ད་ལྟའི་གནས་ཡུལ།། :| མདུན་ཤོག>ཤན་སྦྱར།>སམ་བོད།>

སྒྲ་སྦྱོར་བམ་གཉིས་པ་བཞུགས་སོ།

འབྱུང་གནས།:རྒྱལ་སྐྱོང་ཆོས་འཁོར་གླིང་། རྩོམ་པ་པོ།: དུས་ཚོད།:2009-01-17 Tag: བཀོད་པ།:
སྒྲ་སྦྱོར་བམ་གཉིས་པ་བཞུགས་སོ། 1


ན་མོ་བུདྔྷའ་ཡ།  བམ་པོ་དང་པོ།  རྟའི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའི་འོན་ཅང་རྔོ་ན་བཞུགས།སྟོད་སྨད་ཀྱི་དམག་རྙིང་རྗེད་དང་རྐུན་ཆེན་བཏུལ།གར་ལོག་གི་ཕོ་ཉས་ཕྱག་བཙལ།  བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤག་དང༌།  མང་རྗེ་ལྷ་འོད་ལ་སོགས་པས་རྒྱལ་ས་གནང་མང་པོ་བཅད་དེ།  རྔ་རྟ་དང་བ་ལང་མང་པོ་ཕྱག་ཏུ་ཕུལ།  ཞང་བློན་མན་ཆད་སོ་སོར་བྱ་དགའ་སྩལ་བའི་ལན་ལ།  ཉི་འོག་གི་མཁན་པོ་ཨཱརྱཛིནམིཏྲ་དང༌།  སུརེནྡབོདྷི་དང༌།  ཤཱིལཻནྡབོདྷི་དང༌།  དཱནཤཱིལ་དང༌།  བོདྷིམིཏྲ་དང༌།  བོད་ཀྱི་མཁན་པོ་རཏྣརཀྵིཏ་དང༌།  དྷརྨྨཏཱཤཱིལ་དང༌།  ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱནསེན་དང༌།  ཛཡརཀྵིཏ་དང༌།  མཉྫུཤྲཱིྭཝརྨྨ་དང༌།  རཏེྣནྡཤཱིལ་ལ་སོགས་པས་ཐེག་པ་ཆེ་ཆུང་གི་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་སྐད་དུ་བསྒྱུུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ།  ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་བསྩལ་ནས།  སྔོན་ལྷ་སྲས་ཡབ་ཀྱི་རིང་ལ།ཨཱཙཱརྱབོདྷིསཏྭ་དང༌།  ཡེ་ཤེས་དབང་པོ་དང༌།  ཞང་རྒྱལ་ཉེན་ཉ་བཟང་དང༌།  བློན་ཁྲི་བཞེར་སང་ཤི་དང༌།  ལོ་ཙཱ་བ་ཛྙཱནསེནདེབཀོཥ་དང༌།  ལྕེ་ཁྱི་འབྲུག་དང༌།  བྲམ་ཟེ་ཨཱནནྡ་ལ་སོགས་པས་ཆོས་ཀྱི་སྐད་བོད་སྐད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཅིག་ཆོས་ཀྱི་གཞུང་དང༌།  བྱཱཀརཎའི་ལུགས་དང་མི་མཐུན་ཏེ་མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།  སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་མནན་ནས་ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང༌།  གནའི་མཁན་པོ་ཆེན་པོ་ནཱགཱརྫུན་དང༌།  བསུབནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང་ཡང་བསྟུན་ཏེ།  འཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་འཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས།  སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས།  སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས།  བཙན་པོའི་སྤྱན་སྔར་བནྡེ་ཆེན་པོ་དཔལ་གྱི་ཡོན་ཏན་དང༌།   བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ།  རྗེ་བློན་གདན་འཛོམས་པ་ལ་ཞུས་ནས་དྷརྨྨ་བསྒྱུར་བའི་ཐབས་དང༌།  རྒྱ་གར་གྱི་སྐད་ལ་བོད་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ།  བཀས་བཅད
།དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་ལ་ཡང་གང་བདེ་བར་གྱིས་ཤིག།  དྷརྨྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམས་ལས་མི་བསྣོར་བར་བོད་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག།   བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན།  ཚིགས་སུ་བཅད་པ་ལ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ།  ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བསྣོར་ཞིང་བསྒྱུར་ཅིག།  རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉིས་ཀ་ལ་གར་བདེ་བའང་བསྣོར་ཞིང་བསྒྱུར་ཅིག།  སྐད་ཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མི་ཐོགས་ཤིག  གཽཏམ་ལྟ་བུ་གཽའི་སྒྲ་ལས་ཚིག་དང༌། ཕྱོགས་དང༌། ས་དང༌། འོད་དང༌། རྡོ་རྗེ་དང༌། བ་ལང་དང༌།  མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང༌། ཀཽཤིཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང༌།  