་རྒྱུད་ལ་ལྡན་པའི་བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཆོས་ཉིད་གང་ཞིག།ཐེག་ཆེན་སྒྲུབ་པས་རང་ཉིད་ལ་དམིགས་ནས་བསྒོམས་པས་ཐེག་ཆེན་སྒྲུབ་པ་གོང་ནས་གོང་འཕེལ་དུ་འགྱུར་བ་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན།བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྒྲུབ་པའི་ཆོས་ཉིད་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།རྟགས་གསལ་ཆོས་ཅན་གྱིས་སྒྲུབས།ཁ་ཅིག།ཐེག་ཆེན་སྦྱོར་ལམ་ཐོབ་པའི་སྒྲུབ་པའི་ཆོས་ཉིད་གང་ཞིག།ཐེག་ཆེན་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ།སྐབས་འདིར་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཐེག་ཆེན་སྒྲུབ་པའི་[35B]རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན།ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་ཆོས་ཉིད་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།དེ་ཐེག་ཆེན་སྦྱོར་ལམ་ཐོབ་པའི་ཐེག་ཆེན་སྒྲུབ་པའི་ཆོས་ཉིད་ཡིན་པའི་ཕྱིར།དེར་ཐལ།དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་སྦྱོར།ལམ་བྲོད་ཀྱི་ཆོས་ཉིད་དེ་ཐེག་ཆེན་སྦྱོར་ལམ་ཐོབ་པའི་ཐེག་ཆེན་སྦྲུབ་པའི་ཆོས་ཉིད་ཡིན་པའི་ཕྱིར།མ་གྲུབ་ན།མཚོན་བྱ་རྟགས་སུ་བཀོད་ནས་འཁོར་གསུམ་ཡོད།འདོད་མི་ནུས་ཏེ།ཆོས་ཅན་དེའི་ཡིན་པའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ།སངས་རྒྱས་སུ་འགྱུར་རུང་སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད།དེ་ལ་རང་བཞིན་གནས་རིགས།རྒྱས་འགྱུར་གྱི་རིགས།དེ་ལས་གཞན་པ་དང་རྣམ་པ་གསུམ་ཡོད།ཆོས་དབྱིངས་གང་ཞིག།ངོ་བོ་ཉིད་སྐུར་འགྱུར་རུང༌།རང་བཞིན་གནས་རིགས་ཀྱི་མཚན་ཉིད།སངས་རྒྱས་ཀྱི་སའི་འདུས་བྱས་ཀྱི་སྐུར་འགྱུར་རུང་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད།དེ་ལ་ཐེག་པ་གསུམ་གྱི་རྒྱས་འགྱུར་གྱི་རིགས་རྣམ་པ་གསུམ་ཡོད༑དེ་ལས་གཞན་པ་ནི།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་བདེན་པར་གྱུར་པའི་འགོག་བདེན་དང༌།བྱང་སེམས་མཐོང་ལམ་པ་རྟག་སྟོང་ལྟ་བུ་དེ་ཡིན།སེམས་ཙམ་པའི་ལུགས་ཀྱི་རིགས་གཉིས་ཀྱི་ཁྱད་པར་ཡོད་དེ།སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན་རིགས་དང༌།རང་ཉིད་གསར་དུ་གསོས་འདེབས་བྱེད་ཐོས་སོགས་རྐྱེན་གྱིས་གསར་དུ་གསོས་བཏབ་པའི་སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད།རང་ཉིད་གསར་དུ་གསོས་འདེབས་བྱེད་ཐོས་སོགས་རྐྱེན་གྱིས་གསར་དུ་གསོས་མ་བཏབ་པའི་སེམས་ཅན་གྱི་གྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན།རང་བཞིན་གནས་རིགས་ཀྱི་མཚན་ཉེད།དེ་གཉིས་འགལ་བ་ཡིན་ཏེ།སྒྲུབ་བྱེད་གོང་དུ་བྱས་ཟིན་པའི་ཕྱིར།བྱེ་བྲག་ཏུ་སྨྲ་བས་སངས་རྒྱས་ཀྱི་རིགས་ཤེས་པར་འདོད་པ་ཡིན་ཏེ།བདག་དང་བདག་གི་བ་ལ་མ་ཆགས་པའི་སེམས་བྱུང་ཞིག་ལ་འདོད་པའི་ཕྱིར།རང་རྒྱུད་ལ་ལྡན་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྒྲུབ་པའི་ཆོས་ཉིད་གང་ཞིག།ཐེག་ཆེན་སྒྲུབ་པས་རང་ཉིད་ལ་དམིགས་ནས་།བསྒོམས་པས་ཐེག་ཆེན་སྒྲུབ་པ་གོང་ནས་གོང་འཕེལ་དུ་འགྱུར་བ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནྶ་རིགས་ཀྱི་མཚན་ཉིད།ཐེག་པ་ཆེན་པོའི་སྦྱོར་ལམ་ཐོབ་པའི་ཐེག་ཆེན་སྒྲུབ་པའི་ཆོས་ཉིད་གང་ཞིག།ཐེག་ཆེན་སྒྲུབ་པའི་དངོས་གྱི་རྟེན་གཞི་བྱེད་པ།སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་[36A]ཀྱི་མཚན་ཉིད།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག།སངས་རྒྱས་ཀྱི་རིགས་ཡིན་ན་ཐེག་ཆེན་གྱི་རིགས་ཡིན་དགོས་པར་ཐལ།སངས་རྒྱས་འཕགས་པའི་རིགས་ཅན་ཡིན་ན་ཐེག་ཆེན་གྱི་རིགས་ཅན་ཡིན་དགོས་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པ་ཡིན་ན་ཐེག་ཆེན་འཕགས་པ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ།འོ་ན།སངས་རྒྱས་ཀྱི་བཀའ་ཡིན་ན་ཐེག་ཆེན་གྱི་བཀའ་ཡིན་དགོས་པར་ཐལ།སངས་རྒྱས་འཕགས་པའི་བཀའ་ཡིན་ན་ཐེག་ཆེན་འཕགས་པའི་བཀའ་ཡིན་དགོས་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པ་ཡིན་ན་ཐེག་ཆེན་འཕགས་པ་ཡིན་དགོས་པའི་ཕྱིར།འཁོར་གསུམ།ཁ་ཅིག།བདེ་འགྲོའི་ལམ་དང་བདེ་འགྲོར་འགྲོ་བ་པོ་གཉིས་མི་འགལ་བར་ཐལ།སངས་རྒྱས་ཀྱི་རིགས་དང་སངས་རྒྱས་ཀྱི་རིགས་ཅན་མི་འགལ་བའི་ཕྱིར།༈འདོད་མི་ནུས་ཏེ།གང་ཟག་དང་དགེ་བ་གཉིས་འགལ་བའི་ཕྱིར།དེར་ཐལ།གང་ཟག་ཡིན་ན་ལུང་མ་བསྟན་ཡིན་དགོས་པའི་ཕྱིར།དེར་ཐལ།གང་ཟག་མ་སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར།ཟེར་ན་མ་ཁྱབ།ཁ་ཅིག།ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་ཡིན་ན།རང་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ལ་ཟག་པ་ཡོད་དགོས་པར་ཐལ།དྲི་བཅས་སེམས་ཀྱི་ཆོས་ཉིད་ཡིན་ན།རང་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ལ་དྲི་མ་ཡོད་དགོས་པའི་ཕྱིར།དེར་ཐལ།བྱང་སེམས་རྒྱུན་མཐའ་བའི་རྒྱུད་ལ་དྲི་བཅས་སེམས་ཀྱི་ཆོས་ཉིད་མེད་པ་ལ་རྒྱུ་མཚན་ཡང་དག་ཡོད་པའི་ཕྱིར་ཟེར་ན།རྩ་བ་ལ་མ་ཁྱབ་བོ།།འདོད་ན།ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་ན།ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཉོན་མོངས་ཡོད་པར་ཐལ་ལོ།།ཁ་ཅིག།འདོད་སེམས་ཡིན་ན།སེམས་ཡིན་དགོས་པར་ཐལ།དྲི་བཅས་སེམས་ཀྱི་ཆོས་ཉིད་ཡིན་ན་སེམས་བྱུང་གི་ཆོས་ཉིད་མ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།ཤིན་སྦྱངས་ཀྱི་བདེ་བ་ཁྱད་པར་ཅན་མ་ཐོབ་པའི་ཏིང་ངེ་འཛིན་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་མི་ནུས་ཏེ།སེམས་བྱུང་ཡིན་པའི་ཕྱིར།དེར་ཐལ།ཏིང་ངེ་འཛིན་ཡིན་པའི་ཕྱིར།ཁ་ཅིག།སེམས་བྱུང་གི་ཆོས་ཉིད་དང་སེམས་ཀྱི་ཆོས་ཉིད་མི་འགལ་བར་ཐལ།སེམས་ཀྱི་ཆོས་ཉིད་དེ་སེམས་ཀྱི་འཁོར་དུ་གྱུར་པའི་ཀུན་འགྲོ་ལྔ་ཀའི་ཆོས་ཉིད་ཡིན་པའི་ཕྱིར།དེར་ཐལ།སེམས་དང་སེམས་ཀྱི་འཁོར་དུ་གྱུར་པའི་[36B]ཀུན་འགྲོ་ལྔ་ངོ་བོ་གཅིག་ལ་ལྡོག་བ་ཐ་དད་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་སོ།།ཁ་ཅིག།སྒྲིབ་པའི་རྣམ་པར་སྐྱེས་ན།སྒྲིབ་པ་ཡིན་དགོས་པར་ཐལ།སངས་རྒྱས་ཀྱི་རིགས་སུ་སྐྱེས་ན།སངས་རྒྱས་ཀྱི་རིགས་ཡིན་དགོས་པའི་ཕྱིར།འདོད་ན།རྣམ་མཁྱེན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།སྒྲིབ་པའི་རྣམ་ལྡན་དུ་སྐྱེས་པའི༌༈ཕྱིར་ཟེར་ན་མ་ཁྱབ།མ་གྲུབ་ན།དེར་ཐལ།སྒྲིབ་པའི་རྣམ་ལྡན་ཡིན་པའི་ཕྱིར།དེར་ཐལ།རྣམ་མཁྱེན་ཡིན་པའི་ཕྱིར།འདོད་མི་ནུས་སོ་ཟེར་ན།འོ་ན།ཁྱེ་རྒྱན་རྒྱ་བོ་ཆོས་ཅན།སངས་རྒྱས་འཕགས་པའི་རིགས་ཡིན་པར་ཐལ།སངས་རྒྱས་ཀྱི་རིགས་ཡིན་པའི་ཕྱིར་དང༌།འཚང་རྒྱ་བ་ཡང་རིགས་པའི་ཕྱིར།མ་གྲུབ་ན།འཚང་མི་རྒྱ་པར་ཐལ།མ་གྲུབ་པ་དེའི་ཕྱིར།འདོད་མི་ནུས་ཏེ།སེམས་ཅན་ཡིན་པའི་ཕྱིར།ཁ་ཅིག།ཐེག་ཆེན་གྱི་རིགས་དང་ཐེག་དམན་གྱི་རིགས་མི་འགལ་བར་ཐལ།ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་རང་བཞིན་གནས་རིགས་དེ་ཐེག་ཆེན་གྱི་རིགས་ཡིན་པའི་ཕྱིར།དེར་ཐལ།དེའི་རྒྱུད་ལ་ཐེག་པ་ཆེན་གྱི་རིགས་ཡོད་པའི་ཕྱིར།མ་གྲུབ་ན།དེ་ཐེག་ཆེན་པོར་རིགས་སད་པ་མི་སྲིད་པར་ཐལ།དེའི་རྒྱུད་ལ་ཐེག་ཆེན་དུ་རིགས་སད་རྒྱུའི་ཐེག་ཆེན་གྱི་རིགས་མེད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།དེ་ཆོས་ཅན།ཁྱོད་ཐེག་པ་ཆེན་པོར་རིགས་སད་པ་སྲིད་པར་ཐལ།ཁྱོད་ཐེག་ཆེན་ལམ་དུ་འཇུག་པ་སྲིད་པའི་གང་ཟག་ཡིན་པའི་ཕྱིར།ཁ་ཅིག།ཉན་ཐོས་མཐོང་ལམ་པའི་རྒྱུད་ལ་ཐེག་ཆེན་གྱི་རིགས་ཡོད་པར་ཐལ།ཐེག་དམན་ལམ་དུ་འཇུག་ཁ་མའི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཐེག་དམན་གྱི་རིགས་ཡོད་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།ཁྱོད་ཀྱི་རྒྱུད་ལ་ཐེག་དམན་གྱི་རིགས་ཡོད་པར་ཐལ།ཁྱོད་ཐེག་དམན་ལམ་དུ་འཇུགཁ་མའི་གང་ཟག་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།ཁ་ཅིག།ཆོས་དབྱིངས་གང་ཞིག།ངོ་བོ་ཉིད་སྐུར་འགྱུར་རུང་ཆོས་ཅན།ཆོས་དེ་ཁྱོད་ཡིན་ན་ཆོས་དེ་རང་བཞིན་གནས་རིགས་ཡིན་དགོས་པར་ཐལ།ཁྱོད་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར།འདོད་ན།བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་བདེན་པར་གྱུར་པའི་འགོག་བདེན་ཆོས་ཅན།བདེན་འཛིན་གྱི་ཆོས་ཉིད་རང་བཞིན་གནས་རིགས་ཡིན་པར་ཐལ།བདེན་འཛིན་གྱི་ཆོས་ཉིད་ཆོས་དབྱིངས་གང་ཞིག།ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་པའི་ཕྱིར་ཟེར་ན།སྡོམ་རྟགས་མ་གྲུབ་བོ།གལ་ཏེ་དེས་ལན་མི་ཐེབས་ན།ཤེས་བྱ་ཆོས་ཅན།ཤེས་བྱ་དང་གཅིག་གང་ཞིག།[37A]དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་པར་ཐལ།དེ་ཡིན་པའི་ཕྱིར།མ་གྲུབ་ན་སླ།འདོད་ན།ཤེས་བྱ་དང་གཅིག་གང་ཞིག།དོན་བྱེད་ནུས་པ་ཆོས་ཅན།ཆོས་དེ་ཁྱོད་ཡིན་ན།ཆོས་དེ་དངོས་པོ་ཡིན་དགོས་པར་ཐལ།ཁྱོད་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར།རྟགས་ཁྱབ་ཁས།འདོད་ན།དེ་ཆོས་ཅན།ཆོས་དེ་ཁྱོད་ཡིན་ན་ཆོས་དེ་དངོས་པོ་ཡིན་དགོས་པར་ཐལ།ཁྱོད་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར།ཁྱབ་པ་ཁས།འདོད་ན།བུམ་པ་ཆོས་ཅན།རྟག་པ་དངོས་པོ་ཡིན་པར་ཐལ།རྟག་པ་ཆོས་གང་ཞིག་དོན་བྱེད་ནུས་པ་ཡིན་པའི་ཕྱིར།འཁོར་གསུམ།ཁ་ཅིག།སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན་གང་ཞིག།གཟུགས་སྐུར་གནས་འགྱུར་རུང་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད་ཡིན་པར་ཐལ།རྣམ་བཤད་ལས་དེ་ལྟར་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།སེམས་ཅན་གྱི་རྒྱུད་ཀྱི་ཟག་མེད་སེམས་ཀྱི་ས་བོན་དང་གཟུགས་སྐུར་གནས་འགྱུར་རུང་གཉིས་རྒྱས་འགྱུར་གྱི་རིགས་ཀྱི་མཆན་གཞིར་བཟུང་བ་ཙམ་ཡིན་པའི་ཕྱིར།ཁ་ཅིག་[ལིནེ་བྲ(AK)?]།ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཆོས་ཅན།ཐེག་ཆེན་སྦྱོར་ལམ་ཐོབ་པའི་སྒྲུབ་པའི་ཆོས་ཉིད་ཡིན་པར་ཐལ།སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་པའི་ཕྱིར།དེར་ཐལ།རྟོགས་པ་ཡི་ནི་ཆོས་དྲུག་དང༌།ཞེས་པའི་གཞུང་འདི་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དངོས་སུ་བསྟན་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་ཟེར་ན།མ་ཁྱབ།འདོད་མི་ནུས་སོ།།ཁ་ཅིག།སེམས་ཙམ་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པར་ཐལ།ཉན་ས་ལས།ས་བོན་གང་ཡིན་པ་དེ་དང་འབྲས་བུ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་ནས་དེའི་ཕྱིར་རིགས་དེ་རགས་པ་ཞེས་བྱ་བར་སྟོན་པར་འགྱུར་རོ།།ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དེའི་དོན་ནི།ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཐེག་ཆེན་རིགས་ངེས་ཀྱི་གང་ཟག་གི་རྒྱུད་ཀྱི་རིགས་ཕྲ་མོ་རང་བཞིན་གནས་རིགས་དེ་ཐེག་ཆེན་ལམ་དུ་ཞུགས་ནས་ཐོས་སོགས་རྐྱེན་གྱིས་གསོས་བཏབ་པ་ན་སྔར་གྱི་རིགས་ཕྲ་མོ་རང་བཞིན་གནས་རིགས་དེ་ཐོས་སོགས་རྐྱེན་གྱིས་གསོས་བཏབ་པའི་རིགས་རགས་བར་འཇོག་ཅེས་པའི་དོན་ཡིན་པའི་ཕྱིར།གཞན་ཡང༌།སེམས་ཙམ་པའི་ལུགས་ལ་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་འགལ་བར་ཐལ།ལེགས་བཤད་གསེར་ཕྲེང་[37B]ལས།དེ་གཉིས་ལྡོག་པ་འགལ་ཞིང་རྫས་མི་འགལ་བར་གསུངས་པའི་ལྡོག་པ་འགལ་བའི་དོན་གཅིག་ཡིན་ལ་གཅིག་མིན་གྱིས་ཁྱབ་པ་དང༌།རྫས་མི་འགལ་པའི་དོན་རྫས་རིགས་གཅིག་པའི་དོན་ཡིན་པའི་ཕྱིར།ཁ་ཅིག།སངས་རྒྱས་ཀྱི་རིགས་ལ་ཐེག་ཆེན་གྱི་རིགས་ཀྱིས་ཁྱབ་པར་ཐལ།སངས་རྒྱས་ཀྱི་རིགས་ཡིན་ན་མཐར་ཐུག་ལ་ལྟོས་པའི་ཐེག་ཆེན་གྱི་རིགས་ཡིན་དགོས་པའི་ཕྱིར།དེར་ཐལ།སེམས་ཅན་ཡིན་ན་མཐར་ཐུག་ལ་ལྟོས་པའི་ཐེག་ཆེན་གྱི་རིགས་ཅན་དུ་གྱུར་ཟིན་པ་དང༌།འགྱུར་རུང་གང་རུང་ཡིན་དགོས་པ་གང་ཞིག།།མཐར་ཐུག་ལ་ལྟོས་པའི་སངས་རྒྱས་ཀྱི་རིགས་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།བཀག་ཟིན།།།།༈རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ལྟར་དུས་མཉམ་དུ་གཉེན་པོ་དང་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འགག་པ་དག་གོ།ཞེས་སོགས་ཀྱི་སྐབས་སུ།ཐེག་ཆེན་མཐོང་ལམ་སྒོམ་ལམ་གྱི་བར་ཆད་མེད་ལམ་གཉིས་ཀྱི་ཆོས་ཉིད་ཆོས་ཅན།ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་ཏེ།རང་རྒྱུད་ལ་ལྡན་པའི་བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཆོས་ཉིད་གང་ཞིག་ཐེག་ཆེན་གྱི་སྒྲུབ་པས་རང་ཉིད་ལ་དམིགས་ནས་བསྒོམས་པས་ཐེག་ཆེན་སྒྲུབ་པ་གོང་ནས་གོང་འཕེལ་དུ་འགྱུར་བ་དེ་ཡིན་པའི་ཕྱིར།འདིའི་སྐབས་སུ་གསུམ་ལས།དང་པོ་ལ་ཁ་ཅིག།གཉེན་པོ་དང་ཞེས་པས་ཐེག་ཆེན་གྱི་མཐོང་སྒོམ་བར་ཆད་མེད་ལམ་གཉིས་ཀྱི་ཆོས་ཉིད་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་སུ་བསྟན།སྤོང་བ་དང་ཞེས་པས།ཐེག་ཆེན་གྱི་མཐོང་སྒོམ་རྣམ་གྲོལ་ལམ་གཉིས་ཀྱི་ཆོས་ཉིད་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞེན་གནས་རིགས་སུ་བསྟན་པ་ཡིན་ཟེར་ན།དེ་མི་འཐད་པར་ཐལ།གཉེན་པོ་དང་ནི་སྤོང་བ་དང༌།།ཞེས་སྡོམས་པས་ཐེག་ཆེན་གྱི་མཐོང་སྒོམ་བར་ཆད་མེད་ལམ་གཉིས་ཀྱི་ཆོས་ཉིད་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་སུ་བསྟན་པའི་ཕྱིར།དེར་ཐལ།དེ་དག་ཡོངས་སུ་གཏུགས་པ་དང༌།ཞེས་པས་ཐེག་ཆེན་གྱི་མཐོང་སྒོམ་རྣམ་གྲོལ་ལམ་གཉིས་ཀྱི་ཆོས་ཉིད་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་སུ་བསྟན་པའི་ཕྱིར།དེར་ཐལ།གཞུང་དེའི་བསྟན་དོན་ཅིག་ཡོད་པའི་ཕྱིར།ཁ་ཅིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དང་