རྣམ་ཐར་དད་པའི་མགྲིན་རྒྱན།

འབྱུང་གནས།: རྩོམ་པ་པོ།: དུས་ཚོད།:2013-08-24 Tag: བཀོད་པ།:

བཞག་པ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པའི་རྣམ་པར་ཐར་པ་

དད་པའི་མགྲིན་རྒྱན་ཞེས་བྱ་བ་བཞུགས་སོ།།

རྒྱལ་ཀུན་བརྩེ་བའི་རླུང་གི་འདུ་བྱེད་ལས།།

ངུར་སྨིག་གར་དུ་འདུས་པའི་རྣམ་རོལ་བ།།

ཐུབ་བསྟན་ཕྱོགས་བཅུར་སྤེལ་བའི་ཉིན་བྱེད་དབང་།།

རྗེ་བཙུན་བླ་མའི་ཚོགས་ཀུན་གཙུག་གིས་མཆོད།།

 

མི་ཤེས་དགྲ་ཀུན་འཇོམས་པའི་བརྡ་ཐབས་སུ།།

མཁྱེན་རབ་རལ་གྲིའི་ཕྱག་མཚན་མཁའ་རུ་གདེངས།།

མཚན་ཙམ་གྱིས་ཀྱང་མ་རིག་གཡུལ་འཇོམས་པ།།

 འཇམ་དཔལ་གཞོན་ནུས་བློ་གྲོས་སྣང་བ་སྩོལ།།

 

སྲིད་ཞིའི་མཛེས་སྡུག་གཅིག་ཏུ་འདུས་པ་ལ།།

འབུམ་ཕྲག་ཟླ་བ་གཞོན་ནུའི་ལང་ཚོ་རྒོད།།

དབྱངས་ལྡན་ངག་གི་གཏེར་མཛོད་ལྷ་མོ་ཡིས།།

ངག་རིག་མགྲིན་པའི་ལོངས་སྤྱོད་ཡངས་པར་ཕྱེ།།

 

གང་གི་རྣམ་པར་ཐར་པ་རྒྱ་མཚོ་ལས།།

བདག་བློ་རྩྭ་རྩེར་ཤོང་བ་ཐིགས་ཙམ་ཉིད།།

མཁས་པ་དགྱེས་པའི་མཆོད་སྤྲིན་མ་མཆིས་མོད།།

སྐལ་མཉམ་རྣམས་ལ་དད་པའི་གསོས་སུ་སྒྲོན།།

དེ་ཡང་ཤེས་བྱའི་གནས་མཐའ་དག་ལ་རིང་མོ་ཞིག་ནས་བློ་གྲོས་ཀྱི་བགྲོད་པ་ཡོངས་སུ་རྫོགས་ཤིང་། རྒྱལ་སྲས་སེམས་དཔའ་རྣམས་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ། བྱམས་བརྩེ་ཉི་འོད་ཀྱི་དཀྱིལ་འཁོར་ཡོངས་སུ་ཟླུམ་པའི་སེམས་དཔའ་ཆེན་པོ། བསྟན་པ་དང་འགྲོ་བ་སེམས་ཅན་གྱི་དོན་དུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་ཏུ་འདུས་པའི་ངོ་བོ་གསང་བདག་ཕྱག་ན་རྡོ་རྗེས་ངུར་སྨིག་གི་རྒྱན་མཚན་འཆང་བའི་བྱིས་པའི་རང་གཟུགས་སུ་གར་དུ་རྩེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བཞག་པ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པ་ཞེས་པའི་དམ་པ་ཁོང་གི་ནམ་མཁའི་མཐའ་དང་མཉམ་པའི་མཛད་འཕྲིན་མཐའ་དག་བདག་ལ་དཔོག་པར་ནུས་པའི་སྤོབས་པ་མ་མཆིས་མོད། དམ་པ་འདིའི་རྣམ་ཐར་ལ་ཐོས་ཉུང་དོན་གཉེར་ཆེ་བའི་ཕྱི་རབས་པ་དག་ལ་མི་བརྗེད་པའི་དྲན་གསོའི་ཚུལ་དང་། བདག་དང་སྐལ་བ་མཉམ་པའི་གདུལ་བྱ་རྣམས་ཀྱི་དད་པའི་གསོས་སུ་ཡུལ་གྲུ་དེའི་སྐྱེ་བོ་རྣམས་ལ་མཐུན་སྣང་དུ་གྲུབ་ཅིང་གྲགས་པའི་ཐུན་མོང་བའི་རྣམ་ཐར་ལས་བདག་བློའི་ཁབ་མིག་ནས་མཐོང་ཚད་ཙམ་ཅུང་ཞུ་བ་ལ། དང་པོ་ཡུལ་དང་རིགས་རུས་ཕུན་སུམ་ཚོགས་པ་ལས་སྐུ་བལྟམས་པ། གཉིས་པ་དམ་པའི་ཆོས་ཀྱི་སྒོར་ཞུགས་ཏེ་སྤྲུལ་སྐུར་ངོས་འཛིན་མཛད་པ། གསུམ་པ་དབུས་གཙང་དུ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ། བཞི་པ་ཕྱིར་ཕེབས་ནས་བསྟན་འགྲོའི་དོན་མཛད་པའི་ཚུལ།  ལྔ་པ་དུས་ཟིང་ཁྲོད་ཀྱི་མཛད་རྣམ་དང་དགོངས་པ་རྫོགས་པའི་ཚུལ་ལོ།།