མཁས་པ་དང༌། པདྨ་ལ་དགའ་བ་དང༌། འུག་པ་དང༌། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལ་དྲངས་ཤིག་ཤིང་བསྒྱུར་ན།  སྣ་གྲངས་མང་བ་ཞིག་ཏུ་སྙེགས་ལ་བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ།  གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག  གར་ཡང་དྲངས་དུ་རུང་བའི་ཚིག་ཅིག་བྱུང་ན།  ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག།  ཡུལ་དང་སེམས་ཅན་དང༌།  མེ་ཏོག་དང༌།   རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང༌།  འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ།  མགོ་ལ་ཡུལ་ཞེའམ།  མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོལ་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག གྲངས་ལ་རྒྱ་གར་བཞིན་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་བ་ནི་སྟོང་གཉིས་བརྒྱ་དང་ལྔ་བཅུ་ཐམ་པ་ཞེས་ཐ་མལ་བ་བོད་ཀྱི་སྐད་ཀྱི་ལུགས་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་ལ་བོད་ཀྱི་སྐད་ལ་ཡང་བདེ་བས།  གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག  པ་རི་དང༌། སམ་དང༌། ཨུ་པ་ལྟ་བུ་ལ་སོགས་ཏེ།  ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་བའི་ཐབས་ནི།  ཡོངས་སུ་ཞེའམ་ཡང་དག་པ་ཞེའམ།  ཉེ་བ་ཞེས་སྒྲ་བཞིན་དུ་བསྒྱུར་ཅིག  དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་དོན་བཞིན་དུ་ཐོགས་ཤིག  རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམ་ན་མིང་གང་བོད་སྐད་དུ་སྤྱིར་གྲགས་ཤིང་ཚིག་ཏུ་གར་བདེ་བར་གདགས་སོ།  །  འདོམ་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་ཞེས་དང་སྐོ་ལོང་གི་ཚིག་གི་རིམ་པ་ནི་སངས་རྒྱས་ལ། ཞེས་པའི་ཚིག་ཏུ་བསྒྱུར།  གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱས་ཏེ།  སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙཱ་བ་མཁས་པ་ཚོགས་པས།  དྷརྨྨ་དཀོན་མཆོག་སྤྲིན་དང༌། ལང་ཀར་གཤེགས་པ་བསྒྱུར་ཏེ།  གཏན་ལ་ཕབ་པའི་ལུགས་བཞིན་སྒྱུར་ཅིག  སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་མི་སྣང་གིས།  བསྒྱུར་བ་དང༌། འཆད་པའི་གྲྭ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང༌།  སོ་སོའི་གྲྭ་གྲྭར་མིང་འཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་འབྱུང་བའི་གཏན་ཚིགས་དང༌།  ཆོས་ལ་ཇི་སྐད་དུ་གདགས་པར་དཔྱད་དེ།  ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་དང༌།  དྷརྨྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ།  སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །  གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གི་གསང་བར་བྱ་བ་ཡིན་ཏེ།  སྣོད་དུ་མ་གྱུར་བ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ།  བར་དུ་བསྒྱུར་ཅིང་སྤྱོད་དུ་སྣང་གིས་ཀྱང༌།  ལྡེམ་པོ་དག་ཏུ་བཤད་པ་མ་ཁྲོལ་ནས་སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་འབྱུང༌།  སྔགས་ཀྱི་རྒྱུད་ཀྱི་ནང་ནས་ཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་བྱུང་ཞེས་གདགས་ཀྱི་ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ་སྒྱུར་དུ་བཅུགས་པ་མ་གཏོགས་པ་སྔགས་ཀྱི་རྒྱུད་དང༌། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ༌། །  སྐད་ཀྱི་མིང་གཏན་ལ་མ་ཕབ་པ་དང་མིང་དུ་མ་ཐོགས་པ་ལས་ཐེག་པ་ཆེ་ཆུང་གི་གཞུང་དང་སྒྲའི་གཞུང་ལས་འབྱུང་བ་དང་སྦྱར་ཏེ་བཤད་པའི་དང་པོའོ། །  དགེའོ། །  ཤིས་པར་གྱུར་ཅིག །  ། །
 
 

དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།