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་གཉིས་དངོས་སུ་གནོད་བྱ་གནོད་བྱེད་ཡིན་གྱི།བདེན་འཛིན་ཀུན་བཏགས་མངོན་འགྱུར་བ་དང་དངོས་སུ་གནོད་བྱ་གནོད་བྱེད་མ་ཡིན་ཏེ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་མངོན་འགྱུར་བ་[38A]མེད་པའི་ཕྱིར་ཟེར་ན།བདེན་འཛིན་ཀུན་བཏགས་མངོན་འགྱུར་བ་ལ་དངོས་སུ་གནོད་བྱེད་ཀྱི་གཉེན་པོ་ཅིག་མེད་པར་ཐལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེ་ཡང་དེ་ལ་དངོས་སུ་གནོད་བྱེད་ཀྱི་གཉེན་པོ་མ་ཡིན།ཐེག་ཆེན་སྒོམ་ལམ་བར་ཆད་མེད་ལམ་དེ་ཡང་དེ་ལ་དངོས་སུ་གནོད་བྱེད་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར།མ་གྲུབ་ན།འཁོར་གསུམ་ཡོད།འདོད་ན།བདེན་འཛིན་ཀུན་བཏགས་མངོན་འགྱུར་བ་ཆོས་ཅན།ཁྱོད་ལ་དངོས་སུ་གནོད་བྱེད་ཀྱི་གཉེན་པོ་ཡོད་པར་ཐལ།ཁྱོད་སྒྲིབ་པ་མངོན་འགྱུར་བ་ཡིན་པའི་ཕྱིར།གལ་ཏེ་སྟོང་ཉིད་རྟོགས་པའི་ཐེག་པ་ཆེན་པོའི་སྦྱོར་ལམ་དེ་དེ་ལ་དངོས་སུ་གནོད་བྱེད་ཀྱི་གཉེན་པོ་ཡིན་ཟེར་ན།འོ་ན།སྟོང་ཉིད་རྟོགས་པའི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་མངོན་འགྱུར་བ་ཡོད་པར་ཐལ།དམ་བཅའ་འཐད་པའི་ཕྱིར།ཁྱབ་སྟེ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་མངོན་འགྱུར་བ་མེད་པའི་རྒྱུ་མཚན་གྱིས་ཐེགཆེན་མཐོང་ལམ་བར་ཆད་མེད་ལམ་དང་བདེན་འཛིན་ཀུན་བཏགས་གཉིས་དངོས་སུ་གནོད་བྱ་གནོད་བྱེད་མ་ཡིན་པར་ཁས་བླངས་པའི་ཕྱིར།འཁོར་གསུམ།འདོད་ན།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་མངོན་འགྱུར་བ་ཡོད་པར་ཐལ་ལོ།།ཁ་ཅིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་མེད་ཀྱང༌།རྒྱུན་མཐའི་བར་ཆད་མེད་ལམ་པའི་རྒྱུད་ལ་གནས་ངན་ལེན་གྱི་དྲི་མ་ཡོད་ཟེར་ན།དེ་མི་འཐད་པར་ཐལ།ཐེག་ཆེན་མཐོང་ལམ་སྒོམ་ལམ་གྱི་བར་ཆད་མེད་ལམ་གཉིས་ཀྱིས་སྤང་བྱ་སྤོང་ཚུལ་སྐྱེ་འགྱུར་གྱི་ཚུལ་གྱིས་སྤོང་བ་དང༌།འགགའགྱུར་གྱི་ཚུལ་གྱིས་སྤོང་བ་གཉིས་ཀ་ཁས་བླངས་པར་འགྱུར་པའི་ཕྱིར།དེར་ཐལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་སྤང་བྱ་སྤོང་ཚུལ་སྐྱེ་འགྱུར་གྱི་ཚུལ་གྱིས་སྤོང༌།རྒྱུན་མཐའི་བར་ཆད་མེད་ལམ་གྱིས་འགག་འགྱུར་གྱི་ཚུལ་གྱིས་སྤོང་པའི་ཕྱིར།དང་པོ་དེར་ཐལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་ཟིན་པ་དང་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགག་ཟིན་པ་དུས་མཉམ་པའི་ཚུལ་གྱིས་སྤོང་བའི་ཕྱིར།ཕྱི་མ་དེར་ཐལ།གནས་[38B]ངན་ལེན་གྱི་དྲི་མ་དང་རྒྱུན་མཐའི་བར་ཆད་མེད་ལམ་ལྷན་ཅིག་ཏུ་འགག་པའི་ཚུལ་གྱིས་སྤོང་པའི་ཕྱིར།དེར་ཐལ།རྒྱུན་མཐའི་བར་ཆད་མེད་ལམ་པའི་རྒྱུད་ལ་གནས་ངན་ལེན་གྱི་དྲི་མ་ཡོད་པའི་ཕྱིར།རྟགས་ཁས།ཁ་ཅིག།རྒྱུན་མཐའི་བར་ཆད་མེད་ལམ་པའི་རྒྱུད་ལ་གནས་ངན་ལེན་གྱི་དྲི་མ་མེད་ཀྱང་རྒྱུན་མཐའི་བར་ཆད་མེད་ལམ་པ་དེ་གནས་ངན་ལེན་གྱི་དེ་མ་དང་མ་བྲལ་ཟེར་ན།དེ་གནས་ངན་ལེན་གྱི་དྲི་མ་དང་བྲལ་བར་ཐལ།འགྲེལ་པ་ལས།དྲི་མ་ཐམས་ཅད་དང་བྲལ་བས་སྟོན་ཀའི་ཟླ་བའི་འོད་བཞིན་དུ་དཀར་པའི་ངོ་བོར་སྐྱེས་པ་དེའི་ཚེ།ཞེས་གསུངས་པའི་ཕྱིར།ཁ་ཅིག།རྒྱུན་མཐའི་བར་ཆད་མེད་ལམ་པས་གནས་ངན་ལེན་གྱི་དྲི་མ་ཕྲ་མོ་གཉེན་པོས་ལག་རྗེས་བཞག་པའི་སྒོ་ནས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟེར་ན།འོ་ན།དེས་གནས་ངན་ལེན་གྱི་དྲི་མ་ཕྲ་མོ་སྤངས་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།དེས་གཉེན་པོའི་སྒོ་ནས་གནས་ངན་ལེན་གྱི་དྲི་མ་སླར་མི་སྐྱེ་བའི་ཆོས་ཅན་དུ་མ་བྱས་ཟེར་ན།དེ་བྱས་པར་ཐལ།དེས་གནས་ངན་ལེན་གྱི་དྲི་མ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་གང་ཞིག།དེས་གཉེན་པོ་མེད་པར་གནས་ངན་ལེན་གྱི་དྲི་མ་སླར་མི་སྐྱེ་བའི་ཆོས་ཅན་དུ་མ་བྱས་པའི་ཕྱིར།དེར་ཐལ།སྒྲིབ་པ་རང་ཞི་ལ་སོང་བ་མི་སྲིད་པའི་ཕྱིར།དང་པོ་དེར་ཐལ།དེའི་རྒྱུད་ལ་རྐྱེན་གང་དང་ཕྲད་ཀྱང་ཕྱིས་དེའི་རྒྱུད་ལ་གནས་ངན་ལེན་གྱི་དྲི་མ་སྐྱེ་བ་མི་སྲིད་པའི་ཕྱིར།ཁ་ཅིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་མེད་ཀྱང༌།དེའ་རྒྱུད་ལ་བདེན་འཛིན་ལྷན་སྐྱེས་ཡོད་ཟེར་ན།འོ་ན་དེའི་རྒྱུད་ལ་དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཡོད་པར་ཐལ།དམ་བཅའ་དེ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།མདོ་ལས།ཡེ་ཤེས་ལ་བརྟེན་མི་ཤེས་དྲི་མ་འཇོམས།།ཡེ་ཤེས་དང་ནི་ཉོན་མོངས་རྟག་པར་ཡང༌།།དེ་དག་རེས་འགའ་ཙམ་ཡང་འཕྲད་པ་མེད།།ཅེས་གསུངས་པའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ།ཐེག་ཆེན་གྱི་མཐོང་སྒོམ་གྱི་བར་ཆད་མེད་ལམ་གྱིས་སྤང་བྱ་སྤོང་པའི་ཚུལ་ཡོད་དེ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་ངོན་དུ་ཕྱོགས་པ་དང༌།བདེན་འཛིན་ཀུན་བཏགས་ཀྱི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་ཟིན་པ་དང༌།བདེན་འཛིན་ཀུན་བཏགས་ཀྱི་ས་བོན་འགག་ཟིན་པ་དུས་མཉམ་པའི་ཚུལ་གྱིས་སྤོང་ཞིང༌།དེ་བཞིན་དུ་རྒྱུན་མཐའི་བར་ཆད་མེད་ལམ་གྱི་པར་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར།།།།༈[39A]༈གསུམ་པ་རྩོད་པ་སྤོང་པ་ལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་བར་སྐྱེས་ཟིན་ན།བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགག་ཟིན་པས་ཁྱབ་པར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགགཟིན་པར་ཐལ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་ཟིན་པའི་ཕྱིར།དེར་ཐལ།དེ་དངོས་པོ་ཡིན་པའི་ཕྱིར།འདོད་མི་ནུས་སོ་ཟེར་ན།དུ་བ་རྫོགས་པར་སྐྱེས་ཟིན་ན་མེ་རྫོགས་པར་འགག་ཟིན་པས་ཁྱབ་པར་ཐལ།དུ་བསྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་མེ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ།དུ་བ་རྫོགས་པར་སྐྱེས་ཟིན་པ་དང་མེ་རྫོགས་པར་འགག་ཟིན་པ་དུས་མཉམ་པའི་ཕྱིར།དེར་ཐལ།མེ་དང་དུ་བ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར།འདོད་ན།མེ་རྫོགས་པར་འགག་ཟིན་པར་ཐལ་ལོ།།གཞན་ཡང༌།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་ཟིན་པ་དང་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགག་ཟིན་པ་དུས་མཉམ་པར་ཐལ།འགྲེལ་པ་ལས།གཉེན་པོ་དང་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འགག་པ་དག་གོ།ཞེས་གསུངས་པའི་ཕྱིར།དེ་ལ་སྐྱོན་མེད་དེ།གང་ཟག་གཅིག་གི་རྒྱུད་ལ་དེ་ལྟར་དུས་མཉམ་ཞེས་པའི་དོན་ཡིན་པའི་ཕྱིར་ཟེར་ན།འོ་ན།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་དེ་ལྟར་དུ་དུས་མཉམ་པ་ཡིན་ནམ།ཐེག་ཆེན་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མ་པའི་རྒྱུད་ལ་དེ་ལྟར་དུས་མཉམ་པ་དག་ལས་གང་ཡིན།དང་པོ་ལྟར་ན།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པར་ཐལ།དེའི་རྒྱུད་ལ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌།བདེན་འཛིན་ཀུན་བཏགས་ཀྱི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་པའི་ཕྱིར།ཁྱབ་པ་ཁས།འདོད་ན།དེའི་རྒྱུད་ལ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་མེད་པར་ཐལ།འདོད་པའི་ཕྱིར།ཁྱབ་སྟེ།འཇུག་པ་ལས།སྐྱེ་བཞིན་པ་ནི་སྐྱེ་ལ་ཕྱོགས་པར་ཡོད་མིན་ཞིང༌།ཞེས་གསུངས་པའི་ཕྱིར།འདོད་ན།དེ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་མ་ཡིན་པར་ཐལ་ལོ།།གཞན་ཡང༌།དེའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་ཡོད་པར་ཐལ།དེའི་རྒྱུད་[39B]ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར།དེར་ཐལ།དེའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དང༌།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་པའི་ཕྱིར།རྟགས་ཁས།འདོད་ན།དེ་ཆོས་ཅན།ཁྱོད་ཀྱི་རྒྱུད་ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་མེད་པར་ཐལ།ཁྱོད་ཐེག་ཆེན་གྱི་བར་ཆད་མེད་ལམ་པ་ཡིན་པའི་ཕྱིར།ཕྱི་མ་ལྟར་ན།འོ་ན།ཐེག་ཆེན་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མ་པའི་རྒྱུད་ལ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་ཟིན་ནམ་མ་ཟིན།ཕྱི་མ་ལྟར་ཡིན་ཟེར་ན།དེའི་རྒྱུད་ལ་ཐེགཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་ཟིན་པར་ཐལ།དེའི་རྒྱུད་ལ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་ཟིན་པ་དང་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགག་ཟིན་པ་དུས་མཉམ་པའི་ཕྱིར།རྟགས་ཁྱབ་དངོས།སྐྱེས་ཟིན་ཟེར་ན།དེ་ཆོས་ཅན།ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་མ་ཟིན་པར་ཐལ།ཁྱོད་སྦྱོར་ལམ་པ་ཡིན་པའི་ཕྱིར།གཞན་ཡང༌།དེའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགག་ཟིན་པར་ཐལ།དེའི་རྒྱུད་ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགག་ཟིན་པ་དང༌།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་རྫོགས་པར་སྐྱེས་ཟིན་པ་དུས་མཉམ་པའི་ཕྱིར།རྟགས་ཁྱབ་དངོས།འདོད་ན།དེ་ཆོས་ཅན།ཁྱོད་ཀྱི་རྒྱུད་ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགག་མ་ཟིན་པར་ཐལ།ཁྱོད་སོ་སོ་སྐྱེ་བོ་ཡིན་པའི་ཕྱིར།གཞན་ཡང༌།ཉི་མའི་དཀྱིལ་འཁོར་ཤར་ཟིན་ན་མུན་པ་རྫོགས་པར་འགག་ཟིན་པས་ཁྱབ་པར་ཐལ།ཉི་མའི་དཀྱིལ་འཁོར་རྫོགས་པར་ཤར་བ་དང་མུན་བ་རྫོགས་པར་འགག་ཟིན་པ་དུས་མཉམ་པའི་ཕྱིར།ཁྱབ་པ་ཁས།མ་གྲུབ་ན་དེར་ཐལ།མདོ་ལས།ཉི་མའི་དཀྱིལ་འཁོར་ཤར་བའི་ཚེ་མུན་པའི་གནས་མེད་ཅིང་སྐབས་མེད་དོ།།ཞེས་གསུངས་པའི་ཕྱིར།འདོད་ན།མུན་པ་རྫོགས་པར་འགག་ཟིན་པར་ཐལ་ལོ།།ཁ་ཅིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དང་བདེན་འཛིན་ཀུན་བཏགས་གཉིས་དངོས་སུ་གནོད་བྱ་གནོད་བྱེད་མ་ཡིན་པར་ཐལ།བདེན་འཛིན་ཀུན་བཏགས་འདས་པ་རྣམས་འགག་པའི་ཕྱིར་དེ་དང་དངོས་སུ་གནོད་བྱ་གནོད་བྱེད་མ་ཡིན།མ་འོངས་པ་རྣམས་མ་སྐྱེས་པའི་ཕྱིར་དེ་ལྟར་མ་ཡིན།དེ་ལྟར་བ་རྣམས་ལམ་དང་ལྷན་ཅིག་ཏུ་མི་འཇུག་པའི་ཕྱིར་དེ་[40A]དང་དངོས་སུ་གནོད་བྱེད་མ་ཡིན་པའི་ཕྱིར།དེར་ཐལ།ཀུན་ལས་བཏུས་ལས།འདས་པ་རྣམས་འགག་པའི་ཕྱིར་མ་ཡིན།མ་འོངས་པ་རྣམས་མ་སྐྱེས་པའི་ཕྱིར་མ་ཡིན།དེ་ལྟར་བ་ལམ་དང་ལྷན་ཅིག་ཏུ་མི་འཇུག་པའི་ཕྱིར་མ་ཡིན།འོན་ཀྱང་གནས་ངན་ལེན་གྱི་རྣམ་པ་གང་ཡིན་པ་དེ་ནི་དེ་ལས་སྦོང་སྟོགས་མི་མཐུན་པ་དང་གཉེན་པོའི་ཕྱོགས་སྐྱེ་པ་དང་འགག་པ་དུས་མཉམ་བས་མཉམ་སྟེ།དབེར་ན།སྣང་བ་དང་མུན་པ་བཞིན།ཞེས་གསུངས་པའི་ཕྱིར།ཟེར་ན་སྐྱོན་མེད་དེ།ལུང་དེའི་དོན་ནི་འདེན་འཛིན་ཀུན་བཏགས་འདས་པ་རྣམས་འགག་ཟིན་པས་དེའི་རྒྱུད་ལ་མེད།མ་འོངས་པ་རྣམས་མ་སྐྱེས་པའི་ཕྱིར་དེའི་རྒྱུད་ལ་མེད།ད་ལྟར་བ་རྣམས་ལམ་དང་ལྷན་ཅིག་ཏུ་མི་འཇུག་པའི་ཕྱིར་དེའི་རྒྱུད་ལ་མེད་ཀྱང༌།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌།བདེན་འཛིན་ཀུན་བཏགས་ཀྱི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེས་ཟིན་པ་དང་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་རྫོགས་པར་འགག་ཟིན་པ་དུས་མཉམ་པའི་ཚུལ་གྱིས་བདེན་འཛིན་ཀུན་བཏགས་སྤོང་ཞེས་པའི་དོན་ཡིན་པའི་ཕྱིར།ཁ་ཅིག།རྒྱུན་མཐའི་བར་ཆད་མེད་ལམ་བ་དེས་གློ་བུར་གྱི་དྲི་མ་དང་བྲལ་པའི་བྲལ་བ་ཐོབ་པར་ཐལ།དེ་གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར།འདོད་ན།དེས་གློ་བུར་གྱི་དྲི་མ་སྤངས་པར་ཐར།དོད་པའི་ཕྱིར་ཟེར་ན།མ་ཁྱབ།འདོད་མི་ནུས་སོ་ཟེར་ན།དེས་བློ་བུར་གྱི་དྲི་མ་དང་བྲལ་པའི་བྲལ་བ་ཐོབ་པར་ཐལ།དེའི་རྒྱུད་ཀྱི་འགོག་བདེན་དེ་བློ་བུར་གྱི་དྲི་མ་དང་བྲལ་བའི་བྲལ་བ་ཡིན་པའི་ཕྱིར།དེར་ཐལ།དེའི་རྒྱུད་ཀྱི་ཆོས་ཉིད་དེ་བློ་བུར་གྱི་དྲི་མ་དང་བྲལ་བའི་ཆོས་ཉིད་ཡིན་པའི་ཕྱིར།དེ་རྒྱུན་མཐའི་བར་ཆད་མེད་ལམ་དེ་གློ་བུར་གྱི་དྲི་མ་དང་བྲལ་བའི་ཆོས་ཅན་ཡིན་པའི་ཕྱིར།ཁ་ཅིག།རྒྱུན་མཐའི་བར་ཆད་མེད་ལམ་པས་དྲི་མ་གཉེན་པོས་ལག་རྗེས་བཞག་པའི་སྒོ་ནས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པར་ཐལ།དེ་ལྟར་རྣམ་བཤད་ལས་གསུངས་པའི་ཕྱིར།ཟེར་ན།དེའི་དོན་ནི།གཉེན་པོའི་སྒོ་ནས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཞེས་པའི་དོན་ཡིན་པའི་ཕྱིར།དེ་ལ་ཁོ་ན་རེ།རྒྱུན་མཐའི་བར་ཆད་མེད་ལམ་པས་གཉེན་པོའི་སྒོ་ནས་དྲི་མ་སླར་མི་སྐྱེ་བའི་ཆོས་ཅན་དུ་མ་བྱས་པར་ཐལ།དྲི་མ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ལ་གཉེན་པོ་མི་དགོས་པའི་ཕྱིར།དེར་ཐལ།དྲི་མ་སླར་སྐྱེ་མི་སྲིད་པའི་ཕྱིར།དེར་ཐལ།དྲི་མ་སྐྱེས་ཟིན་སླར་ཡང་སྐྱེ་བ་མི་སྲིད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།བཀག་ཟིན།།༈།།དེའི་འོག་ཏུ་བསམ་པ་ཇི་ལྟར་པ་བཞིན་[40B]དུ་གཞུག་པ་ལ་སོགས་པ་ལྡེ་མ༌༈བོར་དགོངས་པའི་སྒོ་ནས།ཞེས་སོགས་ཀྱི་སྐབས་སུ་དྲང་ངེས་ཀྱི་སྡེ་སྣོད་སྣ་ཚོགས་པ་ལ་བརྟེན་ནས་བཞན་དོན་གོ་རིམས་སུ་བྱེད་པའི་ས་བཅུ་པའི་ཆོས་ཉིད་ཆོས་ཅན།ཁྱོད་དེའི་རང་ཞིན་གནས་རིགས་ཡིན་ཏེ།དེས་རང་ཉིད་ལ་དམིགས་ནས་བསྒོམས༌༈པས་དེ་རྟོགས་པ་གོང་ནས་གོང་འཕེལ་དུ་འགྱུར་པའི་དེའི་ཆོས་ཉིད་ཡིན་པའི་ཕྱིར།འདིའི་སྐབས་སུ་དགག་བཞག་སྤང་གསུམ་ལས།དང་པོ་ལ།ཁ་ཅིག།སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་བའི་མདོ་ངེས་དོན་གྱི་མདོའི་མཚན་ཉིད།སྒྲ་ཇི་བཞིན་དུ་ཁས་བླངས་སུ་མི་རུང་བའི་མདོ་དྲང་དོན་གྱི་མདོའི་མཚན་ཉིད་ཟེར་ན།ཀྱེ་མ་འདུས་བྱས་རྣམས་མི་རྟག་ཅེས་པའི་མདོ་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁྱབ་སྟེ།འདུས་བྱས་མི་རྟག་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