དང་པོ་ཡུལ་དང་རིགས་རུས་ཕུན་སུམ་ཚོགས་པ་ལས་སྐུ་བལྟམས་པ།

དེ་ཡང་དམ་པ་ཁོང་ཉིད་སྐུ་ཡི་མཚན་དཔེ་མེ་ཏོག་གསར་བའི་ལང་ཚོ་གང་དུ་བཞད་པའི་ཡུལ་ནི། འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང་བསིལ་ལྡན་གངས་རིའི་ལྗོངས་ཀྱི་སྟོབས་འབྱོར་མངའ་ཐང་གི་གྲགས་པ་མཐོ་བའི་མདོ་སྟོད་མིའི་ཆོལ་ཁའི་ཡུལ་གྲུ་དེར་ཁམས་ལི་ཐང་ཞེས་སྔོན་བྱོན་དམ་པ་མང་པོའི་མཚན་དཔེའི་མེ་ཏོག་འཐོར་བའི་ཡུལ་གྱི་ཆ་ཤས་བཞག་པའམ་བཞག་གསར་ཞེས་པ་འདི་ཉིད་ལགས་ལ། གནས་དེའི་སྣོད་བཅུད་ཀྱི་བཀོད་པ་ཅུང་བརྗོད་ན་འདི་ལྟར་མཆིས་ཏེ།  ཁོར་ཡུག་གི་ཕྱོགས་ཕྱོགས་སུ་ཚང་ཚང་གི་གཡུ་ལོ་ཐགས་སུ་བཀྲ་ཞིང་། མེ་ཏོག་དང་སྨན་སྣ་མང་པོའི་དྲི་བསུང་འཁྱིལ་བ།མརྒད་མདངས་ཀྱིས་འཁྱུད་ཅིང་རྩེ་མོ་གནམ་དུ་ཟུག་པའི་རྫ་རི་དག་ལ་སྤྲིན་དཀར་གྱི་ཚོམ་བུའི་ཕྲ་རྒྱན་མཛེས་པ། རི་སྐྱེས་སྲོག་ཆགས་སྣ་ཚོགས་བག་ཡངས་སུ་རྒྱུ་ཞིང་རྩེད་འཇོ་ལ་རོལ་པ། ཡན་ལག་བརྒྱད་དང་ལྡན་པའི་དྭངས་གཙང་གི་ཆུ་མོ་ཤང་ཤང་དུ་འབབ་ཅིང་། དྲོ་གྲང་གི་རྒྱུ་བ་སྙོམས་པ།འབྱོར་ཕྱུག་གི་ཆུ་གཏེར་འཁྱིལ་ཞིང་། ས་དགེ་རྙིང་གསུམ་སོགས་ཀྱིས་མཚོན་པའི་གྲུབ་མཐའ་སྣ་ཚོགས་ཀྱི་ཆོས་སྡེ་དག་གི་བྱིན་རླབས་ཀྱི་གཟི་འོད་འབར་བ་སོགས་ཁོར་ཡུག་རང་བྱུང་གི་མཛེས་པ་བརྗོད་ཀྱིས་མི་ལང་ངོ་།། དེ་ལྟའི་སྣོད་ལ་བརྟེན་པའི་སྐྱེ་བོ་དག་ཀྱང་གཞུང་བཟང་ཁྲེལ་ཡོད་ཀྱི་གོས་དང་མ་བྲལ་། རྣམ་དཀར་དགེ་ལས་ལ་བརྩོན་པ་ཤ་སྟག་གོ །

དེ་འདྲའི་སྣོད་བཅུད་ཕུན་སུམ་ཚོགས་པའི་གནས་དེར་སྒ་རུ་ཚང་ཟེར་བའི་དུད་ཁྱིམ་དེ་ལ་བུ་མོ་གཤིས་རྒྱུད་དྲངས་ཤིང་ངང་རྒྱུད་འཇམ་པ།  གཡོ་སྒྱུ་དང་བུད་མེད་ཀྱི་སྐྱོན་ལྔས་མ་གོས་པ་མིང་ལ་ཨ་ལྷ་ཞེས་པ་ཞིག་ཡོད་པ་དེ་དམ་པ་འདིའི་ཡུམ་ཡིན་ལ། ཡབ་ནི་རྒྱ་འགན་ཚང་ཟེར་བའི་སྟོབས་འབྱོར་མངའ་ཐང་གིས་ཕྱུག་པའི་མི་ཚང་དེར་སྐྱེ་བོ་གཞན་གྱི་ཡིད་དུ་འཐད་ཅིང་མཆོག་གསུམ་གྱི་ཞིང་ལ་དད་སྟོབས་ཆེ་བ་མིང་ལ་རྒྱ་འགན་རྟ་མགྲིན་ཞེས་བྱ་བ་འདི་ཉིད་དོ །།  ཡབ་ཡུམ་འདི་གཉིས་ལ་སྲས་གཉིས་ཡོད་པའི་ཆེ་བ་ཤེས་རབ་དང་ཆུང་བ་དམ་པ་ཁོང་ཉིད་དེ། ཁོང་ནི་རབ་བྱུང་བཅོ་ལྔ་པ་བག་མེད་ཅེས་པ་ཆུ་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༩༡༣་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བཞག་པ་ཇོ་བོ་ཤོག་ཉིན་མོའི་གྲོང་སྒ་རི་ཚང་དུ་སྐུ་ཡི་ཉི་གཞོན་གསར་བའི་ལང་ཚོ་སྐྱེ་དགུ་རྣམས་ཀྱི་དཔལ་དུ་མངོན་པར་ཤར་རོ།།དམ་པ་འདི་ཉིད་ལ་བྱིས་པའི་དུས་ནས་ཐུན་མོང་མ་ཡིན་པའི་མཛད་སྤྱོད་ཀྱང་མང་དུ་མཆིས་ཏེ། ཁོང་འཁྲུངས་ནས་ཟླ་བ་འགའ་ཤས་ལས་མ་སོང་བའི་དུས་ཤིག་ལ་དུད་ཁྱིམ་དེར་ཁོང་དང་བཙས་པའི་ཟླ་དུས་ཕལ་ཆེར་མཐུན་པའི་བྱིས་པ་གཞན་ཞིག་ཡོད་པ་དེ་ཉིད་ཁྱིམ་གྱི་མཐོ་སར་བསྙལ་ལ།  ཁོང་དམའ་སར་མནལ་དུ་བཅུག་ནས་ཁྱིམ་མི་ཐམས་ཅད་མཉམ་དུ་ལས་ཀར་སོང་། ཕྱིར་ཡོང་དུས་བྱིས་པ་གཉིས་ཀྱི་གོ་ས་བརྗེས་ཡོད་ལ། རྗེས་སུའང་དེ་ལྟར་ལན་མང་པོ་བྱུང་བས་ཡུལ་མི་རྣམས་ཀྱིས་ཡ་མཚར་བའི་གནས་སུ་འཛིན་པ་ལས་ཅི་ཞིག་ཡིན་པ་ཆ་མ་འཚལ་མོད། ཕྱིས་སུ་སྐྱེས་བུ་དམ་པའི་མཛད་སྤྱོད་ཞིག་ཏུ་ཐུན་མོང་དུ་ཁས་ལེན་ནོ། དམ་པ་འདི་ཉིད་གཞོན་ནུའི་དུས་ནས་བྱིས་པའི་སྤྱོད་ཚུལ་ལས་རིང་དུ་འདས་ལ་མ་འོང་པའི་ལེགས་ཉེས་བདེ་སྡུག་མཁྱེན་པའི་འབྲས་རྟགས་ཀྱང་མང་དུ་སྣང་སྟེ། ཉིན་ཞིག་ཡུམ་གྱི་ཁྲིད་ནས་ཨ་དམ་མ་ཚང་ཟེར་བས་ཁྱིམ་ཚང་དེར་སོང་། དེ་རུ་ཆོས་དད་ཅན་གྱི་རྒན་མོ་ཞིག་ཡོད་པ་དེས་བུ་ཞིག་ཡིན་ན་གྲྭ་བ་བྱས་ཏེ་ཆོས་བཏོན་ན་བཟང་ཁྱེད་ཀྱང་གྲྭ་བ་བྱོས་ཟེར་བཞིན་ཁོང་ལ་ཤུག་པས་བདུག་ལ། ཞལ་ཟས་གཙང་མ་དྲངས་ཤིང་གཟིམས་གོས་ལེགས་པོ་ཞིག་མནབས་སུ་བཅུགཕྱི་ཉིན་ཕྱིར་ཕེབས་པའི་ལམ་སྐབས་སུ་མ་ལ་ཁྱིམ་ཚང་ལེགས་པོ་ཞིག་འདུག་ལ་མ་འོངས་པ་ན་སྟོབས་འབྱོར་རྒྱས་རྒྱུ་རེད་གསུངས།  མ་ཡིས་བྱིས་གཏམ་དུ་བསམ་ཡང་རྗེས་སུ་ཁྱིམ་ཚང་དེ་རྒྱུ་འབྱོར་མངའ་ཐང་ཀུན་ལས་ལྷག་པ་ཞིག་ཏུ་གྱུར།ཡང་ཉིན་ཞིག་ལོངས་རྒྱས་མ་ཚང་ཟེར་བའི་ཁྱིམ་ནས་ཕྱིར་ཕེབས་དུས་མ་ཡུམ་ལ་ཨ་ཧོ་མི་ཚང་འདིར་མ་འོངས་པ་ན་སྡུག་པོ་ཡོང་རྒྱུ་རེད་གསུངས་ལ།   དེ་དུས་དོ་སྣང་མ་བྱས་ཀྱང་རྗེས་སུ་ངོ་མ་ཁྱིམ་དེ་ཉིད་མི་ཤི་ཁྱིམ་སྟོང་དུ་གྱུར ། དེ་ལྟ་བུ་དགུང་ལོ་དྲུག་བདུན་ཙམ་ནས་གསུངས་པའི་མ་འོང་སྔོན་གཟིགས་ཀྱི་ལུང་བསྟན་མང་ཡང་དེ་དུས་ཀུན་གྱིས་མ་ཤེས་ཟེར། 

གཉིས་པ་དམ་པའི་ཆོས་ཀྱི་སྒོར་ཞུགས་ཏེ་སྤྲུལ་སྐུར་ངོས་འཛིན་མཛད་པ།   

དེ་ནས་ཁོང་དགོང་ལོ་གཞོན་ནུའི་དུས་ནས་སྤུན་ཆེ་བ་ཤེས་རབ་དང་ཁོང་གཉིས་ཀ་ས་དེའི་དཔལ་ས་སྐྱ་བའི་རིང་ལུགས་འཛིན་པའི་བསྟི་གནས་གངས་དགོན་བཀྲ་ཤིས་གླིང་གི་ཆོས་སྒོར་ཞུགས་ནས་དཔལ་ས་སྐྱའི་ཆོས་སྤྱོད་ཀྱི་ཆོ་ག་སྣ་ཚོགས་ལ་ལོ་འགར་བསླབ། སྤྱི་ལོ་༡༩༢༠ལོ་སྟེ་ཁོང་དགུང་གྲངས་བདུན་ལ་ཕེབས་དུས།དམ་པ་འདིའི་སྐུ་གོང་མ་སྟེ་ལི་ཐང་དགེ་ལྡན་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་༥༣པ་བཞག་ཕོ་ཉ་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་སྦྱིན་པ་ཆོས་དར་དཔལ་བཟང་པོའི་ཡང་སྤྲུལ་སྒོ་སོག་རིན་པོ་ཆེས་ཐུགས་འགན་ཆེར་བཞེས་ཀྱིས་འཚོལ་བཞིན་ཡོད་ལ།སྒོ་སོག་རིན་པོ་ཆེ་ནས་ཡང་སྤྲུལ་བཙལ་འཚོལ་གྱི་ཐུགས་འགན་བཞེས་དགོས་དོན་ནི། དམ་པ་འདི་བའི་སྐུ་གོང་མ་བཞག་ཕོ་ཉ་རིན་པོ་ཆེ་དགུང་ལོ་མཐོན་པོར་ཕེབས་ནས།  རང་ཡུལ་བཞག་པའི་ཕོ་ཉ་རི་ཁྲོད་དུ་ཐུགས་དམ་ཉམས་བཞེས་གནང་སྐབས་སྐུའི་ཁམས་གཞི་ཅུང་མི་བདེ་བའི་ཉམས་བྱུང་བས། དེ་དུས་སྒོ་སོག་སྐུ་ཆེན་སྐུ་ན་ཕྲ་ཡང་ཁོང་གི་སློབ་བུའི་གཙོ་བོ་ཡིན་ཞིང་། བླ་སློབ་དམ་ཚིག་ཤིན་ཏུ་མཐུན་པའི་རྐྱེན་གྱིས་བཞག་ཁོག་ཏུ་གདན་དྲངས། སྒོ་སོག་སྐུ་ཆེན་ཁོང་བཞག་ཕོ་ཉ་མཁན་ཟུར་རིན་པོ་ཆེའི་དྲུང་དུ་བྱིན་ཏེ་ད་དུང་གདུལ་བྱའི་དོན་མཛད་དགོས་པའི་ཞུ་བ་ནན་ཆེར་ཕུལ་བས། ཁོང་གིས་སྒོ་སོག་རིན་པོ་ཆེ་ལ་ཁྱེད་སླར་ཡང་བཞག་ཁོག་ཏུ་མ་ཕེབས་བར་དུ་ཁོང་དགོངས་པ་ཆོས་དབྱིངས་སུ་མི་ཐིམ་པའི་ཞལ་བཞེས་གནང་།  དེ་ནས་སྒོ་སོག་རིན་པོ་ཆེ་སླར་ལི་ཐང་དུ་ཕེབས་པར་བཞེད་ནས་ཝ་བརྡ་ལུང་བའི་ལུང་སྐེད་ཙམ་དུ་སླེབས་པ་ན།ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཆིབས་དྲེལ་གྱི་རྐང་བ་འདམ་ལ་བརྡབ་པ་བཞིན་ཕ་བོང་སྟེང་དུ་འཛུལ་ནས་ཆིབས་དྲེལ་གྱི་རྐང་ལག་བརྡབ་སྐྱོན་བྱུང་བས། ལི་ཐང་དུ་ཕེབས་མ་ཐུབ་པར་ཕྱིར་བཞག་ཁོག་ཏུ་ཕེབས་དགོས་བྱུང་། ཕ་བོང་སྟེང་གི་ཆིབས་དྲེལ་གྱི་རྗེས་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་ནས་ཕོ་ཉ་མཁན་ཟུར་རིན་པོ་ཆེ་དང་མཇལ་བ་ན།  རིན་པོ་ཆེ་ནས་ངས་ཁྱེད་ལ་ཁས་བླངས་པའི་དོན་དེ་འགྲུབ་སོང་གསུངས་ནས་ཇི་ལྟར་ཞུས་ཀྱང་མ་ཕན་པར་དགོངས་པ་རྫོགས། ཁོང་ཞིང་དུ་གཤེགས་ཁར་རྟེན་སྒོམ་ནང་དུ་ཕྱག་དྲིལ་དང་ཌ་མ་རུ། ནང་མཆོད། བུམ་པ་འབྲུ་ཕོར་སོགས་རྟེན་རྣམས་སྒོ་སོག་རིན་པོ་ཆེ་ལ་གནང་ནས། ངའི་ཡང་སྤྲུལ་ཁྱེད་ཀྱིས་བཙལ་འཚོལ་མཛད་དགོས་ཞེས་གསུངས་པ་སྒོ་སོག་རིན་པོ་ཆེ་ནས་ཞལ་བཞེས་གནང་ཡོད་པ་ཡིན་ནོ།།

ཁོང་གི་སྐུ་གོང་མ་བཞག་ཕོ་ཉ་མཁན་ཟུར་རིན་པོ་ཆེའི་ཞལ་ཆེམས་ལྟར་ལི་ཐང་མཁན་ཟུར་སྒོ་སོག་རིན་པོ་ཆེ་ནས་ཡང་སྤྲུལ་འཚོལ་བའི་གཙོ་འགན་བཞེས་ཏེ།ལྷ་དང་བླ་མའི་དྲུང་དུ་ལུང་བསྟན་མང་པོ་ཞུས་ཤིང་།  ཡང་ཡང་བརྟག་པ་མཛད་མཐར་མང་པོའི་གྲས་ནས་དམ་པ་འདི་ཉིད་འོས་སྤྲུལ་དུ་ངོས་འཛིན་ཐོབ་སྟེ། སྒོ་སོག་རིན་པོ་ཆེ་ནས་བུ་དེ་ལི་ཐང་དགོན་དུ་ཁྲིད་ཤོག་ཅེས་བཀའ་ཕེབས་པས་ཡབ་ཀྱིས་ཁོང་གཅེན་གཅུང་གཉིས་ཀ་ཞབས་ཐང་དུ་ཁྲིད་ནས་ལི་ཐང་ལ་བསྐྱོད་ཅིང་། ཁོང་ཚོ་ཉིན་དེའི་དགུང་མོར་འཇོ་སྟོད་ལུང་བར་འབྱོར་ཏེ་འཇོ་སྟོད་བྲག་ཁུང་ཞེས་པའི་བྲག་ཕུག་ཆེན་པོ་ཞིག་འདུག་པ་དེར་ཞག་བཞུགས་གནང་།  ཕྱི་ཉིན་ནམ་གསལ་དུས་ཁོང་གི་སྔས་འགོར་སུས་བཞག་མི་ཤེས་པའི་ལྷམ་སྒྲོག་སེར་པོ་གསར་བ་ཆ་གཅིག་བཞག་འདུག་པས།  ཕ་ཡིས་བསམ་པར་མུ་མེད་ས་སྟོང་འདིར་འཇོག་མཁན་གྱི་མི་ཞིག་མི་སྣང་ལ་འདི་ནི་ལྟས་བཟང་པོར་འཁུམས་སྟེ། བུ་འདི་སྐྱེ་བ་རང་ག་ཞིག་མ་རེད་སྙམ། དགོང་མོ་དེར་མཚན་ཐོག་ཐག་ཏུ་ཁ་བ་བབས་པས་རི་ལུང་ཐམས་ཅད་དུང་གི་མདོག་ལྟར་རབ་དཀར་ཁ་བས་གཡོགས་ནས་དཀར་པོ་ཡུག་གཅིག་ཏུ་བསྒྱུར་པས་ཁར་ལམ་རྒྱུས་དེ་ཙམ་མེད་པས་གང་དུ་འགྲོ་བའི་ལམ་ཡང་ཤིན་ཏུ་རྙེད་དཀའ་བར་གྱུར། ཅུང་ཙམ་ཕྱིན་རྗེས་ཁ་བའི་ཁྲོད་དུ་རྐང་རྗེས་གཞན་གང་ཡང་མི་སྣང་མོད་ལྕགས་ཐག་ཞིག་ལན་རེ་དྲུད་ཅིང་ལན་རེ་ཁ་བའི་ནང་དུ་དཔར་ཡོད་ལ་རྗེས་དེ་བསྙེགས་ནས་ཡོང་བས་ལི་ཐང་དགོན་ལ་བདེ་ལེགས་ངང་ཐོན་བྱུང་།  དེ་ནས་སྒོ་སོག་རིན་པོ་ཆེ་ལ་མཇལ་ཞིང་ཁ་བརྡའི་ཞོར་དུ་ལམ་སྐབས་ཀྱི་དོན་རྣམས་ཞུས་པས། སྒོ་སོག་རིན་པོ་ཆེ་ནས་རྟེན་འབྲེལ་ལེགས་པོ་འདུག་དེ་ནི་ལི་ཐང་དགོན་ནས་དཔལ་ལྡན་ལྷ་མོ་ཁྱེད་བསུ་རུ་ཕེབས་པ་རེད་གསུངས། དེ་ནས་སྒོ་སོག་རིན་པོ་ཆེ་གཙོས་བླ་སྤྲུལ་དང་དགེ་བཤེས་རྣམས་ནས་སྐུ་གོང་མའི་ཕྱག་རྫས་ངོས་འཛིན་དུ་བཅུག་པ་སོགས་བརྟག་པ་མང་པོ་མཛད་པས་གཅིག་ཀྱང་ནོར་བ་མེད་པར་ངོས་ཟིན་ལ། ཡང་སྲིད་འཁྲུལ་མེད་ཀྱི་རྟགས་མ་ནོར་བ་ཡོད་པས་བཞག་པ་སྐུ་ཕྲེང་གསུམ་པར་ཐུགས་ཐག་བཅད་དེ་མཚན་ལ་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པ་ཞེས་གསོལ།  