་མི་སྟོན་པའི་མདོ་ཡིན་པའི་ཕྱིར།ཁ་ཅིག།དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ངེས་དོན་གྱི་མདོའི་མཚན་ཉིད།ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་དྲང་དོན་གྱི་མདོའི་མཚན་ཉིད་ཟེར་ན།མདོ་ཤེས་རབ་སྙིང་བོ་ཆོས་ཅན།མཚོན་བྱ་དང་པོ་དེར་ཐལ།མཚན་ཉིད་དང་པོ་དེའི་ཕྱིར།དེར་ཐལ།བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཡིན་པའི་ཕྱིར།འདོད་ན།དེ་སྒྲ་ཇི་བཞིན་པའི་མདོ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཕུང་པོ་ལྔ་པོ་རང་བཞིན་གྱིས་གྲུབ་པའི་ཕྱིར།ཁ་ཅིག།དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ངེས་དོན་གྱི་མདོའི་མཚན་ཉིད།ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་དྲང་དོན་གྱི་མདོའི་མཚན་ཉིད་ཟེར་ན།བྱང་ཆེན་ཡོད་བཞིན་དུ་བྱང་ཆེན་ཡང་དག་པར་རྗེས་སུ་མི་མཐོང་ངོ།།ཞེས་པའི་ཡུམ་བར་མའི་མདོ་ཆོས་ཅན།མཚོན་བྱ་དང་པོ་དེར་ཐལ།མཚན་ཉིད་དང་པོ་དེའི་ཕྱིར།དེར་ཐལ།བྱང་ཆེན་ཡུམ་ལ་སྤྱོད་པའི་ཆོས་བཞི་བདེན་བར་མེད་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར།དེར་ཐལ།དེ་ཉིད་ལས།བྱང་ཆེན་ཡོད་བཞིན་དུ་བྱང་ཆེན་ཡང་དག་པར་རྗེས་སུ་མི་མཐོང་ངོ།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།དྲང་དོན་གྱི་མདོ་ཡིན་པའི་ཕྱིར།མ་གྲུབ་ན་སོང༌།རྟགས་དེར་ཐལ།ཀུན་རྫོབ་བདེན་པ་དངོས་བསྟབ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར།དེར་ཐལ།བྱང་ཆེན་[41A]ཡུམ་ལ་སྤྱོད་པའི་ཆོས་བཞི་ཐ་སྙད་དུ་ཡོད་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར།དེར་ཐལ།དེ་ཉིད་ལས།བྱང་ཆེན་ཡོད་བཞིན་དུ་ཞེས་གསུངས་པའི་ཕྱིར།གཞན་ཡང༌།དགོངས་གཞི་ཆོས་ཉིད་ལ་དགོངས་ནས་ཀུན་གཞི་ཡོད་པར་སྟོན་པའི་མདོ་ཆོས་ཅན་མཚན་ཉིད་ཕྱི་མ་དེར་ཐལ།མཚོན་བྱ་ཕྱི་མ་དེའི་ཕྱིར།དེར་ཐལ།སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དེའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཀུན་རྫོབ་བདེན་པ་མེད་པའི་ཕྱིར།དེར་ཐལ།དགོངས་གཞི་ཆོས་ཉིད་དེ་ཡང་དེ་མ་ཡིན།ཀུན་གཞི་དེ་ཡང་དེ་མ་ཡིན་པའི་ཕྱིར།དང་པོ་མ་གྲུབ་ན།དེའི་དགོངས་གཞི་ཆོས་ཉིད་དེ་ཀུན་རྫོབ་བདེན་པ་ཡིན་པར་ཐལ།མ་གྲུབ་པ་དེའི་ཕྱིར།འདོད་མི་ནུས་ཏེ།དེ་དོན་དམ་བདེན་པ་ཡིན་པའི་ཕྱིར།ཕྱི་མ་དེར་ཐལ།ཀུན་གཞི་མེད་པའི་ཕྱིར།ཁ་ཅིག།ཀུན་གཞི་སྟོན་དགོས་ཀྱི་གདུལ་བྱའི་ངོར་ཀུན་གཞི་ཡོད་པ་དེ་མདོ་དེའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཀུན་རྫོབ་བདེན་པ་ཡིན་ཞེས་ཟེར་ན།འོ་ན།གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་དེ།དགེ་སློང་དག་ཁུར་ཡོད་དོ།།ཞེས་སོགས་ཀྱི་མདོའི་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཀུན་རྫོབ་བདེན་པ་ཡིན་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།མདོ་དེའི་ཆེད་དུ་བྱ་བའི་གདུལ་བྱས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་དེ་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་དུ་འདོད་པར་ཐལ།འདོད་པའི་ཕྱིར།འདོད་ན།དེས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་དེ་སྐྱེ་བ་སྔ་མ་ནས་འདིར་སྐྱེས་ཤིང་འདི་ནས་ཕྱི་མར་ཉིང་འཚམས་སྦྱོར་བར་འདོད་པར་ཐ་ལོ།།འདོད་མི་ནུས་ཏེ།དེས་དེ་འདུས་མ་བྱས་སུ་འདོད་པའི་ཕྱིར།དེར་ཐལ།དེས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ཡོད་པ་འདུས་མ་བྱས་སུ་འདོད་པའི་ཕྱིར་ཏེ་དེས་ཡོད་པ་འདུས་མ་བྱས་སུ་འདོད་པའི་ཕྱིར།ཁ་ཅིག།ངེས་དོན་གྱི་མདོ་ཡིན་ན་ངེས་དོན་སྒྲ་ཇི་བཞིན་པ་ཡིན་པས་ཁྱབ་ཟེར་ན།ཡུམ་བར་མའི་མདོ་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་མི་ནུས་ཏེ།ངེས་དོན་མ་ཡིན་པའི་ཕྱིར།དེར་ཐལ།ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར།ཁ་ཅིག།མདོ་ཤེས་རབ་སྙིང་པོ་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་ངེས་དོན་གྱི་མདོ་ཡིན་ཀྱང་སྒྲ་ཇི་བཞིན་པའི་མདོ་མ་ཡིན་པས་ངེས་དོན་གྱི་མདོ་ལ་སྒྲ་ཇི་བཞིན་པའི་མདོ་ཡིན་པས་མ་ཁྱབ་ཟེར་ན།མདོ་ཤེས་རབ་སྙིང་པོ་དེ་དགག་བྱ་ལ་དོན་དམ་གྱི་[41B]ཁྱད་བར་དངོས་སུ་སྦྱར་བའི་མདོ་ཡིན་པར་ཐལ།དེ་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་མ་སྦྱར་གཉིས་ཡོད་པའི་ཕྱིར།གཞན་ཡང༌།དེས་དོན་གྱི་མདོ་ཡིན་ན་སྒྲ་ཇི་བཞིན་པའི་མདོ་ཡིན་དགོས་པར་ཐལ།དབུ་མ་སྣང་བ་ལས།ངེས་པའི་དོན་ཀྱང་གང་ལ་བྱ་ཞེ་ན།ཚད་མ་དང་བཅས་པ་དང་དོན་དམ་བདེན་པའི་དབང་དུ་མཛད་ནས་བཤད་པ་གང་ཡིན་པ་སྟེ།དེ་ནི་དེ་ལས་ལོགས་ཤིག་ཏུ་གཞན་གྱིས་གང་དུ་ཡང་དྲང་བར་མི་ནུས་པའི་ཕྱིར་རོ།།ཞེས་གསུངས་པའི་ཕྱིར།ཁོ་ན་རེ།སྐྱོན་མེད་དེ།སྒྲུབ་བྱེད་ཚད་མ་དང་བཅས་པའི་དོན་ཡིན་པའི་ཕྱིར་ཟེར་ན།དེའི་དོན་སྒྲུབ་བྱེད་ཚད་མ་དང་བཅས་པ་འབའ་ཞིག་ལ་བྱེད་པ་མི་འཐད་པར་ཐལ།དེའི་དོན་སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་བའི་དོན་ལ་ཡང་བྱེད་དགོས་པ་ལེགས་བཤད་སྙིང་པོ་སོགས་ལས་གསུངས་པའི་ཕྱིར།ཁ་ཅིག།དགོངས་པ་དང་བཅས་པའི་མདོ་ཡིན་ན་དགོངས་པ་ཅན་གྱི་མདོ་ཡིན་པས་ཁྱབ་ཟེར་ན།རྒྱས་འབྲིང་བསྡུས་གསུམ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།འདོད་ན།དྲང་དོན་གྱི་མདོར་ཐལ་ལོ།།ཁ་ཅིག།སངས་རྒྱས་ཀྱི་བཀའ་ཡིན་ན་དགོངས་ལྡེམ་དགོངས་གང་རུང་གི་མདོ་ཡིན་པས་ཁྱབ་ཟེར་ན།ཡུམ་བར་མ་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་ན།དྲང་དོན་གྱི་མདོར་ཐལ་ལོ།།ཁ་ཅིག།དགེ་སློང་དག་ཁུར་ཡོད་དོ།།ཁུར་ཁུར་བ་པོ་ཡོད་དོ་ཞེས་སོགས་ཀྱི་མདོས་གང་ཟག་གི་བདག་ཡོད་པར་བསྟན་པ་ཡིན་ཟེར་ན།འོ་ན།མདོ་དེའི་ཆེད་དུ་བྱ་བའི་གདུལ་བྱས་གང་ཟག་གི་བདག་ཡོད་བར་འདོད་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་ན།དེ་འདྲ་བའི་གདུལ་བྱ་བྱེ་བྲག་ཏུ་སྨྲ་བ་ཡོད་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་འདྲ་བའི་བྱེ་བྲག་ཏུ་སྨྲ་བ་དེས་བདག་མེད་ཁས་མི་ལེན་པར་ཐལ།དེས་གང་ཟག་གི་བདག་མེད་ཀྱང་ཁས་མི་ལེན།ཆོས་ཀྱི་བདག་མེད་ཀྱང་ཁས་མི་ལེན་པའི་ཕྱིར།དང་པོ་དེར་ཐལ།དེས་གང་ཟག་གི་བདག་ཡོད་པར་འདོད་པའི་ཕྱིར།ཕྱི་མ་དེར་ཐལ།བྱེ་བྲག་ཏུ་སྨྲ་བ་ཡིན་པའི་ཕྱིར།རྩ་བར་འདོད་མི་ནུས་ཏེ།དེས་བདག་མེད་རྟོགས་པའི་ལྟ་བ་དེ་ལྟ་བ་རྣམ་དག་ཏུ་ཁས་ལེན་པའི་ཕྱིར།དེར་ཐལ།འདུས་བྱས་ཐམས་ཅད་མི་རྟག།ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ།ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།མྱ་ངན་ལས་འདས་པ་ཞི་བར་[42A]ལྟ་བའི་ལྟ་བ་དེ་བདག་ཅག་གི་སྟོན་པ་སྟོན་པར་ཁས་ལེན་པ་རྣམས་ཀྱི་མི་འདའ་བའི་ལྟ་བ་ཡིན་པའི་ཕྱིར།མ་ཁྱབ་ན་འཁོར་གསུམ་ཡོད།མ་གྲུབ་ན་དེར་ཐལ།དེ་དག་ལ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཞེས་པའི་རྒྱུ་མཚན་ཡང་དག་ཅིག་ཡོད་པའི་ཕྱིར།གཞན་ཡང༌།ནང་སྡེ་གནས་མ་བུག་པ་དེས་གང་ཟག་གི་བདག་མེད་ཁས་མི་ལེན་པར་ཐལ།གང་ཟག་གི་བདག་མེད་ཁས་མི་ལེན་པའི་ནང་སྡེ་བྱེ་བྲག་ཏུ་སྨྲ་བ་ཅིག་ཡོད་པའི་ཕྱིར།རྟགས་ཁས།འདོད་མི་ནུས་ཏེ།དེས་གང་ཟག་རྟག་ཅིག་རང་དབང་ཅན་གྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཕྲ་མོའི་དོན་དུ་འདོད་པའི་ཕྱིར།དེར་ཐལ།འཇུག་པ་ལས།གང་དག་དུད་འགྲོར་བསྐལ་མང་བརྐྱལ་གྱུར་པ།།དེས་ཀྱང་མ་སྐྱེས་བདག་འདི་མ་མཐོང་ལ།།ཞེས་སོགས་ཀྱི་ཕྱོགས་སྔ་སྨྲ་བ་པོ་ཅིག་ཡོད་པ་གང་ཞིག་དེ་འདྲ་བའི་ཕྱོགས་སྔ་སྨྲ་བ་པོའི་ཕྱི་རོལ་པ་མེད་པའི་ཕྱིར།མ་ཁྱབ་ན།འཁོར་གསུམ།མ་གྲུབ་ན།དེར་ཐལ།ཕྱི་རོལ་པ་ཡིན་ན་གང་ཟག་གི་བདག་ཡོད་པར་འདོད་པས་ཁྱབ་པའི་ཕྱིར།ཁ་ཅིག།མདོ་དེ་གསུང་བ་པོ་སྟོན་པ་སངས་རྒྱས་ཀྱི་དགོངས་པ་ཡིན་ན།མདོ་དེའི་དགོངས་པ་ཡིན་པས་ཁྱབ་ཟེར་ན།ཕུང་པོ་བདེན་པར་མེད་པ་ཆོས་ཅན།ཕུང་པོ་བདེན་གྲུབ་དུ་སྟོན་པའི་མདོའི་དགོངས་པ་ཡིན་པར་ཐལ།ཕུང་པོ་བདེན་གྲུབ་དུ་སྟོན་པའི་མདོ་གསུང་བ་པོ་སྟོན་པ་སངས་རྒྱས་ཀྱི་དགོངས་པ་ཡིན་པའི་ཕྱིར།དེར་ཐལ།སྟོན་པ་སངས་རྒྱས་ཀྱིས་ཕུང་པོ་བདེན་མེད་དུ་དགོངས་པའི་ཕྱིར།དེར་ཐལ།དེས་ཕུང་པོ་བདེན་མེད་དུ་རྟོགས་པའི་ཕྱིར།དེར་ཐལ།ཕུང་པོ་བདེན་པར་མེད་པའི་ཕྱིར།རྩ་བར་འདོད་མི་ནུས་ཏེ།ཕུང་པོ་བདེན་གྲུབ་མདོ་དེའི་དགོངས་པ་ཡིན་པའི་ཕྱིར།དེར་ཐལ།མདོ་དེས་ཕུང་པོ་བདེན་གྲུབ་དུ་བསྟན་པའི་ཕྱིར།ཁ་ཅིག༑༈མདོ་དེའི་དགོངས་པ་ཡིན་ན།མདོ་དེ་གསུང་བ་པོ་སྟོན་པ་སངས་རྒྱས་ཀྱི་དགོངས་པ་ཡིན་པས་ཁྱབ་ཟེར་ན།གཞན་དབང་བདེན་གྲུབ་ཆོས་ཅན།གཞན་དབང་བདེན་གྲུབ་དུ་སྟོན་པའི་མདོ་གསུང་བ་པོ་སྟོན་པ་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ཐལ།གཞན་དབང་བདེན་གྲུབ་དུ་སྟོན་པའི་མདོའི་དགོངས་པ་ཡིན་པའི་ཕྱིར།དེར་ཐལ།མདོ་དེས་གཞན་དབང་བདེན་གྲུབ་དུ་བསྟན་པའི་ཕྱིར།འདོད་མི་ནུས་ཏེ།གཞན་དབང་བདེན་པར་མེད་པ་དེ་གཞན་དབང་བདེན་གྲུབ་ཏུ་སྟོན་པའི་མདོ་གསུང་བ་པོ་སྟོན་པ་སངས་རྒྱས་ཀྱི་དགོངས་པ་ཡིན་པའི་ཕྱིར།རྟགས་སླ།ཁ་ཅིག།ཕ་དང་མ་ནི་བསད་བྱ་ཞིང༌།།ཞེས་སོགས་ཀྱི་མདོས་ཕ་མ་བསད་བྱ་ཡིན་པར་བསྟན་[42B]པ་ཡིན་ཟེར་ན།དེ་མི་འཐད་བར་ཐལ།ཕ་མ་བསད་བྱར་བསྟན་པ་ལ་དགོས་པ་མེད་པའི་ཕྱིར།དེར་ཐལ།བཅོམ་ལྡན་འདས་ཀྱིས་གདུལ་བྱ་མཚམས་མེད་ཀྱི་ལས་ལ་སྦྱར་བ་ལ་དགོས་པ་མེད་པའི་ཕྱིར།དེར་ཐལ།བཅོམ་ལྡན་འདས་ལ་བདུལ་བྱའི་དོན་དུ་མི་འགྱུར་པའི་མཛད་པ་མི་མངའ་བའི་ཕྱིར།ཁ་ཅིག།མདོ་དེས་སྒྲ་ཟིན་ལ་ཕ་མ་བསད་བྱར་མ་བསྟན་ཟེར་ན།དེ་བསྟན་པར་ཐལ།དེ་སྒྲས་ཟིན་གྱི་དོན་ལ་དངོས་སུ་གནོད་བྱེད་དང་བཅས་པའི་མདོ་ཡིན་པའི་ཕྱིར།དེར་ཐལ།སྒྲས་ཟིན་ལ་དངོས་སུ་གནོད་བྱེད་དང་བཅས་པའི་མདོ་ཅིག་ཡོད་པའི་ཕྱིར།ཁ་ཅིག།དགོངས་གཞི་དགོས་པ་གཉིས་ཀྱི་ནང་ནས་དགོངས་གཞི་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་དགོངས་པ་ཅན་གྱི་མདོའི་མཚན་ཉིད།དགོངས་གཞི་དགོས་པ་གཉིས་ཀྱི་ནང་ནས་དགོས་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ལྡེམ་པོར་དགོངས་པའི་མདོའི་མཚན་ཉིད་ཟེར་ན།དེ་གཉིས་འགལ་བར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།དེར་ཐལ།ཕ་དང་མ་ནི་བསད་བྱ་ཞིང་ཞེས་པའི་མདོ་འདི་དགོངས་གཞི་གཞན་གཞིག་ལ་དགོངས་ནས་དོན་གཞན་ཞིག་བསྟན་པའི་སྒོ་ནས་དགོངས་པ་ཅན་གྱི་མདོ་དང༌།དོན་དེ་ཉིད་འཁྱོད་པོ་འམ་ལྡེམ་པོའི་ངག་གིས་སྟོན་པའི་ཆ་ནས་ལྡེམ་པོར་དགོངས་པའི་མདོར་བཞག་པའི་ཕྱིར།མ་ཁྱབ་ན།འཁོར་གསུམ་ཡོད༑༑༈།།གཉིས་པ་རང་གི་ལུགས་ལ།དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་སྒྲ་ཇི་བཞིན་པའི་མདོ་ངེས་དོན་གྱི་མདོའི་མཚན་ཉིད།མཚན་གཞི་ནི་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་ཡིན།དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་མི་སྟོན་པའི་རབ་ཏུ་ཕྱེ་པའི་མདོ་དྲང་དོན་གྱི་མདོའི་མཚན་ཉིད།དེ་ལ་སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་གཉིས་ཡོད།དང་པོའི་མཚན་གཞི།ཀྱེ་མ་འདུས་བྱས་རྣམས་མི་རྟག་ཞེས་སོགས་ཀྱི་མདོ་ལྟ་བུ་ཡིན།ཕྱི་མ་ལ་དགོངས་པ་ཅན་དང་ལྡེམ་པོར་དགོངས་པའི་མདོ་གཉིས་ཡོད།དགོངས་གཞི་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་དགོངས་པ་ཅན་གྱི་མདོའི་མཚན་ཉིད།དེ་ལ་མཉམ་པ་ཉིད་གསུམ་ལ་དགོངས་པ།དོན་གཞན་ལ་དགོངས་པ།དུས་གཞན་ལ་དགོངས་པ།གང་ཟག་གི་བསམ་ངོ་ལ་དགོངས་པ་དང་བཞི་ཡོད།དང་པོའི་མཚན་གཞི་ནི།ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་གཟིག་སུ་རྒྱུར་ཏོ་ཞེས་པའི་མདོ་[43A]ལྟ་བུ་ཡིན།གཉིས་པ་ནི་སྙིང་པོ་མེད་ལ་སྙིང་པོར་ཤེས་ཞེས་སོགས་ཀྱི་མདོ་ལྟ་བུ་ཡིན།གསུམ་པ་ནི།དུས་གཞན་ཞིག་ཏུ་བདེ་བ་ཅན་དུ་སྐྱེ་བལ་དགོངས་ནས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་པ་ཙམ་གྱིས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་པའི་མདོ་ལྟ་བུ་ཡིན།བཞི་བ་ནི།སྦྱིན་པ་ཙམ་གྱིས་ཆོག་པར་འཛིན་པའི་གང་ཟག་གི་དོར་སྦྱིན་པ་ལ་ཅུང་ཟད་སྨད་ནས་ཚུལ་ཁྲིམས་ཀྱི་བསྔས་པ་བརྗོད་པའི་མདོ་ལྟ་བུ་ཡིན།དགོས་པ་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ།།ལྡེམ་པོར་དགོངས་པའི་མདོའི་མཚན་ཉིད།དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ།མཚན་ཉིད་ལ་ལྡེམ་པོར་དགོངས་པ།གཉེན་པོ་ལ་ལྡེམ་པོར་དགོངས་པ།བསྒྱུར་བ་ལ་ལྡེམ་པོར་དགོངས་པ་དང་བཞི་ཡོད།དང་པོ་ནི།རང་སྡེ་དང་གཞན་སྡེ་ཁ་ཅིག་སངས་རྒྱས་ཀྱི་བསྟན་པ་གོང་མ་ལ་གཞུག་པའི་ཕྱིར་དུ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོ་དུ་སྟོན་པའི་མདོ་ལྟ་བུ་ཡིན།གཉིས་པ་ནི།གཞན་དབང་བདེན་པར་གྲུབ།ཡོངས་གྲུབ་ཡང་བདེན་པར་གྲུབ་ཅིང༌།ཀུན་བཏགས་བདེན་པར་མ་གྲུབ་པ་སོ་སོར་ཕྱེ་ནས་སྟོན་པའི་དགོངས་འགྲེལ་གྱི་མདོ་ལྟ་བུ་ཡིན།གསུམ་པ་ནི།དེ་བཞིན་གཤེགས་པ་ཟླ་འོད་དྲི་མེད་ཀྱི་མཚན་སྨོས་པ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ནོ།།ཞེས་པའི་མདོ་ལྟ་བུ་ཡིན།བཞི་པ་ནི་རབ་ཏུ་གྲགས་པའི་ཡི་གེ་ངན་པ་རབ་ཏུ་མ་གྲགས་པའི་དོན་བཟང་པོ་ལ་བསྒྱུར་བར་བྱེད་པའི་ཕ་དང་མ་ནི་བསད་བྱ་ཞིང༌།ཞེས་སོགས་ཀྱི་མདོ་ལྟ་བུ་ཡིན།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག།ཤེས་རབ་སྙིང་པོ་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པར་ཐལ།དེས་ཕུང་པོ་ལང་པོ་ཡང་དག་པར་མ་གྲུབ་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར།དེར་ཐལ།ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ།།ཞེས་གསུངས་པའི་ཕྱིར་ཟེར་ན།འོ་ན།དེས་ཞི་འཚོ་ཡབ་སྲས་ཀྱི་ལུགས་ལ་ཡང་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་ཐལ།དེའི་ལུགས་ལ་ཡང་ཕུང་པོ་ལང་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པ་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ།།ཞེས་གསུངས་པ་གང་ཞིག།སློབ་དཔོན་དེ་དག་གི་ལུགས་ལ་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པའི་ཕྱིར།འདོད་མི་ནུས་སོ།།ཁོ་ན་རེ།ཤེས་རབ་སྙིང་པོས་དོན་དམ་བདེན་པ་དངོས་བསྟན་[43B]བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་ཐལ།དེས་ཟབ་མོ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར།དེར་ཐལ།ཟབ་མོ་སྣང་བཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་སོ།།ཞེས་གསུངས་པའི་ཕྱིར་ཟེར་ན།མ་ཁྱབ།ཁ་ཅིག།བྱང་ཆེན་ཡོད་བཞིན་དུ་བྱང་ཆེན་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པའི་ཡུམ་བར་མའི་མདོ་ཆོས་ཅན།ངེས་དོན་གྱི་མདོ་མ་ཡིན་པར་ཐལ།དྲང་དོན་གྱི་མདོ་ཡིན་པའི་ཕྱིར།དེར་ཐལ།རང་གི་དངོས་བསྟན་བསྟན་བྱའི་གཙོ་བོ་དེ་ལས་གནས་ལུགས་ཀྱི་དོན་གཞན་དུ་དྲང་དགོས་པའི་མདོ་ཡིན་པའི་ཕྱིར་ཟེར་ན།མ་ཁྱབ།མ་གྲུབ་ན་དེར་ཐལ།དེའི་དངོས་བསྟན་བསྟན་བྱའི་གཙོ་བོ་གནས་ལུགས་ཀྱི་དོན་མ་ཡིན་པའི་ཕྱིར།དེར་ཐལ།དེའི་དངོས་བསྟན་བསྟན་བྱའི་གཙོ་བོ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར།དེར་ཐལ།དེས་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར།རྩ་བའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ།དྲང་དོན་དུ་འགྲེལ་ཚུལ་ལ་དངོས་བསྟན་བསྟན་བྱའི་གཙོ་བོ་དེ་ལས་གནས་ལུགས་ཀྱི་དོན་གཞན་དུ་དྲང་དགོས་པའི་དྲང་དོན་དུ་འགྲེལ་ཚུལ་ཅིག་དང༌།དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་དང་བཅས་པའི་སྒོ་ནས་དྲང་དོན་དུ་འགྲེལ་ཚུལ་ཅིག་དང་གཉིས་ཡོད་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དང་པོའི་དོན་དངོས་བསྟན་བསྟན་བྱའི་གཙོ་བོ་གང་ཡིན་ཐམས་ཅད་ལས་གནས་ལུགས་ཀྱི་དོན་གཞན་དུ་དྲང་དགོས་པའི་དབང་དུ་བྱས་པའི་ཕྱིར།དེ་ལྟར་མ་ཡིན་ན།བསྟན་བཅོས་མངོན་རྟོགས་རྒྱན་ཆོས་ཅན།དྲང་དོན་གྱི་བསྟན་བཅོས་ཡིན་པར་ཐལ།རང་གི་དངོས་བསྟན་བསྟན་བྱའི་གཙོ་བོ་དེ་ལས་གནས་ལུགས་ཀྱི་དོན་གཞན་དུ་དྲང་དགོས་པའི་བསྟན་བཅོས་ཡིན་པའི་ཕྱིར།ཁྱབ་པ་ཁས།རྟགས་དེར་ཐལ།དེའི་དངོས་བསྟན་བསྟན་བྱའི་གཙོ་བོ་གནས་ལུགས་ཀྱི་དོན་མ་ཡིན་པའི་ཕྱིར་ཏེ་དེའི་དངོས་བསྟན་བསྟན་བྱའི་གཙོ་བོ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར།དེར་ཐལ།དེས་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར།དེར་ཐལ།དེས་དངོས་པོ་བརྒྱད་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར༌།དེར་ཐལ༑དེའི་དངོས་བསྟན་བསྟན་བྱའི་གཙོ་བོ་གཅིག་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།ངེས་དོན་གྱི་བསྟན་བཅོས་ཡིན་པའི་ཕྱིར།དེར་ཐལ།དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་སྒྲ་ཇི་བཞིན་པའི་བསྟན་བཅོས་ཡིན་པའི་ཕྱིར།དེར་ཐལ།དེས་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་[44A]རིགས་དང༌།མི་རྟག་ཡོགས་བཅུ་དྲུག་བདེན་པར་མེད་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར།དང་པོ་དེར་ཐལ།རྟོགས་པ་ཡི་ནི་ཆོས་དྲུག་དང་ཞེས་པས་དེ་ལྟར་བསྟན་པའི་ཕྱིར།ཕྱི་མ་དེར་ཐལ།བསམ་མི་ཁྱབ་སོགས་ཁྱད་པར་གྱི་ཞེས་པ་དང༌།འདི་ལ་བསལ་བྱ་ཅི་ཡང་མེད༑ཅེས་སོགས་ཀྱིས་དེ་ལྟར་བསྟན་པའི་ཕྱིར།དེ་ལ་ཁོ་ན་རེ།བསྟན་བཅོས་ལ་དྲང་ངེས་ཀྱི་ཐ་སྙད་མི་བྱེད་ཟེར་ན།དེ་བྱེད་པར་ཐལ།རྩ་ཤེའི་དགོངས་པ་སེམས་ཅམ་དུ་འགྲེལ་པའི་སློབ་དཔོན་ཆོས་སྐྱོང་སོགས་ཀྱིས་རྩ་ཤེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་བཀྲལ་བའི་ཕྱིར།ཁ་ཅིག།དགེ་སློང་དག་ཁུར་ཡོད་དོ།།ཁུར་ཁུར་བ་པོ་ཡོད་དོ།།ཞེས་སོགས་ཀྱི་མདོས་གང་ཟག་གི་བདག་ཡོད་པར་བསྟན་པར་ཐལ།རྣམ་བཤད་ལས།གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་གཞན་སྡེ་དང་རང་སྡེ་ཁ་ཅིག་གི་དོན་དུ་གང་ཟག་གི་བདག་ཡོད་པར་གསུངས་པ་ལྟ་བུའོ།།ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།མདོ་དེས་ཁུར་དང་ཁུར་བ་པོའི་དཔེས་བདག་དང་ཕུང་པོ་ངོ་བོ་ཐ་དད་དུ་བསྟན་པས་བདག་ཕུང་པོ་ལས་ངོ་བོ་ཐ་དད་ཡིན་ན་གང་ཟག་གི་བདག་ཏུ་འགྱུར་བ་ལ་དགོངས་ནས་དེ་ལྟར་གསུངས་པའི་ཕྱིར།ཁ་ཅིག།སངས་རྒྱས་ཀྱི་བཀའ་ཡིན་ན་དགོངས་ལྡེམ་དགོངས་གང་རུང་གི་མདོ་ཡིན་དགོངས་པར་ཐལ།ཐེག་བསྡུས་ལས།དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་རྣམ་པ་བཞེས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཁོང་དུ་ཆུད་པར་བྱའོ།།ཞེས་གསུངས་པའི་ཕྱིར་སྐྱོན་མེད་དེ།དགོངས་ལྡེམ་དགོངས་ཀྱི་མདོ་བཞི་པོ་དེ་སངས་རྒྱས་ཀྱི་བཀའ་ཐམས་ཅད་ཁོང་དུ་ཆུད་པའི་ཐབས་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར།ཁ་ཅིག།རྒྱས་འབྲིང་བསྡུས་གསུམ་གྱིས་དོན་མངོན་པར་རྟོགས་པ་བརྒྱད་དངོས་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་ཐལ།དེས་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་གང་ཞིག།།དེ་ཉིད་ལས།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌།ལམ་ཤེས་པ་ཉིད་དང༌།ཐམས་ཅད་ཤེས་པ་ཉིད་ཅེས་སོགས་གསུངས་པའི་ཕྱིར།འདོད་ན།བསྟན་བཅོས་མངོན་རྟོགས་རྒྱན་གྱིས་རྒྱས་འབྲིང་བསྡུས་གསུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་འབེབས་པར་བྱེད་པ་མི་འཐད་པར་ཐལ།དོན་མངོན་པར་རྟོགས་པ་བརྒྱད་རྒྱས་འབྲིང་བསྡུས་གསུམ་གྱི་སྤས་དོན་མ་ཡིན་པའི་ཕྱིར་ཟེར་ན།མ་ཁྱབ།མ་གྲུབ་ན་དེར་ཐལ།དེ་རྒྱས་འབྲིང་བསྡུས་གསུམ་གྱི་དངོས་བསྟན་ཡིན་[44B]པའི་ཕྱིར།དེར་ཐལ།རྒྱས་འབྲིང་བསྡུས་གསུམ་གྱིས་དོན་མངོན་པར་རྟོགས་པ་བརྒྱད་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།བསྟན་བཅོས་མངོན་རྟོགས་རྒྱན་གྱིས་དོན་མངོན་པར་རྟོགས་པ་བརྒྱད་ཀྱི་ངོ་བོ་དེས་པ་གྲངས་ངེས་པ་གོ་རིམ་ངེས་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན།རྒྱས་འབྲིང་བསྡུས་གསུམ་གྱིས་དེ་ལྟར་དངོས་བསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་པའི་རྒྱུ་མཚན་གྱིས་མངོན་རྟོགས་རྒྱན་གྱིས་དེའི་རིམ་པ་གཏན་ལ་འབེབས་པར་བཞག་པའི་ཕྱིར།ཁ་ཅིག།གང་ཟག་གི་བདག་ཡོད་པར་སྟོན་པའི་མདོས་གན་གཟག་གི་བདག་ཡོད་པར་འདོད་པའི་གདུལ་བྱ་ལ་གང་ཟག་གི་བདག་ཡོད་པར་བསྟན་པར་ཐལ།གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་བསྟན་པའི་མདོས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འདོད་པའི་གདུལ་བྱའི་ངོར་གང་ཟག་རང་རྐྱ་ཐུབ་པའི་རྫད་ཡོད་དུ་གྲུབ་པར་བསྟན་པའི་ཕྱིར་ཟེར་ན།རྣམ་པ་གཅིག་ཏུ་མ་ཁྱབ།རྟགས་དེར་ཐལ།དེས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པའི་གདུལ་བྱ་དེ་ལ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་བསྟན་པའི་ཕྱིར་ཟེར་ན།མ་ཁྱབ།འདོད་ན།བཀག་ཟིན།ཁ་ཅིག།ཕ་དང་མ་ནི་བསད་བྱ་ཞིང་ཞེས་པའི་མདོས་ཕ་མ་བསད་བྱར་བསྟན་པར་ཐལ།ཕ་མ་བསད་བྱ་ཡིན་པ་དང་ཀུན་གཞི་གཉིས་མེད་མཚུངས་གང་ཞིག།དགོངས་གཞི་ཆོས་ཉིད་ལ་དགོངས་ནས་ཀུན་གི༈ཡོད་པར་སྟོན་པའི་མདོས་ཀུན་གཞི་བསྟན་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།བཀག་ཟིན།།༈།།བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས།།ཞེས་སོགས་ཀྱི་སྐབས་སུ་གསུམ་ལས།དང་པོ་ལ་ཁ་ཅིག།རྒྱན་རྩ་བའི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་པ་ཡིན་ནོ་ཟེར་ན།འོ་ན།བདེན་འཛིན་ཉོན་སྒྲིབ་ཡིན་པར་ཐལ།བདེན་འཛིན་ཉོན་སྒྲིབ་ཏུ་རྒྱན་རྩ་བས་བཞེད་པ་ཡིན་པའི་ཕྱིར།དེར་ཐལ།ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར།འདོད་ན།བདེན་འཛིན་ཆོས་ཅན།ཉོན་སྒྲིབ་མ་ཡིན་པར་ཐལ།ཤེས་སྒྲིབ་ཡིན་པའི་ཕྱིར།དེར་ཐལ།བདེན་འཛིན་ཡིན་པའི་ཕྱིར།གཞན་ཡང་།ཉན་ཐོས་དགྲ་བཅོམ་པས་བདེན་འཛིན་སྤངས་པར་ཐལ།བདེན་འཛིན་འཁོར་བའི་རྩ་བ་གང་ཞིག།ཉན་ཐོས་དགྲ་བཅོམ་པས་འཁོར་བརྩ་བ་ནས་སྤངས་པའི་ཕྱིར།དེར་ཐལ།རྣམ་འགྲེལ་ལས།བདག་ལྟའི་ས་བོན་སྤངས་པའི་ཕྱིར།ཞེས་གསུངས་པའི་ཕྱིར།དང་པོ་དེར་ཐལ།དེ་ལྟར་རྒྱན་རྩ་བས་བཞེད་པའི་ཕྱིར།རྩ་བར་འདོད་ན།ཉན་ཐོས་དགྲ་བཅོམ་པ་ཆོས་ཅན།སངས་རྒྱས་འཕགས་པ་ཡིན་པར་ཐལ།བདེན་འཛིན་སྤངས་པའི་གང་ཟག་ཡིན་པའི་ཕྱིར།[45A]འདོད་མི་ནུས་སོ།།ཁ་ཅིག།རྒྱན་རྩ་བའི་དགོངས་པ་མཐར་ཐུག་རང་རྒྱུད་དུ་གནས་ཀྱང༌།རིགས་རྩ་འགྲེལ་གྱི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་པ་ཡིན་ནོ་ཟེར་ན།འོ་ན།ཉན་ཐོས་ཀྱི་མཐོང་ལམ་ཐོབ་བ་ལ་ཡང་སྟོང་ཉིད་མངོན་སུམ་དུ་རྟོགས་དགོས་པར་ཐལ།དམ་བཅའ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།རྣམ་བཤད་ལས།དབུ་མ་ཐལ་འགྱུར་བ་བཞེད་པ་ལྟར་ཉན་ཐོས་ཀྱི་མཐོང་ལམ་ཐོབ་པ་ལ་ཡང་ངེས་པར་སྟོང་ཉིད་མངོན་སུམ་དུ་རྟོགས་དགོས་པ་ལྟར་མི་བཞེད་ཀྱང༌།ཉན་ཐོས་འཕགས་པས་ཀྱང་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ཡོད་པར་བཞེད་པའི་དབུ་མ་རང་རྒྱུད་པ་ནི་ཤིན་ཏུ་མང་ངོ༑༑༈ཞེས་ཐལ་འགྱུར་པའི་ལུགས་ལོགས་སུ་བཀར་ནས་གསུངས་པའི་ཕྱིར།ཁ་ཅིག།ཆོས་ཉིད་ལ་དམིགས་པའི་བློ་ཡིན་ན།ཆོས་ཉིད་བློ་ངོར་གྲུབ་པའི་བློ་ཡིན་པས་ཁྱབ་ཟེར་ན།ཆོས་ཉིད་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཉིད་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།ཁྱབ་སྟེ།ཆོས་ཉིད་བདེན་པར་འཛིན་པའི་བདེན་འཛིན་དང༌།ཆོས་ཉིད་བདེན་མེད་དུ་རྟོགས་པའི་ཡེ་ཤེས་གཉིས་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར།མ་ཁྱབ་ན་འཁོར་གསུམ་ཡོད།འདོད་ན།དེ་ཆོས་ཅན།ཆོས་ཉིད་བློ་ངོར་ངེས་པའི་བློ་ཡིན་པར་ཐལ།ཆོས་ཉིད་བློ་དོར་གྲུབ་པའི་བློ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།བདེན་འཛིན་ཡིན་པའི་ཕྱིར།ཁ་ཅིག།བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས།།ཞེས་པའི་གཞུང་གིས།ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།ཞེས་པའི་རྩོད་ལན་འཆད་པ་དེའི་ཚེ་ན་ཉན་ཐོས་སློབ་པ་འཕགས་པ་རང་རྒྱལ་སློབ་པ་འཕགས་པ་བྱང་སེམས་འཕགས་པ་གསུམ་གྱི་སྒྲུབ་པ་གསུམ་པོ་དེ་རིམ་པ་བཞིན་དུ་གང་ཟག་གི་བདག་དང༌།ཆོས་ཀྱི་བདག་རགས་པ་དང༌།ཆོས་ཀྱི་བདག་ཕྲ་མོས་སྟོང་པ་དེ་རིམ་པ་བཞིན་དུ་ཉན་ཐོས་ཀྱི་རིགས་དང༌།རང་རྒྱལ་གྱི་རིགས་དང༌།ཐེག་ཆེན་གྱི་རིགས་ཡིན་པས་རིགས་མི་འདྲ་བ་གསུམ་གྱི་དབྱེ་བས་གནས་སྐབས་རིགས་གསུམ་དང༌།རིགས་ཅན་གསུམ་གྱི་དབྱེ་བ་འཐད་ཅེས་ལན་འདེབས་པ་ཡིན་ཟེར་ན།དེ་མི་འཐད་པར་ཐལ།ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།ཞེས་པས་ཐེག་པ་གསུམ་གྱི་སློབ་བ་འཕགས་པའི་རྒྱུད་ཀྱི་སྒྲུབ་པ་བདེ་པས་སྟོང་བ་རིགས་ཡིན་ན།གནས་སྐབས་རིགས་གསུམ་དང་རིགས་ཅན་གསུམ་གྱི་དབྱེ་བ་མི་འཐད་ཅེས་རྩོད་པ་གང༌།[45B]ཞིག༑ཉན་ཐོས་སློབ་པ་འཕགས་པའི་སྒྲུབ་པ་གང་ཟག་གི་བདག་གིས་སྟོང་བ་ཆོས་ཀྱི་དབྱིངས་མ་ཡིན་པས་ལན་འབྲེལ་མེད་དུ་འགྱུར་པའི་ཕྱིར།ཁ་ཅིག།ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།ཞེས་པས་ཐེག་ཆེན་གྱི་སྒྲུབ་པ་བཅུ་གསུམ་གྱི་དབྱེ་བ་མི་འཐད་ཅེས་རྩོད་པ་ཡིན་ཟེར་ན།དེ་མི་འཐད་པར་ཐལ།མདོ་ལས།འཇམ་དཔལ།གལ་ཏེ་ཆོས་ཀྱི་དབྱིངས་གཅིག་དང༌།དེ་བཞིན་ཉིད་གཅིག་དང༌།ཡང་དག་པའི་མཐའ་གཅིག་ཡིན་ན།དེ་ལ་ཇི་ལྟར་སྣོད་དང་སྣོད་མ་ཡིན་པར་གདགས་ཞེས་པ་དང་དོན་གཅིག་པ་གང་ཞིག།ཐེག་ཆེན་གྱི་སྒྲུབ་པ་བཅུ་གསུམ་རྒྱུད་ལ་ལྡན་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་ལ་ཐེག་ཆེན་གྱི་སྣོད་དང་ལྡན་མི་ལྡན་གྱི་ཁྱད་པར་མི་འཐད་པས་རྟོག་ལྡན་གྱི་རྩོད་ལན་དུ་མི་འགྱུར་པའི་ཕྱིར།ཁ་ཅིག།ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།ཞེས་པས་ཆོས་ཀྱི་དབྱིངས་རིགས་ཡིན་ན།གནས་སྐབས་རིགས་གསུམ་དང་རིགས་ཅན་གསུམ་གྱི་དབྱེ་བ་མི་འཐད་ཅེས་རྩོད་པ་ཡིན་ཟེར་ན།འོ་ན།བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས་ཞེས་པའི་གཞུང་གིས།ཆོས་དབྱིངས་རིགས་ཡིན་ཞིང་དེ་ལ་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་ཀྱང༌།གནས་སྐབས་རིགས་གསུམ་དང་རིགས་ཅན་གསུམ་གྱི་དབྱེ་བ་འཐད་ཅེས་ལན་འདེབས་པར་ཐལ།ཁྱོད་ཀྱི་རྩོད་པའི་དོན་དེ་འཐད་པའི་ཕྱིར།འདོད་ན།ཆོས་དབྱིངས་རིགས་ཡིན་པར་ཐལ།ལན་འདེབས་ཚུལ་འཐད་པའི་ཕྱིར།འདོད་མི་ནུས་ཏེ།སངས་རྒྱས་ཀྱིས་ན་ཆོས་དབྱིངས་ཡོད་པའི་ཕྱིར།།༈།།གཉིས་པ་རང་གི་ལུགས་ལ།རྩོད་པ་དང་ལན་གཉིས།དང་པོ་ལ།རྟོགས་པ་ཡི་ནི་ཆོས་དྲུག་དང༌།ཞེས་པའི་སྐབས་སུ་ཐེག་ཆེན་སྒྲུབ་པ་བཅུ་གསུམ་བདེན་པས་སྟོང་བ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་སུ་བསྟན་པ་ན།ཁ་ཅིག།སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ལམ་གྱི་གནས་སྐབས་ཀྱི་རིགས་ལ་གནས་པར་ཐལ།ཐེག་ཆེན་གྱི་སྒྲུབ་པ་བཅུ་གསུམ་བདེན་པས་སྟོང་བ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་པ་གང་ཞིག།སེམས་བདེན་བས་སྟོང་བསམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྤྱིར་གནས་པའི་ཕྱིར་ཟེར་ན་ལན་ལ་སྐྱོན་མེད་དེ།སེམས་བདེན་པས་སྟོང་བ་རྒྱུད་ལ་ཡོད་པ་ཙམ་གྱིས་ཐེག་པ་ཆེན་པོའི་ལམ་ཀྱི་གནས་སྐབས་ཀྱི་རིགས་ལ་གནས་པར་འཇོགས་པ་མ་ཡིན་གྱི།ཐེག་ཆེན་སྒྲུབ་པས་རང་ཉིད་བདེན་པས་སྟོང་བ་ལ་དམིགས་ནས་སྒོམས་པས་རྟོགས་པ་གོང་ནས་གོང་འཕེལ་དུ་འགྱུར་བ་དེའི་ཚེ།ཐེག་བ་ཆེན་པོའི་ལམ་གྱི་གནས་སྐབས་ཀྱི་རིགས་ལ་གནས་པར་འཇོག[46A]པའི་ཕྱིར།དེ་ལ་ཁོ་ན་རེ།གནས་སྐབས་རིགས་གསུམ་དང་རིགས་ཅན་གསུམ་གྱི་དབྱེ་བ་མི་འཐད་བར་ཐལ།ཐེག་པ་གསུམ་གྱི་སློབ་པ་འཕགས་པའི་རྒྱུད་ཀྱི་སྒྲུབ་པ་བདེན་པས་སྟོང་པ་རིགས་ཡིན་པ་གང་ཞིག།དེ་ལ་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར་ཟེར་ན་སྐྱོན་མེད་དེ།དེ་ལ་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་ཀྱང་བརྟིན་པ་སྒྲུབ་པ་མི་འདྲ་བ་གསུམ་གྱི་དབྱེ་བས།གནས་སྐབས་རིགས་གསུམ་དང་རིགས་ཅན་གསུམ་གྱི་དབྱེ་བ་འཐད་པའི་ཕྱིར།འཕགས་པ་ལ་སྟོང་ཉིད་རྟོགས་མྱོང་གིས་མ་ཁྱབ་ཀྱང་འཕགས་པ་བཞི་ཀ་ལ་སྟོང་ཉིད་རྟོགས་པ་ཡོད་ཏེ།ཉན་རང་སློབ་པ་འཕགས་པ་ལ་ཡང་རང་རྒྱུད་ཀྱི་རང་བཞིན་གནས་རིགས་མངོན་སུམ་དུ་རྟོགས་པ་ཡོད་པའི་ཕྱིར།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག།རྒྱན་རྩ་བའི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་པར་ཐལ།བདེན་འཛིན་ཉོན་སྒྲིབ་ཡིན་པའི་ཕྱིར།དེར་ཐལ།རང་རྒྱལ་སློབ་པས་བདེན་འཛིན་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་ཕྱིར།དེར་ཐལ།རྣམ་བཤད་ལས།དེ་ལྟར་བྱས་ན་རང་རྒྱལ་ལ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ཅིག་ཀྱང་ཡོད་པས།རང་རྒྱལ་ལ་ཤེས་པ་ལ་བདེན་ཞེན་སྤོང་མི་ནུས་པས་མ་ཁྱབ་པོ་ཞེས་གསུངས་པའི་ཕྱིར།ཟེར་ན།སྐྱོན་མེད་དེ།རང་རྒྱལ་ལ་ཤེས་པ་བདེན་པར་འཛིན་པའི་བདེན་འཛིན་མངོན་འགྱུར་བ་རེ་ཞིག་རང་ལམ་གྱི་གནས་སྐབས་སུ་སྤོང་མི་ནུས་པས་མ་ཁྱབ་ཅེས་པའི་དོན་ཡིན་པའི་ཕྱིར།ཁ་ཅིག།རིགས་རྩ་འགྲེལ་གྱི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་པར་ཐལ།རྣམ་བཤད་དགོངས་པ་རབ་གསལ་ལས།མངོན་རྟོགས་རྒྱན་གྱི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་པར་སྒྲུབ་པའི་སྐབས་སུ༑གཟུང་དོན་རྟོག་པ་སྤོང་ཕྱིར་དང༌།ཞེས་པའི་རྩོད་སྤོང་གི་ཇི་ལྟ་བ་བཞིན་དུ་རིགས་རྩ་འགྲེལ་གྱི་སྐབས་སུ་རྣམ་བཤད་སྙིང་པོ་རྒྱན་དུའང་བཀོད་པའི་ཕྱིར་ཟེར་ན་མ་ཁྱབ་འོ་ན།མངོན་རྟོགས་རྒྱན་གྱི་དགོངས་པ་མཐར་ཐུག་རང་རྒྱུད་དུ་གནས་ཤིང༌།རིགས་རྩ་འགྲེལ་གྱི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་པར་འདོད་པ་རྣམས་ཀྱི་ལུགས་ལ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་མེད་པར་ཐལ།རྟོགས་པ་ཡི་ནི་ཆོས་དྲུག་དང༌།ཞེས་སོགས་ཀྱིས་ཐེག་ཆེན་གྱི་སྒྲུབ་པ་བཅུ་གསུམ་རང་བཞིན་གྱིས་མ་གྲུབ་པ་ཐེག་ཆེན་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་སུ་བསྟན་པ་གང་ཞིག།ཐེག་ཆེན་གྱི་སྒྲུབ་པ་བཅུ་གསུམ་[46B]རང་བཞིན་གྱིས་མ་གྲུབ་པ་དེ་མེད་ངེས་ཡིན་པའི་ཕྱིར།དེར་ཐལ།ཐེག་ཆེན་གྱི་སྒྲུབ་པ་བཅུ་གསུམ་རང་བཞིན་གྱིས་གྲུབ་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།རང་བཞིན་གྱིས་གྲུབ་པར་ཐལ།གཞི་གྲུབ་པའི་ཕྱིར།རྟགས་དང་པོ་དེར་ཐལ།རིགས་རྩ་འགྲེལ་གྱི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་པའི་ཕྱིར།རྟགས་ཁས།རྩ་བར་འདོད་མི་ནུས་ཏེ།ཆོས་བཅུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་པའི་ཡེ་ཤེས་རྣམ་མཁྱེན་གྱི་འཇོག་བྱེད་ཡིན་པའི་ཕྱིར།ཁ་ཅིག།སྟོང་ཉིད་རྟོགས་མ་མྱོང་བའི་ཉན་རང་སློབ་པ་འཕགས་པ་གཉིས་ཀྱི་སྒྲུབ་པ་དང་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྒྲུབ་པ་གསུམ་པོ་དེ་བདེན་པས་སྟོང་པ་ལ་རིགས་མི་འདྲ་བ་གསུམ་དང་གང་ཟག་གསུམ་པོ་དེ་ལ་རིགས་ཅན་མི་འདྲ་བ་གསུམ་གྱི་དབྱེ་བ་མི་འཐད་པར་ཐལ།སྒྲུབ་པ་གསུམ་པོ་བདེན་པས་སྟོང་པ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་ཅིང་ཉན་རང་སློབ་པ་དེ་གཉིས་ཀྱིས་སྒྲུབ་པ་བདེན་པས་སྟོང་པ་མ་རྟོགས་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།སྒྲུབ་པ་དེ་གསུམ་བདེན་པས་སྟོང་པ་ལ་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་ཅིང༌།ཉན་རང་སློབ་པ་དེ་གཉིས་ཀྱིས་སྒྲུབ་པ་བདེན་སྟོང་མ་རྟོགས་ཀྱང༌།བརྟེན་པ་སྒྲུབ་པ་མི་འདྲ་བ་གསུམ་གྱིས་དབྱེ་བས་རྟེན་རིགས་གསུམ་དང་རིགས་ཅན་གསུམ་གྱི་དབྱེ་བ་འཐད་པའི་ཕྱིར།དཔེར་ན།ཉེར་ལེན་འཇིམ་པ་གཅིག་ལས་གྲུབ་ཅིང་རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བའི་བུམ་པའི་ནང་དུ་བུ་རམ་དང་ལི་ཀར་སོགས་བླུག་པ་དེའི་ཚེ་བུམ་པ་དེར་བུ་རམ་གྱི་བུམ་པ་ཞེས་བརྗོད་པ་ལྟ་བུ་ཡིན་པའི་ཕྱིར།ཁ་ཅིག།འཕགས་པ་ཡིན་ན་སྟོང་ཉིད་མངོན་སུམ་དུ་རྟོགས་མྱོང་ཡིན་དགོས་པར་ཐལ།འགྲེལ་ཆེན་གཉིས་ཀར།འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་སླད་དུའོ།།ཞེས་མདོ་ཁུངས་སུ་དྲངས་པ་གང་ཞིག།སྟོང་ཉིད་རྟོགས་མ་མྱོང་བའི་འཕགས་པ་ཅིག་ཡོད་ན།འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སོ་སྐྱེ་ལས་རབ་ཏུ་ཕྱེ་བ་མི་འཐད་པའི་ཕྱིར་ཟེར་ན།སྐྱོན་མེད་དེ།དེའི་དོན་ནི།འཕགས་པ་བཞི་ཀ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡོད་པས་འཕགས་པའི་གང་ཟག་ཐམས་ཅད་སོ་སྐྱེ་ལས་རབ་ཏུ་ཕྱེ་ཞེས་པའི་དོན་ཡིན་པའི་ཕྱིར།དེ་ལྟར་མ་ཡིན་ན་འཕགས་པའི་གང་ཟག་ཡིན་ན་བསམ་གཏན་གྱི་དངོས་གཞི་ཐོབ་པས་ཁྱབ་པར་ཐལ།འགྲེལ་པ་དོན་གསལ་ལས།འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བའི་བསམ་གཏན་དང༌།ཞེས་གསུངས་[47A]པའི་ཕྱིར།འདོད་མི་ནུས་སོ།།གཞན་ཡང༌།སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་རྣམ་པ་ཅན་ཡིན་ན་བྱང་སེམས་རྒྱུན་མཐའ་བ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་རྣམ་པ་ཅན་ཡིན་དགོས་པར་ཐལ།འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་སོ་སྐྱེ་ལས་རབ་ཏུ་ཕྱེ་ན།འཕགས་པ་ལ་འདུས་མ་བྱས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་མྱོང་བས་ཁྱབ་པའི་ཕྱིར།འདོད་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཐུགས་རྗེ་ཆེན་པོ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།ཐུགས་རྗེ་ཆེན་པོ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།བྱང་སེམས་རྒྱུན་མཐའ་བ་འཁོར་བའི་སྡུག་བསྔལ་དང་བྲལ་བའི་གང་ཟག་ཡིན་པའི་ཕྱིར།།༈།།དམིགས་པ་ཆོས་རྣམས་ཐམས་ཅད་ཏེ།ཞེས་སོགས་ཀྱི་སྐབས་སུ་ཆོས་ཐམས་ཅད་ཆོས་ཅན།ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ།ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་བཅད་གཞི་ཡིན་པའི་ཕྱིར།འདིའི་སྐབས་སུ་གསུམ་ལས།དང་པོ་ལ་ཁ་ཅིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་དམིགས་པ་ཡིན་ན།དེས་དམིགས་པས་ཁྱབ་ཟེར་ན།གཟུགས་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།དེའི་སྒྲོ་འདོགས་བཅད་གཞི་ཡིན་པའི་ཕྱིར།དེར་ཐལ།ཐེགཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་གཟུགས་བདེན་མེད་དུ་རྟོགས་པའི་ཕྱིར།འདོད་ན།དེའི་གཞལ་བྱ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།དེའི་དངོས་གཞལ་དུ་ཐལ།འདོད་པའི་ཕྱིར།འདོད་ན།དོན་དམ་བདེན་པ་ཡིན་པར་ཐལ་ལོ།།ཁ་ཅིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་དམིགས་ཡུལ་ཡིན་ན་དེའི་ཡུལ་ཡིན་པས་ཁྱབ་ཟེར་ན།གཟུགས་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།གཞི་གྲུབ་པའི་ཕྱིར།འདོད་ན།དེའི་དངོས་ཡུལ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་ཤེས་པར་ཐལ།དེ་གཟུགས་དངོས་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དེ་ཐེག་ཆེན་གྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར།ཁ་ཅིག།བློ་དེའི་ཡུལ་ཡིན་ན་བློ་དེའི་ཞེན་ཡུལ་ཡིན་པས་ཁྱབ་ཟེར་ན།བུམ་པ་བདེན་གྲུབ་ཀྱི་དོན་སྤྱི་ཆོས་ཅན།བུམ་པ་བདེན་པར་འཛིན་པའི་བདེན་འཛིན་གྱི་ཞེན་ཡུལ་ཡིན་པར་ཐལ།དེའི་ཡུལ་ཡིན་པའི་ཕྱིར།དེར་[47B]ཐལ༑དེའི་སྣང་ཡུལ་ཡིན་པའི་ཕྱིར།དེར་ཐལ།དེ་ལ་བུམ་པ་བདེན་གྲུབ་སྣང་བ་གང་ཞིག།དེའི་སྣང་ཡུལ་ཡོད་པའི་ཕྱིར།དང་པོ་མ་གྲུབ་ན།དེ་ཆོས་ཅན།ཁྱོད་ལ་བུམ་པ་བདེན་གྲུབ་སྣང་བར་ཐལ།ཁྱོད་བུམ་པ་བདེན་པར་འཛིན་པའི་བདེན་འཛིན་ཡིན་པའི་ཕྱིར།ཕྱི་མ་མ་གྲུབ་ན།དེ་ཆོས་ཅན།ཁྱོད་ཀྱི་སྣང་ཡུལ་ཡོད་པར་ཐལ།ཁྱོད་རྟོག་པ་ཡིན་པའི་ཕྱིར།རྩ་བར་འདོད་ན།དེའི་ཞེན་ཡུལ་ཡོད་པར་ཐལ།འདོད་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཁྱོད་ཀྱི་ཞེན་ཡུལ་མེད་པར་ཐལ།ཁྱོད་བདེན་འཛིན་ཡིན་པའི་ཕྱིར།ཁ་ཅིག།དོན་དམ་པའི་དགེ་བ་ཡིན་ན་དགེ་བ་ཡིན་པས་ཁྱབ་ཟེར་ན།མྱང་འདས་ཆོས་ཅན།དེར་ཐལ།དེའི་ཕྱིར༑དེར་ཐལ།ཐར་པ་ཡིན་པའི་ཕྱིར།ཁྱབ་སྟེ།མཛོད་ལས།ཐར་པ།དམ་པའི་དོན་དུ་དགེ་རྩ་བ།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།འདུས་མ་བྱས་ཡིན་པའི་ཕྱིར།ཁ་ཅིག།དགེ་བ་ཡིན་ན་སེམས་བྱུང་ཡིན་པས་ཁྱབ་ཟེར་ན།ཐེག་ཆེན་སེམས་བསྐྱེད་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར།ཁྱབ་སྟེ།སྤྱོད་འཇུག་ལས།དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི།།འབྲས་བུ་ཕྱུང་ནས་ཟད་པར་འགྱུར་བ་ཉིད།།བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌།།འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར།།ཞེས་དང༌།དེ་དང་དགེ་མཚུངས་ག་ལ་ཡོད།།དེ་འདྲའི་བཤེས་ཀྱང་ག་ལ་ཡོད།།བསོད་ནམས་དེ་འདྲ་འང་ག་ལ་ཡོད།།ཅེས་གསུངས་པའི་ཕྱིར།འདོད་ན།མི་འཐད་དེ།གཙོ་སེམས་ཡིན་པའི་ཕྱིར།ཁ་ཅིག།དགེ་བ་ལ་ཤེས་པས་ཁྱབ་ཟེར་ན།བཅས་ལྡན་དགེ་སློང་གི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པའི་ས་བོན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།དེ་འདྲ་བའི་སོ་ཐར་གྱི་སྡོམ་པ་ཆོས་ཅན།ཁྱོད་ཀྱི་ས་བོན་ཤེས་པ་མ་ཡིན་པར་ཐལ།ཁྱོད་འདུས་བྱས་ཡིན་པའི་ཕྱིར།ཁ་ཅིག།དོན་དམ་པའི་མི་དགེ་བ་ཡིན་ན་མི་དགེ་བ་ཡིན་པས་ཁྱབ་ཟེར་ན།འཁོར་བ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཤེས་པ་མ་ཡིན་པའི་ཕྱིར།དེར་ཐལ།ལས་དང་ཉོན་མོངས་པའི་དབང་གིས་རང་དབང་མེད་པར་ཉིང་འཚམས་སྦྱོར་བ་ཤེས་པ་མ་ཡིན་པའི་ཕྱིར།ཁ་ཅིག།ལུང་དུ་བསྟན་པ་གང་ཞིག་སྐྱེས་བུ་དམ་པའི་བླང་བྱར་འོས་པ་དགེ་བའི་མཚན་ཉིད།ལུང་དུ་བསྟན་པ་གང་ཞིག་སྐྱེས་བུ་དམ་པའི་དོར་བྱར་འོས་པ་མི་དགེ་བའི་མཚན་ཉིད།བླང་དོར་བཏང་སྙོམས་སུ་བཞག་བྱ་ལུང་མ་བསྟན་[48A]གྱི་མཚན་ཉིད་ཟེར་ན།དང་པོ་ལ་ངོ་བོ་ཉིད་སྐུ་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དང་པོ་མ་གྲུབ་ན།ལུང་དུ་བསྟན་པར་ཐལ།གཞི་གྲུབ་པའི་ཕྱིར།ཕྱི་མ་མ་གྲུབ་ན།སྐྱེས་བུ་དམ་པའི་བླང་བྱར་འོས་པར་ཐལ།སྐྱེས་བུ་དམ་པའི་བླང་བྱ་ཡིན་པའི་ཕྱིར།དེར་ཐལ།ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།འདུས་མ་བྱས་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།བདེན་འཛིན་ཆོས་ཅན།མཚོན་བྱ་གཉིས་པ་དེར་ཐལ།མཚན་ཉིད་གཉིས་པ་དེའི་ཕྱིར།དང་པོ་སླ།ཕྱི་མ་དེར་ཐལ།སྒྲིབ་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ལུང་མ་བསྟན་ཡིན་པའི་ཕྱིར།གཞན་ཡང༌།དེ་ཆོས་ཅན།བླང་དོར་བཏང་སྙོམས་སུ་བཞག་བྱ་ཡིན་པར་ཐལ།ལུང་མ་བསྟན་ཡིན་པའི་ཕྱིར།དེར་ཐལ།ཤེས་སྒྲིབ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།དོར་བྱ་ཡིན་པའི་ཕྱིར།དེར་ཐལ།སྒྲིབ་པ་ཡིན་པའི་ཕྱིར།ཁ་ཅིག།རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པ་ལུང་དུ་བསྟན་པ་གང་ཞིག།སྐྱེས་བུ་དམ་པའི་བླང་བྱར་འོས་པ་དགེ་བའི་མཚན་ཉིད།རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་འབྱིན་པ་ལུང་དུ་བསྟན་པ་གང་ཞིག་སྐྱེས་བུ་དམ་པའི་དོར་བྱར་འོས་པ་མི་དགེ་བའི་མཚན་ཉིད།རྣམ་སྨིན་གྱི་འབྲས་བུ་ཡིད་འོང་དང་ཡིད་མི་འོང་གང་རུང་མི་འབྱིན་པའི་ཆོས་ལུང་མ་བསྟན་གྱི་མཚན་ཉིད་ཟེར་ན།དུས་སྐད་ཅིག་གཉིས་པར་ཁོང་ཁྲོས་རྩ་བ་ནས་འཇོམས་ངེས་ཀྱི་དགེ་བ་ཆོས་ཅན།རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པར་ཐལ།དེ་ལྟར་འབྱིན་པ་ལུང་དུ་བསྟན་པ་གང་ཞིག་ལུང་དེ་ལུང་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར།དང་པོ་མ་གྲུབ་ན།འཁོར་གསུམ་ཡོད།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།དུས་སྐད་ཅིག་གཉིས་པར་གཉེན་པོ་སྟོབས་བཞིས་རྩ་བ་ནས་འདག་ངེས་ཀྱི་མི་དགེ་བ་ཆོས་ཅན།རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་འབྱིན་པར་ཐལ།དེ་ལྟར་འབྱིན་པ་ལུང་དུ་བསྟན་པ་གང་ཞིག་ལུང་དེ་ལུང་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར།དང་པོ་མ་གྲུབ་ན་འཁོར་གསུམ་ཡོད།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཕྱི་མ་ལ་ཡང་སྐྱོན་དེ་ཉིད་ཀྱིས་མ་ངེས་སོ།།ཁ་ཅིག།ལུང་དུ་བསྟན་པ་གང་ཞིག་རང་འབྲས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་རུང་དགེ་བའི་མཚན་ཉིད།ལུང་དུ་བསྟན་པ་གང་ཞིག་རང་འབྲས་རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་འབྱིན་རུང་མི་དགེ་བའི་མཚན་ཉིད་ཟེར་ན།དང་པོ་ལ་མི་དགེ་བ་ཆོས་ཅན།མཚོན་བྱ་[48B]དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།རང་འབྲས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་ཡོད་པའི་ཕྱིར།དེར་ཐལ།མི་དགེ་བའི་འབྲས་བུར་གྱུར་པའི་བདེ་བ་ཡོད་པའི་ཕྱིར།དེར་ཐལ།སྤྱོད་འཇུག་ལས།གང་ལ་གནོད་བ་བྱས་ཀྱང་བདེ་འབྲེལ་བ།།བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ།།ཞེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།མི་དགེ་བ་ཡིན་པའི་ཕྱིར།ཕྱི་མ་ལ་དགེ་བ་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།རང་འབྲས་རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་ཡོད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།རྣམ་སྨིན་གྱི་རྒྱུ་ཡིན་ན་དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་ཡིན་པས་ཁྱབ་ཟེར་ན།བྱང་སེམས་ས་བཅུ་པ་བའི་རྒྱུད་ཀྱི་ཕྱིན་དྲུག་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ལོངས་སྐུའི་མཛོད་སྤུའི་རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར།དེར་ཐལ།ལོངས་སྐུའི་དཔྲལ་བའི་མཛོད་སྤུ་དེ་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་ཕྱིན་དྲུག་ཉམས་སུ་བླངས་པའི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར།དེར་ཐལ།དེའི་ཁ་དོག་དཀར་བ་སྦྱིན་པའི་རྣམ་སྨིན་གྱི་འབྲས་བུ་སོགས་སུ་གསུངས་པའི་ཕྱིར།ཁ་ཅིག།བཟོ་བོའི་ལས་ཡིན་ན་ལུང་མ་བསྟན་ཡིན་པས་ཁྱབ་ཟེར་ན།ཁ་ན་མ་ཐོ་བའི་བཟོ་བོའི་ལས་ཆོས་ཅན།དེར་ཐལ།དེའི་ཕྱིར།རྟགས་གསལ་ཆོས་ཅན་གྱིས་སྒྲུབས།།།།གཉིས་པ་རང་གི་ལུགས་ལ།ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་གཅད་གཞི་ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད།དེ་ལ་དབྱེན་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད།རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་རུང་དུ་ལུང་དུ་བསྟན་པ་གང་ཞིག་སྐྱེས་བུ་དམ་པའི་བླང་བྱར་འོས་པ་དགེ་བའི་མཚན་ཉིད།དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་དོན་དམ་པའི་དགེ་བ།ངོ་བོ་ཉིད་ཀྱི་དགེ་བ།མཚུངས་ལྡན་གྱི་དགེ་བ།ཀུན་སློང་གི་དགེ་བ་དང་བཞི་ཡོད།དང་པོ་ནི་མྱང་འདས་ལྟ་བུ་ཡིན།གཉིས་པ་ནི་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་ལྟ་བུ་ཡིན།གསུམ་པ་ནི་དེ་དང་མཚུངས་ལྡན་དུ་གྱུར་པའི་སེམས་དང་སེམས་བྱུང་ལྟ་བུ་ཡིན།བཞི་པ་ནི་དེ་ཀུན་ནས་སློང་བྱེད་ཀྱི་སེམས་སེམས་བྱུང་ལྟ་བུ་ཡིན་རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་འབྱིན་རུང་དུ་ལུང་དུ་བསྟན་པ་གང་ཞིག་སྐྱེས་བུ་དམ་པའི་དོར་བྱར་འོས་པ་མི་དགེ་བའི་མཚན་ཉིད།དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན།དོན་དམ་པའི་མི་དགེ་བ།ངོ་བོ་ཉིད་ཀྱི་མི་དགེ་བ།མཚུངས་ལྡན་གྱི་མི་དགེ་བ།ཀུན་སློང་གི་མི་དགེ་བ་དང་བཞི་ཡོད།དང་པོ་ནི་འཁོར་བ་ལྟ་བུ་ཡིན།[49A]གཉིས་པ་ནི་ངོ་ཚ་ཁྲེལ་མེད་ཀྱི་བསམ་པ་ལྟ་བུ་ཡིན།གསུམ་པ་ནི་དེ་དང་མཚུངས་ལྡན་དུ་གྱུར་པའི་སེམས་སེམས་བྱུང་ལྟ་བུ་ཡིན།བཞི་པ་ནི་དེ་ཀུན་ནས་སློང་བྱེད་ཀྱི་སེམས་སེམས་བྱུང་ལྟ་བུ་ཡིན།རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་དང་ཡིད་མི་འོང་གང་རུང་འབྱིན་མི་རུང་བའི་ཆོས་ལུང་མ་བསྟན་གྱི་མཚན་ཉིད།དེ་ལ་དོན་དམ་པའི་ལུང་མ་བསྟན།ངོ་བོ་ཉིད་ཀྱི་ལུང་མ་བསྟན།མཚུངས་ལྡན་གྱི་ལུང་མ་བསྟན།ཀུན་སློང་གི་ལུང་མ་བསྟན་དང་བཞི་ཡོད།དང་པོ་ནི་ནམ་མཁའ་ལྟ་བུ་ཡིན།གཉིས་པ་ནི་ཁ་ན་མ་ཐོ་བའི་བཟོ་བོའི་ལས་དང་དགེ་བའི་བཟོ་བོའི་ལས་མ་གཏོགས་པའི་བཟོ་བོའི་ལས་དང་སྤྱོད།ལམ་གྱི་ལས་ལྟ་བུ་ཡིན།གསུམ་པ་ནི་དེ་དང་མཚུངས་ལྡན་དུ་གྱུར་པའི་སེམས་སེམས་བྱུང་ལྟ་བུ་ཡིན།བཞི་པ་ནི་དེ་ཀུན་ནས་སློང་བྱེད་ཀྱི་སེམས་སེམས་བྱུང་ལྟ་བུ་ཡིན།གཞན་ཡང༌།དེ་ལ་སྒྲིབ་ལུང་མ་བསྟན་དང་མ་སྒྲིབ་ལུང་མ་བསྟན་གཉིས།སྒྲིབ་པར་གྱུར་པའི་ལུང་མ་བསྟན་དང་པོའི་མཚན་ཉིད།མཚན་གཞི་ནི་ཤེས་སྒྲིབ་ཐམས་ཅད་དང་གང་ཟག་གི་བདག་འཛིན་ལྟ་བུ་ཡིན།སྒྲིབ་པ་མ་ཡིན་པར་གྱུར་པའི་ལུང་མ་བསྟན་མ་སྒྲིབ་ལུང་མ་བསྟན་གྱི་མཚན་ཉིད།མཚན་གཞི་ནི་གང་ཟག་ལྟ་བུ་ཡིན།།༈།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་དམིགས་པ་ཡིན་ན་དེས་དམིགས་པས་ཁྱབ་པར་ཐལ།ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ན་དེས་དམིགས་པས་ཁྱབ་པའི་ཕྱིར།ཟེར་ན་མ་ཁྱབ།མ་གྲུབ་ན།དེར་ཐལ།གཞི་གྲུབ་ན།དེས་དམིགས་པས་ཁྱབ་པའི་ཕྱིར།དེར་ཐལ།གཞི་གྲུབ་ན་ཐེག་ཆེན་སྒྲུབ་པའི་གཞལ་བྱ་ཡིན་པས་ཁྱབ་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།བུམ་པ་བདེན་གྲུབ་ཀྱི་དོན་སྤྱི་བུམ་པ་བདེན་པར་འཛིན་པའི་བདེན་འཛིན་གྱི་གཞལ་བྱ་ཡིན་པར་ཐལ།གཟུགས་བདེན་མེད་ཀྱི་དོན་སྤྱི་དེ་གཟུགས་བདེན་མེད་དུ་རྟོགས་པའི་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་གཞལ་བྱ་ཡིན་པའི་ཕྱིར།དེར་ཐལ།གཟུགས་བདེན་མེད་དུ་རྟོགས་པའི་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་དང་གཟུགས་བདེན་མེད་ཀྱི་བར་དུ་གཉིས་སྣང་ཡོད་པ་དེའི་གཞལ་བྱ་ཡིན་པའི་ཕྱིར།དེར་ཐལ།དེ་འདྲ་བའི་ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་དེས་རང་ཉིད་དང་གཟུགས་བདེན་མེ་ཀྱི་བར་དུ་གཉིས་སྣང་ཡོད་པར་ངེས་པའི་ངེས་ཤེས་ཚད་མ་གཞན་ལ་[49B]ལྟོས་མེད་དུ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར།ཟེར་ན་མ་ཁྱབ།མ་གྲུབ་ན།དེར་ཐལ།དེ་ལྟར་རྣམ་བཤད་ལས་གསུངས་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།དངོས་པོ་ཡིན་ན་རྒྱུ་ཡིན་པས་མ་ཁྱབ་པར་ཐལ།དངོས་པོ་ཡིན་ན་རང་འབྲས་སྐྱེད་བྱེད་ཡིན་པས་མ་ཁྱབ་པའི་ཕྱིར།ཟེར་ན་རྣམ་པ་གཅིག་ཏུ་ན་མ་ཁྱབ།དེར་ཐལ།རང་དུས་སྐད་ཅིག་གཉིས་པར་ཁོང་ཁྲོས་གཏན་མེད་དུ་འཇོམས་ངེས་ཀྱི་དགེ་རྩ་རང་འབྲས་རྣམ་སྨིན་གྱི་འབྲས་བུ་སྐྱེད་ངེས་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་སོ།།ཁ་ཅིག།དགེ་བ་ཡིན་ན་སེམས་བྱུང་ཡིན་དགོས་པར་ཐལ།དགེ་བ་བཅུ་པོ་གང་རུང་ཡིན་ན་སེམས་བྱུང་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ༑མ་གྲུབ་ན།དེར་ཐལ།སེམས་བྱུང་ལྔ་བཅུ་པོ་གང་རུང་ལ་སེམས་བྱུང་གིས་ཁྱབ་པའི་ཕྱིར།ཁ་ཅིག།ཁོང་ཁྲོས་བཅོམ་པའི་དགེ་རྩས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པ་མེད་པར་ཐལ།ཁོང་ཁྲོས་གཏན་མེད་དུ་བཅོམ་པའི་དགེ་རྩས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པ་མེད་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་ཏེ།ཁོང་ཁྲོས་ཟད་པ་ཆུང་ངུ་བྱས་པའི་དགེ་རྩས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པ་ཡོད་པའི་ཕྱིར།དེར་ཐལ།ཁོང་ཁྲོས་དགེ་རྩའི་རྣམ་སྨིན་གྱི་འབྲས་བུ་རྒྱ་ཆེན་པོར་འབྱིན་པ་རྒྱ་ཆུང་ངུ་དང་ཡུན་རིང་དུ་འབྱིན་པ་ཡུན་ཐུང་དུར་བྱེད་པ་ཡོད་པའི་ཕྱིར།དེར་ཐལ།ཁོང་ཁྲོས་དགེ་རྩ་འཇོམས་ཚུལ་ལ་ཟད་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་དབྱེ་བ་འཐད་པའི་ཕྱེར།ཁ་ཅིག།བྱང་སེམས་འཕགས་པས་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་གྱུར་པའི་འདོད་པའི་འདོད་ཆགས་ཆོས་ཅན།དོར་བྱ་ཡིན་པར་ཐལ།སྒྲིབ་པ་ཡིན་པའི་ཕྱིར།ཁྱབ་པ་ཁས།དེར་ཐལ།ཉོན་སྒྲིབ་ཡིན་པའི་ཕྱིར།དེར་ཐལ།འདོད་ཆགས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།བླང་བྱ་ཡིན་པའི་ཕྱིར་ཏེ་བྱང་སེམས་འཔགས་པའི་བླང་བྱ་ཡིན་པའི་ཕྱིར།དེར་ཐལ།བྱང་སེམས་འཕགས་པས་འདོད་པའི་འདོད་ཆགས་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་བསྒྱུར་བ་བླང་བྱ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།ཁ་ཅིག།ནམ་མཁའ་ཆོས་ཅན།ལུང་དུ་མ་བསྟན་པར་ཐལ།ལུང་མ་བསྟན་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་མི་ནུས་ཏེ།ལུང་ལས་བསྟན་པའི་ཕྱིར།དེར་ཐལ།གཞི་གྲུབ་པའི་ཕྱིར།ཁ་ཅིག།རྣམ་སྨིན་གྱི་འབྲས་བུ་ལ་ལུང་མ་བསྟན་དང༌།རྣམ་སྨིན་གྱི་རྒྱུ་ལ་དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་ཡིན་དགོས་པར་ཐལ།མཛོད་ལས།རྣམ་སྨིན་ཆོས་ནི་ལུང་མ་བསྟན།།ཞེས་དང༌།རྣམ་སྨིན་རྒྱུ་ནི་མི་དགེ་དང་[50A]དགེ་བ་ཟག་བཅས་རྣམས་ཁོ་ན།།ཞེས་གསུངས་པའི་ཕྱིར།ཟེར་ན་སྐྱོན་མེད་དེ།དེ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པས་བཏགས་པ་ཙམ་ཡིན་པའི་ཕྱིར།།༈།།སེམས་ཅན་ཀུན་མཆོག་ཉིད་སེམས་དང༌།།ཞེས་སོགས་ཀྱི་སྐབས་སུ་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་མཐར་ཐུག་ཆོས་ཅན།ཁྱོད་ལ་རྣམ་པ་གསུམ་ཡོད་ཏེ།ཁྱོད་ལ་སེམས་ཆེན་པོ།།སྤོང་བ་ཆེན་པོ།།རྟོགས་པ་ཆེན་པོ་གསུམ་ཡོད་པའི་ཕྱིར།ཁ་ཅིག།གང་གི་ཆེད་དུ་བྱང་ཆེན་བསྒྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུག།སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད་ཟེར་ན།ཉན་ཐོས་སྒྲུབ་པའི་ཆེད་དུ་བྱ་བ་ཆོས་ཅན༑མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།ཉན་ཐོས་སློབ་པའི་ཐོབ་བྱ་མཐར་ཐུག་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།དེ་འདྲ་བ་དེ་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད་ཟེར་ན།འོ་ན།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།།ཡང་དག་རྫོགས་པའི་བྱང་ཆུབ་འདོད།།ཅེས་པའི་གཞུང་སྒྲ་ཇི་བཞིན་པ་མ་ཡིན་པར་ཐལ།གཞན་དོན་དེ་བྱང་ཆུབ་སེམས་དཔའི་ཆེད་དུ་བྱ་བ་མ་ཡིན་པའི་ཕྱིར།དེར་ཐལ།དེ་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་མ་ཡིན་པའི་ཕྱིར།མ་གྲུབ་ན།གཞན་དོན་ཆོས་ཅན།གང་གི་ཆེད་དུ་བྱང་ཆེན་བསྒྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུགཡིན་པར་ཐལ།ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པའི་ཕྱིར།འཁོར་གསུམ།གལ་ཏེ་འདོད་ན་མི་འཐད་དེ།དེ་རྒྱུད་ལ་ལྡན་པའི་བྱང་སེམས་ས་བཅུ་པ་བ་ཡོད་པའི་ཕྱིར།དེར་ཐལ།གཞན་དོན་བྱེད་པའི་བྱང་སེམས་ས་བཅུ་པ་བ་ཡོད་པའི་ཕྱིར།དེར་ཐལ།ས་བཅུ་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་གཞན་དོན་བྱེད་པའི་སྒོ་སངས་རྒྱས་དང་མཉམ་པ་ཐོབ་པའི་ཕྱིར།ཁ་ཅིག།ཆེན་པོ་གསུམ་གང་རུང་གིས་བསྡུས་པའི་ཡོན་ཏན་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་མཐར་ཐུག་གི་མཚན་ཉིད་ཟེར་ན།ལོངས་སྐུ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།རྟགས་གསལ་ཆོས་ཅན་གྱིས་སྒྲུབས།ཁ་ཅིག།སེམས་ཆེན་པོ་ཡིན་ན་སེམས་ཡིན་པས་ཁྱབ་ཟེར་ན།སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་སྙིང་རྗེ་ཆེན་པོར་གྱུར་པའི་སེམས་བྱུང་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཐུགས་རྗེ་ཆེན་པོ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།སེམས་བྱུང་ཡིན་པའི་ཕྱིར།།།།གཉིས་པ་རང་གི་ལུགས་ལ།གང་གི་[50B]ཆེད་དུ་བྱང་ཆེན་བསྐྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུག་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་མཐར་ཐུག་གི་མཚན་ཉིད།ཆེན་པོ་གསུམ་གང་རུང་གིས་བསྡུས་པའི་ཡོན་ཏན་མཐར་ཐུག་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད།དེ་ལ་སེམས་ཆེན་པོ།སྤོང་བ་ཆེན་པོ།རྟོགས་པ་ཆེན་པོ་དང་གསུམ་ཡོད།དང་པོ་ནི་སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ལྟ་བུ་ཡིན།གཉིས་པ་ནི་སྒྲིབ་གཉིས་སྤངས་པའི་སྤངས་པ་ལྟ་བུ་ཡིན།གསུམ་པ་ནི་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུ་ཡིན།ཁ་ཅིག།ཆེན་པོ་གསུམ་ཆོས་ཅན།ཆེན་པོ་གསུམ་གང་རུང་གིས་བསྡུས་བར་ཐལ།སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པའི་ཕྱིར།དེར་ཐལ།སེམས་ཅན་ཀུན་མཆོག་ཉིད་སེམས་དང་ཞེས་པའི་གཞུང་འདི་ཆེན་པོ་གསུམ་དངོས་སུ་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།རེ་རེ་ནས་མ་བསྡུས་པའི་ཕྱིར་ཟེར་ན་མ་ཁྱབ།།།།ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་སྤྱིར་དགེ་བའི་ཆོས་ཀྱི་རྟེན་ཅན་དང་ཞེས་པའི་སྐབས་སུ་ཐེག་ཆེན་གྱི་སྒྲུབ་པ་ཆོས་ཅན།ཁྱོད་ལ་དབྱེ་ན་དུ་མ་ཡོད་དེ།ཁྱོད་ལ་སྟོན་ཚུལ་གྱི་སྒོ་ནས་དབྱེ་ན་མཁྱེན་པ་ཡུལ་གྱི་སྒྲུབ་པ་དང༌།སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་ཡོད་པའི་ཕྱིར།ཁ་ཅིག།ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ཆེད་དུ་བྱ་བ་ཆེན་པོ་གསུམ་ཐོབ་བྱེད་ཀྱི་སེམས་དཔའི་ཡེ་ཤེས་སྒྲུབ་པའི་མཚན་ཉིད་ཟེར་ན།ཉན་ཐོས་ཀྱི་ཚོགས་ལམ་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཉན་ཐོས་ཀྱི་སྒྲུབ་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ཆེན་པོ་གསུམ་ཐོབ་བྱེད་ཀྱི་སེམས་དཔའི་བྱ་བ་ཐེག་ཆེན་སྒྲུབ་པའི་མཚན་ཉིད་ཟེར་ན།འོ་ན།ཐེག་ཆེན་གྱི་ཚོགས་ལམ་དེ་ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ཆེན་པོ་གསུམ་ཐོབ་བྱེད་ཀྱི་སེམས་དཔའི་བྱ་བ་མ་ཡིན་པར་ཐལ།བྱང་སེམས་ཚོགས་ལམ་པའི་ལུས་ཀྱི་བྱ་བ་དེ་ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ཆེན་པོ་གསུམ་ཐོབ་བྱེད་ཀྱི་སེམས་དཔའི་བྱ་བ་མ་ཡིན་པའི་ཕྱིར།མ་གྲུབ་ན།དེ་ཆོས་ཅན།ཐེག་ཆེན་སྒྲུབ་པ་ཡིན་པར་ཐལ།ཐེག་ཆེན་སྒྲུབ་པའི་མཚན་ཉིད་དེའི་ཕྱིར།རྟགས་ཁས།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།སེམས་དཔའི་ཡེ་ཤེས་ལ་སྦྱོར་བ་བྱེད་སྦྲག་གི་སྒྲུབ་པས་ཁྱབ།སྦྱོར་བ་བྱེད་བྲག་གི་སྒྲུབ་པ་ལ་ཕྱིན་དྲུག་ཉམས་ལེན་གྱི་བྱ་[51A]པས་ཟིན་པས་ཁྱབ་ཟེར་ན།ཕྱིན་དྲུག་ལ་སློབ་མི་ནུས་པའི་སེམས་དཔའི་ཡེ་ཤེས་ཆོས་ཅན།ཕྱིན་དྲུག་གི་ཉམས་ལེན་གྱི་བྱ་བས་ཟིན་པར་ཐལ།སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་པའི་ཕྱིར།དེར་ཐལ།སེམས་དཔའི་ཡེ་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།ཐེགཆེན་སེམས་བསྐྱེད་ལ་བརྟེན་ནས་བྱང་ཆུབ་ཆེན་པ་ཐོབ་བྱེད་ཀྱི་བརྩོན་འགྲུས་གཙོ་བོར་གྱུར་པའི་སེམས་དཔའི་ཡེ་ཤེས་ཐེག་ཆེན་སྒྲུབ་པའི་མཚན་ཉིད་ཟེར་ན།བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།སེམས་དཔའི་ཡེ་ཤེས་ཡིན་པའི་ཕྱིར།འདོད་ན།བརྩོན་འགྲུས་ཡིན་པར་ཐལ།བརྩོན་འགྲུས་གཙོ་བོར་གྱུར་པ་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།གཙོ་སེམས་ཡིན་པའི་ཕྱིར།ཁ་ཅིག།མཁྱེན་གསུམ་གང་རུང་གི་རྣམ་པ་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་ཡིན་ན།མཁྱེན་གསུམ་ཡུལ་དུ་བྱེད་པས་ཁྱབ་ཟེར་ན།