བཞག་ཕོ་ཉ་སྐུ་ཕྲེང་གསུམ་པ་ངོས་འཛིན་གྲུབ་ནས་སྐུ་གོང་མའི་རྟེན་སྒོམ་ཕྱག་ཏུ་བཞག་པ་ན། ངའི་སྐུ་ཕྲེང་རྗེས་མའང་ཁྱེད་ཀྱིས་ངོས་འཛིན་གནང་དགོས་ཞེས་གསུངས་ཏེ་རྟེན་སྒོམ་མ་བཞེས་པར་སྒོ་སོག་རིན་པོ་ཆེའི་བླ་བྲང་དུ་བཞག་ལ།སྒོ་སོག་བླ་བྲང་ན་མཆོད་ཁང་གི་ཀུན་དགའ་ར་བར་བཞག་ཡོད་པ་མཐོང་མྱོང་ཞེས་སྒོ་སོག་ཕྱག་མཛོད་བློ་ཚེ་རིང་ཞལ་བཞུགས་དུས་དངོས་སུ་བཞག་མ་ཐང་དགོན་པའི་གྲྭ་པ་རྒན་པ་དག་ལ་གསུངས་མྱོང་། ད་ལྟའི་བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་དགེ་ལེགས་མཁས་གྲུབ་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་འདི་ཡང་སྒོ་སོག་སྐུ་ཆེན་གྱི་ཡང་སྤྲུལ་ངག་དབང་གསུང་རབ་བསྟན་འཛིན་དགེ་ལེགས་རྒྱ་མཚོ་དཔལ་བཟང་པོ་མཆོག་དང་།  སྒོ་སོག་སྐུ་ཆུང་བ་ཡོངས་རྒྱལ་རིན་པོ་ཆེ་གཉིས་ནས་གཙོ་འགན་བཞེས་ཏེ་ངོས་འཛིན་གནང་བ་འདིའང་རྟེན་འབྲེལ་གྱི་མགོ་དེ་དུས་ནས་འགྲིག་པར་གདོན་མི་ཟའོ༎དེ་དུས་སུ་ལི་ཐང་གི་བླ་བྲང་ཁག་དང་མི་ཆེན་རྣམས་ནས་གསོལ་སྟོན་ལ་གདན་དྲངས་པ་ན།  དེ་དག་གི་སར་སྐུ་གོང་མའི་དངོས་རྫས་ཡོད་དོ་ཅོག་ངོས་བཟུང་སྟེ་འདི་ངའི་རེད་ཅེས་ཐེངས་མང་པོར་གསུངས། ཞབས་ཞུ་བས་སྒོ་སོག་རིན་པོ་ཆེར་ཞུས་ཏེ་ཕྱིན་ཆད་དེ་ལྟར་མི་གསུང་བའི་ཞལ་གདམས་གནང་དུ་བཅུག་པས།  སྒོ་སོག་རིན་པོ་ཆེ་ནས་ཡང་སྤྲུལ་གྱི་ཕྱག་ལ་ཐལ་ལྕག་ཅིག་གནང་སྟེ་ད་ཕྱིན་ཆད་དེ་ལྟར་གསུངས་མི་ཆོག་གསུངས་དེ་ནས་བཟུང་སྟེ་དེའི་སྐོར་ཅི་ཡང་མི་གསུངས།  དེ་ནས་ཁོང་གྲྭ་བ་རྒན་པ་ཞིག་དང་ལྷན་དུ་རྩེ་རི་ཁྲོད་དུ་ཕེབས་ཏེ་ལོ་འགའ་ཤས་ལ་དེ་རུ་ཆོས་སྤྱོད་སྣ་ཚོགས་ལ་བསླབ་བོ།།