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།མཁྱེན་གསུམ་གང་རུང་གི་རྣམ་པ་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་མཁྱེན་པ་མ་ཡིན་པའི་ཕྱིར།ཁ་ཅིག།སྐབས་དང་པོ་གསུམ་དུ་གོ་སྒྲུབ་མ་གཏོགས་ཕྱིན་དྲུག་ཉམས་ལེན་གྱི་སྒོ་ནས་མ་བསྟན།མཁྱེན་གསུམ་ཉམས་ལེན་གྱི་སྒོ་ནས་བསྟན།སྦྱོར་བཞིའི་སྐབས་སུ་ཕྱིན་དྲུག་ཉམས་ལེན་གྱི་སྒོ་ནས་བསྟན།མཁྱེན་གསུམ་ཉམས་ལེན་གྱི་སྒོ་ནས་མ་བསྟན་པ་ཡིན་ནོ་ཟེར་ན།སྐབས་དང་པོ་གསུམ་དུ་གོ་སྒྲུབ་མ་གཏོགས་ཕྱིན་དྲུག་ཉམས་ལེན་གྱི་སྒོ་ནས་མ་བསྟན་པ་དེ་མི་འཐད་པར་ཐལ།འཇུགསྒྲུབ་ཀྱི་སྐབས་སུ།བསམ་གཏན་གཟུངས་མེད་སྦྱིན་སོགས་དང༌།ཞེས་ཕྱིན་དྲུག་ཉམས་ལེན་གྱི་སྒོ་ནས་བསྟན།ཚོགས་སྒྲུབ་ཀྱི་སྐབས་སུ།བརྩེ་དང་སྦྱིན་ལ་སོགས་པ་དྲུག།ཞེས་ཕྱིན་དྲུག་ཉམས་ལེན་གྱི་སྒོ་ནས་བསྟན་པའི་ཕྱིར།སྦྱོར་བ་བཞིའི་སྐབས་སུ་མཁྱེན་གསུམ་ཉམས་ལེན་གྱི་སྒོ་ནས་མ་བསྟན་པ་དེ་མི་འཐད་པར་ཐལ།རྣམ་རྫོགས་སྦྱོར་བའི་སྐབས་སུ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ཉམས་ལེན་གྱི་སྒོ་ནས་བསྟན།རྩེ་སྦྱོར་གྱི་སྐབས་སུ།ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱིས།།ཞེས་གསུངས་པའི་ཕྱིར།དང་པོ་དེར་ཐལ།མེད་པའི་རྣམ་པ་ནས་བཟུང་སྟེ།།ཞེས་སོགས་ཀྱི་གཞུང་སྒྲ་ཇི་བཞིན་པ་[51B]ཡིན་པའི་ཕྱིར།ཁ་ཅིག།མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་སྤྱི་བྱེ་བྲག་ཡིན་ཟེར་ན།དེ་མི་འཐད་པར་ཐལ།དེ་གཉིས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།དེར་ཐལ།དེ་གཉིས་སྟོན་ཚུལ་གྱི་སྒོ་ནས་སོ་སོར་ཕྱེ་བ་ཙམ་ཡིན་པའི་ཕྱིར།ཁ་ཅིག།སྐབས་དང་པོའི༌༈གསུམ་གྱི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པ་དེ་ཐོས་བསམ་གཙོ་བོར་གྱུར་པའི་སྒྲུབ་པ་དང་།སྦྱོར་བ་བཞིའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པ་དེ་ཉམས་ལེན་གཙོ་བོར་གྱུར་བའི་སྒྲུབ་པ་ཡིན་པའི་ཕྱིར།ཟེར་བ་དང༌།ཁ་ཅིག།སྐབས་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པ་ལྟ་བུ་གཙོ་བོར་གྱུར་པ་དང༌།སྦྱོར་བ་བཞིའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པ་སྤྱོད་པ་གཙོ་བོར་གྱུར་པའི་སྒྲུབ་པ་ཡིན་པའི་ཕྱིར་ཟེར་ན།ལུགས་དང་པོ་མི་འཐད་པར་ཐལ།སྐབས་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པ་དང་སྒོམ་བྱུང་གི་མཁྱེན་པའི་གཞི་མཐུན་ཡོད་པ་གང་ཞིག་ཐོས་བསམ་གྱི་གཞུང་སོ་སོར་གཅོད་པ་ཡང་མི་རིགས་པའི་ཕྱིར།ལུགས་གཉིས་པ་མི་འཐད་ཏེ།སྐབས་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པ་ལ་ལྟ་སྤྱོད་གཙོ་བོར་གྱུར་མ་གྱུར་གྱི་ཁྱད་བར་མེད་པའི་ཕྱིར་དང༌།གཞན་གྱིས་དེ་ལས་ལྡོག་ཏེ་ཁས་བླངས་པ་ལ་གནོད་བྱེད་ཡང་དག་མི་འཇུག་པའི་ཕྱིར།འཇུག་ན་ཅིག་ཤོས་ལ་ཡང་མཚུངས་སོ།།།།རང་གི་ལུགས་ལ།ཐེག་ཆེན་སེམས་བསྐྱེད་ལ་བརྟེན་ནས་ཆེན་པོ་གསུམ་ཐོབ་བྱེད་ཀྱི་སེམས་དཔའི་ཡེ་ཤེས་ཐེག་ཆེན་སྒྲུབ་པའི་མཚན་ཉིད།དེ་ལ་སྟོན་ཚུལ་གྱི་སྒོ་ནས་དབྱེ་ན།མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས།མཚན་གཞིའི་སྒོ་ནས་དབྱེ་ན།གོ་སྒྲུབ།འཇུག་སྒྲུབ།ཚོགས་སྒྲུབ།ངེས་འབྱུང་སྒྲུབ་པ་དང་བཞི་ཡོད།།།རྩོད་པ་སྤོང་བ་ལ།ཁ་ཅིག།སྐབས་དང་པོ་གསུམ་དུ་གོ་སྒྲུབ་མ་གཏོགས་པར་ཕྱིན་དྲུག་ཉམས་ལེན་གྱི་སྒོ་ནས་མ་བསྟན་པར་ཐལ།རྣམ་བཤད་སྙིང་པོའི་རྒྱན་ལས།གོ་ཆ་མ་གཏོགས་པར་ཕར་ཕྱིན་དྲུག་ལྡན་གྱི་སྒོ་ནས་གསལ་བར་མ་བསྟན་པར་ཞེས་གསུངས་པའི་ཕྱིར།ཟེར་ན་སྐྱོན་མེད་དེ།གཙོ་ཆེ་བ་ལ་དགོངས་པ་ཡིན་པའི་ཕྱིར།ཁ་ཅིག།མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་གཉིས་སྤྱི་བྱེ་བྲག་ཡིན་པར་ཐལ།མཁྱེན་པ་ཡུལ་གྱི་སྒྲུབ་པ་ལ་སྤྱིའི་སྒྲུབ་པ་དང༌།སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ལ་བྱེ་བྲག་གི་སྒྲུབ་པ་ཞེས་གསུངས་པ་དང༌།རྣམ་བཤད་ལས་ཀྱང༌།སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་ན་[52A]མཁྱེན་པ་ཡུལ་དུ་བྱས་པའི་སྒྲུབ་པ་ཡིན་པས་ཁྱབ་པ་སྤྱི་དང་བྱེ་བྲག་ཡིན་གྱི་ཞེས་གསུངས་པའི་ཕྱིར།ཟེར་ན་མ་ཁྱབ།ཁ་ཅིག།ཐེག་ཆེན་གྱི་སྒྲུབ་པ་ཡིན་ན་བརྩོན་འགྲུས་གཙོ་བོར་གྱུར་པའི་སེམས་དཔའི་ཡེ་ཤེས་ཡིན་དགོས་པར་ཐལ།དེ་ཡིན་ན་བརྩོན་འགྲུས་ཀྱི་ཁྱད་པར་དུ་བྱས་པའི་སེམས་དཔའི་ཡེ་ཤེས་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ།མ་གྲུབ་ན་དེར་ཐལ།མདོ་སྡེ་རྒྱན་ལས།ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི།།ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་དང༌།།མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས།།ཞེས་གསུངས་པའི་ཕྱིར་དང༌།སྒྲུབ་པའི་དོན་འབད་པའི་དོན་དང་འབད་པའི་དོན་བརྩོན་པའི་དོན་ཡིན་པའི་ཕྱིར།།༈།།དེ་དག་སོ་སོར་སྦྱིན་ལ་སོགས།།ཞེས་སོགས་ཀྱི་སྐབས་སུ་གོ་སྒྲུབ་ཆོས་ཅན།ཁྱོད་ལ་དབྱེ་ན་དུ་མ་ཡོད་དེ།ཁྱོད་ལ་སུམ་ཅུ་སོ་དྲུག་ཡོད་པའི་ཕྱིར།འདིའི་སྐབས་སུ་རྣམ་པ་གསུམ་ལས་དང་པོ་ལ།ཁ་ཅིག།ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུང་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་གོ་སྒྲུབ་ཀྱི་མཚན་ཉིད་ཟེར་ན།སྤྱོད་པ་ཕྱིན་དྲུག་ལ་སློབ་མི་ནུས་པའི་སེམས་དཔའི་ཡེ་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།སེམས་དཔའི་ཡེ་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་ཉམས་ལེན་གྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་གོ་སྒྲུབ་ཀྱི་མཚན་ཉིད་ཟེར་ན།སྟོང་ཉིད་རྟོགས་མ་མྱོང་བའི་སེམས་དཔའི་ཡེ་ཤེས་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།འདོད་ན།སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་ཐལ་ལོ།།ཁ་ཅིག།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྦྱིན་པའི་ཕར་ཕྱིན་དྲུག་སྦྱིན་པར་ཆོས་མཐུན་པ་ནས་བཟུང་སྟེ་ཤེས་རབ་ཀྱི་ཕར་ཕྱིན་དྲུག་ཤེས་རབ་ཏུ་ཆོས་མཐུན་པ་དེ་གོ་སྒྲུབ་སོ་དྲུག་གོ་སྒྲུབ་ཏུ་འདུ་བའི་དོན་ཡིན་ཟེར་ན།འོ་ན།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྦྱིན་པའི་གོ་ཆ་ཡིན་ན་བྱང་ཆུབ་སེམས་དཔའི་སྦྱིན་པ་ཡིན་དགོས་པར་ཐལ།འདོད་པའི་ཕྱིར།འདོད་ན།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྦྱིན་པའི་གོ་ཆར་གྱུར་པའི་སྦྱིན་པའི་འཁོར་གསུམ་བདེན་མེད་དུ་རྟོགས་པའི་ཤེས་རབ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།བྱང་ཆུབ་སེམས་དཔའི་སྦྱིན་པའི་རྫས་[52B]ཡིན་ན་སྦྱིན་པ་ཡིན་པས་ཁྱབ་ཟེར་ན།བྱང་ཆུབ་སེམས་དཔའི་སྦྱིན་པའི་རྫས་སུ་གྱུར་པའི་ཟང་ཟིང་གི་དངོས་པོ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།བྱང་ཆུབ་སེམས་དཔའི་ཟང་ཟིང་གི་སྦྱིན་པ་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།བྱང་ཆུབ་སེམས་དཔའི་སྦྱིན་པའི་རྫས་ཡིན་ན་སྦྱིན་པ་མ་ཡིན་པས་ཁྱབ་ཟེར་ན།བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཆོས་ཀྱི་སྦྱིན་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།བྱང་སེམས་ཚོགས་ལམ་པས་ཆོས་ཀྱི་སྦྱིན་པ་སེམས་ཅན་ཐམས་ཅད་ལ་གཏོང་བའི་ཕྱིར།དེར་ཐལ།བྱང་ཆུབ་སེམས་དཔས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་ཡུལ་དུ་བསྔོ་པའི་ཕྱིར་ཏེ།དེས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཏོང་བསྲུང་དག་སྤེལ་བཞི་བཞིར་བྱེད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།གཏོང་བའི་སེམས་པ་ཆོས་བཞི་ལྡན་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད་ཟེར་ན།ཐེག་ཆེན་ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་གཏོང་བའི་སེམས་པ་ཆོས་བཞི་ལྡན་ཆོས་ལྡན༌༈།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།དེའི་རྒྱུད་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་གཏོང་བའི་སེམས་པ་ཆོས་བཞི་ལྡན་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད་ཟེར་ན།སྟོང་ཉིད་རྟོགས་མ་མྱོང་བའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྦྱིན་པའི་ཕར་ཕྱིན་ཆོས་ཅན།མཚན་ཉིད་དེར་ཐལ།མཚོན་བྱ་དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།རྟགས་གོང་དུ་སྒྲུབ་ཟིན།འདོད་ན།གྲོགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།གཞན་ཡང༌།སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྦྱིན་པའི་ཕར་ཕྱིན་ཆོས་ཅན།མཚན་ཉིད་དེར་ཐལ༑མཚོན་བྱ་དེའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།སྦྱིན་པའི་ཕར་ཕྱིན་ཡིན་ན་སྦྱིན་པ་ཡིན་པས་ཁྱབ་ཟེར་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཐེག་ཆེན་སེམས་བསྐྱེད་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།སེམས་བྱུང་ཡིན་པར་ཐལ།འདོད་[53A]པའི་ཕྱིར།འདོད་མི་ནུས་ཏེ།གཙོ་སེམས་ཡིན་པའི་ཕྱིར།ཁ་ཅིག།ཚུལ་ཁྲིམས་ཡིན་ན་སྤོང་བའི་སེམས་པ་ཡིན་པས་ཁྱབ་ཟེར་ན།དགེ་སློང་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པའི་ས་བོན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།སོ་ཐར་གྱི་ཚུལ་ཁྲིམས་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།སེམས་བྱུང་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་ཏེ།ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར།མ་གྲུབ་ན།དེ་འདྲ་བའི་སོ་ཐར་གྱི་སྡོམ་པ་ཆོས་ཅན།ཁྱོད་ཀྱི་ས་བོན་ལྡན་མིན་འདུ་བྱེད་ཡིན་པར་ཐལ།ཁྱོད་འདུས་བྱས་ཡིན་པའི་ཕྱིར།ཁ་ཅིག།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཚུལ་ཁྲིམས་ཡིན་ན་སྤོང་བའི་སེམས་པ་ཡིན་པས་ཁྱབ་ཟེར་ན།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་པར་ཐལ།འདོད་པ་གང་ཞིག།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཚུལ་ཁྲིམས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྡོམ་པ་ཡིན་ན་བྱང་སེམས་ཀྱི་སྡོམ་པ་ཡིན་པས་ཁྱབ་ཟེར་ན།དགེ་སློང་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར།དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།དགེ་སློང་བྱང་ཆུབ་སེམས་དཔའ་ཡོད་པའི་ཕྱིར།འདོད་ན།དེ་ཆོས་ཅན།ཇི་སྲིད་འཚོ་བར་གྱི་སྡོམ་པ་ཡིན་པར་ཐལ།སེམས་ཅན་གྱི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར།མ་གྲུབ་ན་འཁོར་གསུམ་ཡོད།འདོད་མི་ནུས་ཏེ།བྱང་སེམས་ཀྱི་སྡོམ་པ་ཡིན་པའི་ཕྱིར།ཁ་ཅིག།སོ་ཐར་གྱི་སྡོམ་པ་ཡིན་ན་ཇི་སྲིད་འཚོ་བར་གྱི་སྡོམ་པ་ཡིན་པས་ཁྱབ་ཟེར་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།སྲོག་ཇི་སྲིད་འཚོའི་བར་དུ་གནས་ཤིང་དེ་ཕན་ཆད་དུ་མི་གནས་པའི་སྡོམ་པ་ཡིན་པར་ཐལ།འདོད་པའི་ཕྱིར།འདོད་མི་ནུས་སོ།།ཁ་ཅིག།བཟོད་པ་ཡིན་ན་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པས་ཁྱབ་ཟེར་ན།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་ཆོས་ལ་ངེས་ཐོབ་ཀྱི་བཟོད་བ་ཆོས་ཅན།དེར་ཐལ།དེའི་ཕྱིར།འདོད་མི་ནུས་ཏེ།ཐེག་ཆེན་མཐོང་ལམ་[53B]བར་ཆད་མེད་ལམ་ཡིན་པའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།ཁ་ཅིག།བསམ་གཏན་གྱི་ཕར་ཕྱིན་ཡིན་ན་བསམ་གཏན་ཡིན་པས་ཁྱབ་ཟེར་ན།བསམ་གཏན་གྱི་ཕར་ཕྱིན་དང་མཚུངས་ལྡན་དུ་གྱུར་པའི་གཙོ་སེམས་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།སེམས་བྱུང་ཡིན་པར་ཐལ།འདོད་པའི་ཕྱིར།ཁ་ཅིག།ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་ཡིན་ན་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་སེམས་དཔའི་ཡེ་ཤེས་ཡིན་པས་ཁྱབ་ཟེར་ན།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ་ཤེས་རབ་ཀྱི་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་ཡིན་པའི་ཕྱིར།དེར་ཐལ།དེ་འདྲ་བའི་སེམས་དཔའི་ཡེ་ཤེས་ཅིག་ཡོད་པའི་ཕྱིར།དེར་ཐལ།དྲུག་ཚན་དྲུག་གིས་ཇི་བཞིན་བཤད།ཅེས་གསུངས་པའི་ཕྱིར།འདོད་མི་ནུས་ཏེ།ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཡིན་པའི་ཕྱིར།ཁ་ཅིག།སྦྱིན་པའི་ཕར་ཕྱིན་ཡིན་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལས་དམན་པས་ཁྱབ་ཟེར་ན།སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྦྱིན་པའི་ཕར་ཕྱིན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར།འདོད་ན།མི་འཐད་དེ།མཁྱེན་པ་མཐར་ཐུག་ཡིན་པའི་ཕྱིར།དེར་ཐལ།རྣམ་མཁྱེན་ཡིན་པའི་ཕྱིར།དེར་ཐལ།སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྦྱིན་པའི་ཕར་ཕྱིན་ཡིན་པའི་ཕྱིར།།།།རང་ལུགས་ལ།ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་ཉམས་ལེན་གྱིས་ཟིན་པའི་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་གོ་སྒྲུབ་ཀྱི་མཚན་ཉིད།དེ་ལ་རྒྱས་པར་དབྱེ་ན་སྦྱིན་པའི་གོ་ཆ་དྲུག་ནས་ཤེས་རབ་ཀྱི་གོ་ཆ་དྲུག་གི་ཕར་སུམ་ཅུ་སོ་དྲུག་ཡོད།དེ་བསྡུན་སྦྱིན་པའི་གོ་ཆ་ནས་ཤེས་རབ་ཀྱི་གོ་ཆའི་བར་དྲུག་ཡོད།སེམས་བསྐྱེད་བསྔོ་བ་ཤེས་རབ་གསུམ་གང་ཡང་རུང་བས་ཟིན་པའི་སྒོ་ནས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་ལ་མ་ཆགས་པར་གཞན་ལ་གཏོང་བའི་རབ་ཏུ་ཕྱེ་བའི་ཐེག་ཆེན་གྱི་མཁྱེན་པ།སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད།དེས་འོག་མ་རྣམས་ལའང་འགྲེ་འོ།།བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་དབྱེ་ན་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཟང་ཟིང་གི་སྦྱིན་པ་ཆོས་ཀྱི་སྦྱིན་པ་དང་གསུམ།ཚུལ་ཁྲིམས་ལ་དབྱེ་ན་ཉིས་སྤྱོད་སྡོམ་པའི་ཚུལ་ཁྲིམས༑དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས༑སེམས་ཅན་དོན་བྱེད་[54A]ཀྱི་ཚུལ་ཁྲིམས་དང་གསུམ་ཡོད།བཟོད་པ་ལ་དབྱེ་ན་སྡུག་བསྔལ་དང་ལེན་གྱི་བཟོད་པ་གནོད་པས་ཇི་མི་སྙམ་པའི་བཟོད་པ་ཆོས་ལ་དེས་ཐོབ་ཀྱི་བཟོད་པ་དང་གསུམ་ཡོད།བརྩོན་འགྲུས་ལ་དབྱེ་ན་གོ་ཆའི་བརྩོན་འགྲུས་སྦྱོར་བའི་བརྩོན་འགྲུས་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་དང་གསུམ་ཡོད།བསམ་གཏན་ལ་དབྱེ་ན་ཇི་སྙེད་པ་ལ་དམིགས་པའི་བསམ་གཏན༌༑༈ཇི་ལྟ་བ་ལ་དམིགས་པའི་བསམ་གཏན་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དང་གསུམ་ཡོད།ཤེས་རབ་ལ་ཡང་རིགས་འགྲེའོ།།།།གསུམ་པ་རྩོད་པ་སྤོང་བ་ལ།ཁ་ཅིག།གཏོང་བའི་སེམས་པ་ཆོས་བཞི་ལྡན་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད་ཡིན་པར་ཐལ།མདོ་སྡེ་རྒྱན་ལས།སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌།།རྣམ་པར་མི་རྟོག་ཡེ་ཤེས་ལྡན།།འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད།།སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ།།ཞེས་གསུངས་པའི་ཕྱིར་ཟེར་ན།དེ་བྱང་ཆུབ་སེམས་དཔའི་སྦྱིན་པ་ཁྱད་པར་ཅན་ལ་དགོངས་པ་ཡིན་པའི་ཕྱིར།ཁ་ཅིག།སོ་ཐར་གྱི་སྡོམ་པའི་ས་བོན་ཡིན་ན་སོ་ཐར་གྱི་སྡོམ་པ་ཡིན་དགོས་པར་ཐལ།བཅས་ལྡན་དགེ་སློང་གི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པའི་ས་བོན་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།འདོད་ན།དུད་འགྲོའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པའི་ས་བོན་ཆོས་ཅན།དེར་ཐལ།དེའི་ཕྱིར།དེར་ཐལ།ཆོས་ཅན་དེ་ཡིན་པའི་ཕྱིར༌༑དེར་ཐལ།དེ་ཡོད་པའི་ཕྱིར།དེར་ཐལ།དུད་འགྲོའི་རྒྱུད་ཀྱི་དགེ་བའི་ས་བོན་ཡོད་པའི་ཕྱིར།འདོད་མི་ནུས་ཏེ།མི་མ་ཡིན་པའི་གང་ཟག་གི་རྒྱུད་ཀྱི་ཆོས་ཡིན་པའི་ཕྱིར།ཁྱབ་སྟེ།མདོ་རྩ་བ་ལས་མི་མ་ཡིན་པའི་འགྲོ་བ་པ་དང༌།ཞེས་གསུངས་པའི་ཕྱིར།ཁ་ཅིག།སེམས་དཔའི་ཡེ་ཤེས་ལ་གོ་སྒྲུབ་དང་གོ་སྒྲུབ་ལ་ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་ཉམས་ལེན་གྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་དགོས་པར་ཐལ།ཐེག་ཆེན་གྱི་སྒྲུབ་པ་མཚན་གཞིའི་སྒོ་ནས་འཆད་པ་དེའི་ཚེ་གོ་སྒྲུབ་འཇུག་སྒྲུབ་ཚོགས་སྒྲུབ་ངེས་འབྱུང་སྒྲུབ་པ་རྣམ་པ་བཞི་གསུངས།གོ་སྒྲུབ་ཀྱི་སྐབས་སུ།དེ་དགསོ་སོར་སྦྱིན་ལ་སོགས།།ཞེས་གསུངས་པའི་ཕྱིར།ཟེར་ན་མ་ཁྱབ་བོ།།།།བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌།ཞེས་སོགས་ཀྱི་སྐབས་སུ་འཇུག་སྒྲུབ་ཆོས་ཅན།ཁྱོད་ལ་དབྱེ་ན་དུ་མ་ཡོད་དེ།ཁྱོད་ལ་རྣམ་པ་དགུ་ཡོད་པའི་ཕྱིར།ཁ་ཅི༌།སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་[54B]སྒོ་ནས་ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་སྦྱོར་བ་ལག་ལེན་གཙོ་བོར་བྱས་ནས་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་འཇུག་སྒྲུབ་ཀྱི་མཚན་ཉིད་ཡིན་ཟེར་ན།སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས་ཡིན་པའི་ཕྱིར།འདོད་ན།ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པར་ཐལ་ལོ།།འདོད་མི་ནུས་སོ།།ཁ་ཅིག།དེ་ལྟ་བུ་དེ་དམན་ལམ་སྔོན་དུ་མ་སོང་བའི་འཇུག་སྒྲུབ་ཀྱི་མཚན་ཉིད་ཡིན་ཟེར་ན།ཐེག་ཆེན་ཚོགས་ལམ་སྐད་ཅིག་ཐ་མའི་ཡེ་ཤེས་ཆོས་ཅན།མཚོན་བྱ་དེར་ཐལ།མཚན་ཉིད་དེའི་ཕྱིར།དེར་ཐལ།སྟོང་ཉིད་རྟོགས་པའི་ཞི་གནས་དང་མཚུངས་ལྡན་དུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་སྦྱོར་བ་ལག་ལེན་གཙོ་བོར་བྱས་ནས་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་ཡིན་པའི་ཕྱིར།འདོད་མི་ནུས་ཏེ།ཐེག་ཆེན་གྱི་ཚོགས་ལམ་ཡིན་པའི་ཕྱིར།།།།རང་གི་ལུགས་ལ།ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་སྦྱོར་བ་ལག་ལེན་གཙོ་བོར་བྱས་ནས་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་འཇུག་སྒྲུབ་ཀྱི་མཚན་ཉིད།དེ་ལ་རྣམ་པ་དགུ་ཡོད།།།།༈ན་མོ་གུ་རུ་ཨཱ་རྱ་མཻ་ཏྲི་ནཱ་ཐ་མ་ཧཱ་ཀ་རུ་ཎི་ཀ་བྷྱཿ༈ཚོགས་གཉིས་རྒྱ་མཚོའི་འཇིང་ལས་ལེགས་འཁྲུངས་མཁྱེན་བརྩེའི་དཀྱིལ་འཁོར་རབ་ཏུ་རྒྱས།།སྒྲིབ་གཉིས་དག་པའི་མཚན་མས་རབ་མཛེས་ལྷུན་གྲུབ་མཛད་པའི་འོད་དཀར་འཕྲོ།།བདེན་གཉིས་ཟུང་འཇུག་ཆད་མེད་བདུད་རྩིས་གདུལ་བྱའི་ཀུ་མུད་རྟག་འབྱེད་པའི།།སྟོན་མཆོག་སྨྲ་པའི་ཟླ་བ་དེ་ལ་ལུས་ཀུན་བཏུད་པས་གུས་ཕྱག་འཚལ།།རྒྱལ་གསུང་བདུད་རྩིའི་སྒོ་མོ་བརྒྱད་ཁྲི་ཡི།།ཡང་སྙིང་ཤེར་ཕྱིན་སྦས་དོན་མངོན་རྟོགས་ཚུལ།།འཛམ་གླིང་སྐལ་བཟང་གདུལ་བྱའི་བགོ་སྐལ་དུ།།སྤེལ་མཛད་མི་ཕམ་ཡབ་སྲས་ཞབས་ལ་འདུད།།མི་ཕམ་བླ་མའི་བྱིན་རླབས་གཟི་བྱིན་མཐུས།།མདོ་རྒྱན་འགྲེལ་པ་ཀུན་གྱི་དོན་དང་ཚིག།ཐར་འདོད་རྣམས་ཀྱི་ལམ་དུ་གསལ་མཛད་པ།།རྒྱལ་སྲས་སེང་བཟང་ཞབས་ལ་རྩེ་གཅིག་འདུད།།འཕགས་སེང་གྲོལ་སྡེ་མེས་པོའི་ཞལ་ལུང་བཅུད།།རྒྱུན་བཟང་ཆུ་བོ་བཞི་ཡི་ལེགས་སྐྱེས་ཀྱིས།།བྱང་ཕྱོགས་འགྲོ་རྒྱུད་ཚིམ་མཛད་བཀའ་དྲིན་ཅན།།སྔོན་རབས་ལོ་པཎ་ཞབས་པད་སྙིང་གར་བསྟེན།།ཟབ་ཞི་སྤྲོས་བྲལ་དུས་[55A]གསུམ་རྒྱལ་བའི་ཡུམ།།ལེགས་བཤད་གསེར་གྱི་ཕྲེང་བ་ལེགས་སྤེལ་ནས།།གངས་ཅན་འགྲོ་ཀུན་སྐལ་བཟང་ལ་འགོད་པའི།།འཇམ་དབྱངས་བླ་མ་སྲས་བཅས་ལ་ཕྱག་འཚལ།།མགོན་དེའི་གསུང་གི་གཅེས་མཛོད་མངོན་རྟོགས་རིམ།།རྣམ་པར་བཤད་པ་གསུང་རབ་སྙིང་པོའི་རྒྱན།།ཐེགམཆོག་བསྟན་པའི་མ་མར་བསྐྲུན་མཛད་པའི།།རྒྱལ་ཚབ་བསྟན་པའི་མེས་པོར་ཕྱག་བགྱིད་དོ།།རིག་གྲོལ་ཕུན་ཚོགས་དགེ་འདུན་འདུས་པའི་གཙོ།།མཁས་བཙུན་གྲུབ་དབང་རྒྱ་མཚོའི་འབྱུང་གནས་མཆོག།ཐུབ་བསྟན་བཤད་སྒྲུབ་རིགས་ལམ་དར་བའི་གཞི།།མཁའ་ཁྱབ་འགྲོ་ལ་རྒྱས་མཛད་དེ་ལ་འདུད།།དུས་གསུམ་རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན།།དུས་གསུམ་རྒྱལ་བའི་འཕྲིན་ལས་ཏཱ་རེ་མ།།དུས་གསུམ་རྒྱལ་བའི་བཀའ་སྡོད་ཕྱག་དྲུག་མགོན།།ཀུན་ལ་ཕྱག་འཚལ་ཐུགས་རྗེས་རྟག་ཏུ་སྐྱོངས།།ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ།།དངོས་བརྒྱད་དོན་བཟང་བདུན་ཅུའི་སྦས་དོན་གཞུང༌།།མདོར་བསྟན་ཤེར་ཕྱིན་གསུམ་གྱི་དཀའ་གནད་རྣམས།།རྣམ་བཤད་དགོངས་རྒྱན་མཐའ་དཔྱོད་པུ་སྟ་ཀ།བསོད་ནམས་ཆོས་སྦྱིན་འཛད་མེད་གང་གཱའི་རྒྱུན།།སྒྲུབ་བྱེད་ལྷ་བཙུན་སྐུ་མཆེད་ཡབ་ཡུམ་གྱི།།རྣམ་དཔྱོད་ལྷག་བསམ་རྒྱུ་སྦྱོར་རྣམ་དག་ལས།།ལེགས་པར་འོངས་འདིའི་རྣམ་དཀར་མཐུ་སྟོབས་མཐུས།།ཕན་བདེའི་འབྱུང་གནས་ཐུབ་བསྟན་ཡང་སྙིང་བཅུད།།འཇམ་དཔལ་སྙིང་པོའི་མདོ་སྔགས་བཤད་སྒྲུབ་བསྟན།།འཆད་རྩོད་རྩོམ་པས་ཕྱོགས་མཐར་སྤེལ་བ་དང༌།།མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེང་བར་ཤོག།ཕྱོགས་ཀྱི་འཁོར་ལོའི་འཇིག་རྟེན་སྤྱི་སྒོས་སུ།།མི་མཐུན་རྒུད་མུན་སེལ་བའི་ཉི་མ་དང༌།ཕན་བདེ་མི་ཟད་འབྱུང་བའི་ཡིད་བཞིན་ནོར།།དགེ་མཚན་རྒྱུན་ཆད་མེད་པའི་གཏེར་དུ་ཤོག།འཛམ་གླིང་ཡངས་པའི་མཐའ་དབུས་རྒྱལ་ཁམས་སུ།།དགེ་ལེགས་གྲུ་ཆར་འབེབས་པའི་གཞི་དང་རྟེན།།ཕྱག་ན་པད་མོའི་ཆོས་སྲིད་རབ་བརྟན་ཅིང༌།།འཕྲིན་ལས་འཆར་ནུབ་བྲལ་བར་རྟག་འཕེལ་ཤོག།ཡང་སྒོས་ཐེག་ཆེན་ཆོས་ཀྱི་སྡེ་ཆེན་པོ།།རྨད་བྱུང་ཐོས་བསམ་ནོར་གླིང་འདུས་བའི་གྲཝ།སྡོམ་བརྩོན་བློ་གསལ་མཁས་མང་རྟག་འདུ་ཞིང༌།།ཆོས་འབྱོར་ཐུགས་མཐུན་དགའ་སྟོན་རྒྱས་པར་ཤོག།འཆད་རྩོད་རྩོམ་པའི་དབྱར་རྔ་རྟག་སྒྲོག་ཅིང༌།།ཚུལ་གནས་ཐོས་བསམ་བསྒོམ་པའི་ཆར་རྒྱུན་འཕེལ།།བསྟན་འགྲོའི་ཕན་བདེ་ལེགས་ཚོགས་གྱེན་འདེགས་པའི།།མཁས་བཙུན་དབྱར་གྱི་ལང་ཚོ་དོམས་[55B]པར་ཤོག།མི་ཟད་ཆོས་སྦྱིན་པར་གྱི་དགེ་རྒྱུན་གཞིར།།འབྲེལ་ཐོགས་སྤྱི་དང་མཆེད་ཟླ་ལྟོས་བཅས་ཀྱི།།སྒོ་གསུམ་རྣམ་དཀར་ཐོས་བསམ་བསྒོམ་པ་ལ།།བར་གཅོད་བགེགས་ཀྱི་མིང་ཡང་མེད་པར་ཤོག།དབུ་ཕར་འདུལ་མཛོད་ཚད་མའི་གཞུང་ལུགས་ཀྱི།།རིགས་ལམ་ཐོས་བསམ་སྒོམ་པའི་སྣོད་གྱུར་པའི།།རྟེན་བཟང་རིམ་པར་བརྒྱུད་ལས་མདོ་སྔགས་ཀྱི།།ཆ་ཚང་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག།དེར་མ་སོན་པའི་ཚེ་རབས་ཐམས་ཅད་དུ།།འཇམ་དཔལ་སྙིང་པོའི་བསྟན་དང་མི་འབྲལ་ཞིང༌།།བསྟན་འགྲོར་སྨན་པའི་རླབས་ཆེན་བྱ་བ་ཡི།།དགེ་ལེགས་དཔལ་གྱིས་སྲིད་མཐར་སྐྱོང་ནུས་ཤོག།མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ།།ལེགས་བྱས་དྲི་མེད་སྒོ་གསུམ་རྟག་གུས་ཀྱིས།།དྲིན་ཅན་བླ་མ་ཡབ་སྲས་དགྱེས་པ་ཡི།།མཆོད་སྤྲིན་ནམ་མཁའི་ཁམས་གནས་སྤྲོ་བར་ཤོག།དུས་སྐབས་ཀུན་དུ་མཆོག་གསུམ་ལྷ་ཚོགས་དང༌།།མྱུར་མཛད་མགོན་པོ་དམ་ཅན་གཤིན་རྗེའི་རྒྱལ།།རྣམ་མང་ཐོས་སྲས་དམག་ཟོར་ལྷ་མོ་ཡིས།།བསྲུང་སྐྱོབ་འཕྲིན་ལས་རྣམ་བཞིས་རྟག་སྐྱོང་ཤོག།ཁྱད་པར་ཐེག་ཆེན་ཆོས་གྲ་སྤྱི་སྒོས་ཀྱི།།བསྲུང་མའི་བྱེད་པོར་སྔོན་གྱི་གཡར་དམ་ཅན།།བེག་ཙེ་ཐ་འོག་རྒྱལ་ཆེན་འཁོར་བཅས་ཀྱིས།།རྟག་ཏུ་སྐྱོང་བའི་འཕྲིན་ལས་མ་གཡལ་མཛོད།།ཇི་སྲིད་གླིང་བཞིར་ཉི་ཟླའི་བགྲོད་པ་ཡིས།།སྤྱི་སྒོས་མུན་སྟུག་སེལ་བ་དེ་སྲིད་དུ།།ལེགས་བཤད་འདིས་ཀྱང་མཐའ་དབུས་གཞིར་གནས་པའི།།ཐར་འདོད་ཡོངས་ཀྱི་རྒུད་མུན་སེལ་གྱུར་ཅིག།ཅེས་གངས་རིའི་ཁྲོད་ཀྱི་མཁས་མང་རྒྱུ་སྐར་གྱི་འཕྲེང་བ་དབྱིངས་སུ་འགེབས་པའི་ངེས་པ་དོན་གྱི་མཁས་གྲུབ་སྨྲ་བའི་ཉི་མ་རྗེ་བཙུན་ཆོས་ཀྱི་རྗེ་བསྟན་དར་བ་ཆེན་པོའི་གསུང་རྒྱུན་པད་མའི་ཚལ་རབ་ལས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་མཐའ་དཔྱོད་ལེགསཔར་བཤད་པ་པད་མ་དཀར་བོའི་འཕྲེང་བ་ཞེས་བྱ་བ་འདི་ཉིད་སེར་སྨད་ཐོས་བསམ་ནོར་བུའི་གླིང་དུ་རྒྱུན་གཏན་རྩིས་བཞག་དུ་བཏང་བའི་ཕར་ཕྱིན་གྱི་འཆད་ཉན་རྐང་ཚུགས་པའི་མཁས་གྲུབ་བྱེ་བའི་བསྟི་གནས་སུ་གྱུར་པ་ལས་སྔ་སོར་འདི་ཕྱོགས་སུ་བར་ལམ་འཁོད་ཅིང༌།(GRWA)་ཚང་ཁམ་ཚན་སོ་སོར་མཐའ་དཔྱོད་འདིའི་བྲིས་མའི་དཔེ་རྒྱུན་མང་ཚམ་བྱུང་འདུག་ནའང༌།ཕྱིས་འདུས་ཚོགས་རྒྱས་ཤིང་ཡིག་ཆ་འདི་རིགས་ཡུལདུས་ཀྱིས་(BDRI)་རྩོམ་བགྱིད་པའི་ཡོན་མཆོད་རྟེན་འབྲེལ་འཛོམ་དཀའ་བས།དཔེ་རྒྱུན་སྤེལ་མཁན་ཉུང་སྟབས།སློབ་གཉེར་བ་རྣམས་ལ་འཛིན་དཔེ་དཀོན་པར་ཡོད་གཤིས།ལྡུ་མར་བའི་ཡབ་རྗེ་རྡོ་རྗེ་ཚེ་རིང་ནས་རྣམ་དཀར་ཐུགས་བཞེད་ཆེན་པོས་ཆོས་སྦྱིན་རྒྱ་ཆེར་སྤེལ་སླད་དུ་འདིའི་པར་གསར་བརྐོས་ཀྱི་མཐུན་རྐྱེན་སྦྱོར་གནང་ཐོག།མཐའ་དཔྱོད་འདི་ཉིད་སྔ་སོར་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས་བློ་ཐོག་ནུས[56A]རྩིས་བཞག་ཏུ་གནང་བསློབ་མ་རྣམས་ཀྱིས་ཟིན་བྲིས་སུ་བགྱིས་པ་ཡིད་ཞེས་ངག་བརྒྱུན་ལ་འདུག་པ་ལྟར་ཡིན་ནམ།༈སྒོན་ཡོད་ཀྱི་བྲིས་མ་རྣམས་བར་བར་དུ་ཚིག་འཕྲེང་ཡོད་མེད་མི་འདྲ་བ་བཀའ་རེ་ཡོད་ཚོད་འདུག་ནའང༌།༈པར་བསྐོས་དུས་གཏུགས་ཀྱིས་ཆ་བསྡུས་མ་ལྕོགས་ཤིང་ཚིག་ཀྱང་བསྡུས་ཚོགས་ཆེ་བ་དང་བྲིས་ནོར་རྒྱུན་འབྱམས་མང་སྟབས།ཕྱི་མོར་མ་རེ༌༈བས་ཅོ་ནེ་བཤད་སྒྲུབ་གླིང་གི་པར་མ་ལ་གཞི་བྱས་ཡིག་ནོར་ཆད་ལྷག་དང་སྡེབ་སྦྱོར་རྣམས།ཞལ་མངའ་ནས་རྡ་དཔོན་སློབ་བློ་བཟང་ཐུགས་རྗེ་ནས་བསྣོན་འབྲི་བཟོ་བཅོས་ཞུས་དག་མཛད།སྟོད་ཆ་དང་འབར་ཆ་རྣམས་ཡིག་མཁན་དབུ་མཛད་ཉ་ཟླ།སྨད་ཆ་རྣམས་དབུ་མཛད་ངག་དབང་རྡོ་རྗེས་ཚུགས་ལེགས་དཀར་སྙོམས་དག་པར་བྲིས།བརྐོས་མཁན་དབུ་མཛད་ཚེ་དབང་བཀྲ་ཤིས་སོགས་ཀྱིསཏིང་ཟབ་བཅད་གཙང་བརྐོས་ཏེ།གོང་གསལ་སྦྱིན་དག་ལས་བྱད་ནས།ལྷ་བཙུན་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་འཇམ་དཔལ་རབ་རྒྱས་དང༌།སྐུ་མཆེད་ཆོས་མཛད་བློ་བཟང་འཇམ་དབྱང་གཉིས་ཀྱི་ལེགས་བཤད་ཀྱི་དགའ་སྟོན་དུ་བསྐྲུན་ཏེ།ཐོས་བསམ་ནོར་བུའི་གླིང་ཀྱི་བློ་བསལ་མཁས་མང་རྒྱ་མཚོའི་འཇུག་ངོགས་སུ་འབུལ་སྦྱོར་གནང་བའི་བསམ་སྦྱོར་འབྲེལ་ཐོགས་ཀྱི་དགེ་ཚོགས་ཇིསྙད་བསགས་པ་དེས།འཆད་རྩོད་རྩོམ་པའི་དབྱར་རྔའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོག་ཅིང་ཐོས་བསམ་བསྒོམ་པའི་ཆར་རྒྱུན་རྟག་ཏུ་དབབ་སྟེ།ལུས་ཅན་ཀུན་ལ་དགེ་ལེགས་དབྱར་གྱི་ལང་ཚོ་དུས་ཀུན་ཏུ་རྒྱས་པར་འགྱུར་བའི་པར་བྱང་སྨོན་ཚིག་ཏུ་དགོས་ཞས།གཞུང་ལུགས་ཀུན་ལ་མཁྱེན་པའི་སྤྱན་སྟོང་མངའ་བ།དཔོན་སློབ་རབ་འབྱམས་པ་གྲགས་པ་མཁས་གྲུབ་ཀྱིས་ལྷ་རྫས་མཛོདགཏགས་དྲི་མེད་སོགས་དངོས་པོའི་གནང་སྐྱེས་དང་བཅས་བསྐུལ་མ་བྱུང་བ་ལྟར།༈བླ་མ་དམ་པའི་སློབ་བུའི་ཐ་ཆུང་དགེ་སློང་ངག་དབང་བསྟན་འཛིན་གྱིས་ཡུང་བ་ལྷུན་གྲུབ་སྡིངས་ཀྱི་གཞིས་ཁར་བྲིས་པའི་ཡི་གེའི་གྲོགས་ནི་སྡེ་པ་འཕྲིན་ལས་དོན་གྲུབ་ཀྱིས་བགྱིས་པ།འདིས་ཀྱང་བསྟན་པ་རིམ་པོ་ཆེ་མི་ནུབ་ཅིང་འཕེལ་པའི་རྒྱུར་གྱུར་ཅིག།།༈།།གང་གི་བློ་བྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབགསལ་བས།།ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།གང་དག་སྲིད་པའི་བཙོན་རར་མ་རིགས་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི།།འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩ༌༈ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༌།།འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང༌།།མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བརྣམས།།གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལྷུན་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།།བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད།།བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱི།།བདག་ལོ་གཏི་མུག་མུན་པ་རབ་བསལ་ནས།།བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡིན།།བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།།ཨོམ་ཨ་ར་པ་ཙ་ན་དྷཱ(I)ཿ


དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།