གསུམ་པ་དབུས་གཙང་ཡུལ་དུ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ།

 ཉིན་ཞིག་སྒོ་སོག་རིན་པོ་ཆེ་ནས་ཁོང་ལ་སྐུ་ཕྲེང་གོང་མ་དག་ཀྱང་དབུས་གཙང་ནས་མཁས་ཤིང་གྲུབ་པའི་གོ་འཕང་བརྙེས་པ་ཡིན་པས་ཁྱེད་ཡང་དེར་ཕེབས་ཏེ་སློབ་གཉེར་ལེགས་པོ་གནང་དགོས་པའི་བསླབ་བྱ་གནང་རྗེས་སྤྱི་ལོ་༡༩༢༧་ལོ་སྟེ་དགུང་ལོ་བཅུ་བཞི་པར་དབུས་ལ་འགྲོ་བའི་ཚོང་པ་དག་དང་ལྷན་དུ་ལྷ་སར་བཏང་།ཁོང་གིས་ལམ་སྐབས་ཀྱི་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་ལྷ་ལྡན་དག་པའི་ཞིང་ཁམས་སུ་འབྱོར་ཏེ། མཇལ་སྐོར་ལེགས་པར་གྲུབ་རྗེས་སེ་ར་ཐེག་ཆེན་གླིང་དུ་མཁས་བཙུན་བཟང་གསུམ་གྱི་སྐུ་ཡོན་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་དགའ་ནོར་རིང་ཚང་གཙོས་དམ་པ་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་རིག་པའི་གཞུང་ལུགས་དག་ལ་གུས་རྟག་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན། ཁོང་གིས་སློབ་གཉེར་གནང་བའི་སྐབས་སུ་སྐུ་ཆོས་ཤིན་ཏུ་བཀྲེན་པས་ལན་རེ་བཞེས་རྒྱུ་མེད་པར་གཏོར་མ་སྐམ་པོ་ཅུང་ཟད་ཙམ་ཆུ་ནང་དུ་བསྐོལ་ནས་རྩམ་དྲི་ཙམ་ཡོད་པའི་བཞེས་པར་བརྟེན་ནས་ཀྱང་དཔེ་གཟིགས་ལྷོད་མེད་གནང་བ་སོགས་དཀའ་བ་སྣ་ཚོགས་སྤྱད་ཅིང་བློ་ཕུགས་ཆོས་དང་ཆོས་ཕུགས་སྤྲང་ལ་གཏད་པའི་དམ་པའི་རྣམ་ཐར་ངོ་མ་བསྐྱངས། ཡང་སྐབས་རེ་ལི་ཐང་སོགས་ཁོང་གི་ཕ་ཡུལ་གྱི་མཇལ་བ་ཁ་ཤས་ལྷ་སར་འབྱོར་ནས་ཁོང་དང་མཇལ་དུ་བྱིན་ཏེ་སྒོ་རྡུང་ཡང་སྒོ་མི་འབྱེད་ལ། རྗེས་སུ་གྲྭ་བ་རྣམས་ཀྱིས་ཡུལ་ཕྱོགས་ཀྱི་མཇལ་བས་སྒོ་རྡུང་བ་ཁྱེད་ཀྱིས་མ་ཐོས་སམ་ཅིའི་ཕྱིར་སྒོ་མ་ཕྱེ་བ་ཡིན་ཞེས་འདྲི་དུས།   ཁོང་གིས་ཐོས་ཀྱང་མ་ཕྱེ་ང་ལ་ཁོ་ཚོར་ལྟོ་གོས་སོགས་སྟེར་རྒྱུ་མེད། ཕན་ནི་མི་ཐོགས་རང་ཉིད་ལའང་དཔེ་ཆར་ལྟ་བའི་བར་ཆད་ཡིན་པས་སྒོ་མ་ཕྱེ་གསུངས།  འདི་ལྟར་ལྟོ་གོས་གཏམ་གསུམ་ལ་གྱོང་སྐུར།  འདོད་ཆུང་ཆོག་ཤེས་ཀྱིས་གཞུང་བཀའ་པོད་ལྔས་མཚོན་པའི་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་སྒོམ་པ་དཔྱིས་ཕྱིན་པ་གནང་སྟེ་འཛིན་གྲྭ་རིམ་གྱིས་རྫོགས་ནས་མཁས་པའི་གོ་འཕང་བརྙེས།ཉིན་ཞིག་ལི་ཐང་ས་ཆའི་རྒྱལ་གཏོ་ཚོང་དཔོན་ཟེར་བའི་ཚོང་དཔོན་གྲགས་ཅན་ཞིག་ལྷ་སར་ཡོད་པ་དེ་ལ་ཁོང་གིས་ད་ཐེངས་ཁྱེད་ཀྱིས་བདག་ལ་སྦྱིན་བདག་ཞིག་མཛད་རོགས་གསུངས། ཅི་ཞིག་གི་སྦྱིན་བདག་བགྱི་དགོས་ཟེར་དུས། ཁོང་གི་ཨ་མ་མདང་དགོང་འདས་པས་ལྷ་སའི་ཇོ་བོའི་མདུན་དུ་གསེར་རྐོང་ཞིག་ངེས་པར་དུ་འཇོག་དགོས་གསུངས།  དེ་དུས་ཕ་ཡུལ་གྱི་གཏམ་ཞིག་མ་མཐའ་ཡང་ཟླ་བ་འགའི་རྗེས་སུ་མ་གཏོགས་རང་ག་བའི་སྐྱེ་བོ་ཞིག་གིས་གོ་མི་ནུས་པས་ཚོང་དཔོན་ཐེ་ཚོམ་དང་བཅས་ཏེ་སྦྱིན་བདག་མཛད་དེ་ཟླ་ཚེས་གསལ་བོར་བྲིས།  རྗེས་སུ་ཚོང་དཔོན་ཕ་ཡུལ་དུ་ལོག་ནས་ཡུལ་མི་རྣམས་ལ་འདྲི་དུས་ཁོང་གི་ཡུམ་འདས་པ་དང་ཟླ་ཚེས་སོགས་ཁོང་གིས་གསུངས་པ་ལྟར་ཏག་ཏག་ཡིན་པས།  དེ་ནས་བཟུང་ཚོང་དཔོན་ཁོང་ལ་ཤིན་ཏུ་དད་དེ་ངའི་བླ་མ་ཟེར་བ་མ་གཏོགས་མཚན་གཞན་ནས་ཀྱང་མི་འབོད།  རྒྱལ་གཏོ་ཚོང་དཔོན་ཕྱིར་ལྷ་སར་ལོག་ནས་ཁོ་དང་ཨ་འབྲུག་ཚོང་དཔོན་གཉིས་ཀྱིས་སྦྱིན་བདག་མཛད་དེ་ཁོང་གིས་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་ལྷ་རམས་དམ་བཅའ་བཞག་སྟེ་མཁས་པའི་གྲགས་པ་རྒྱས། དེ་ནས་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་བཞི་ལ་གསན་སྦྱངས་མཐར་ཕྱིན་པ་མཛད་ནས་ཕྱིར་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་དཔེ་ཁྲིད་གནང་ལ་སློབ་འཁོར་མང་པོ་བསྐྱངས།  ཁྱད་པར་དུ་སྤྱི་ལོ་༡༩༣༧་ལོ་ལ་རང་ཡུལ་ལི་ཐང་ཕྱོགས་ནས་ལྷ་སར་སློབ་གཉེར་ཡོང་བའི་བཞག་དགེ་ལེགས་རིན་པོ་ཆེ་ནི་ཁོང་གི་སློབ་མའི་གཙོ་བོ་ཡིན་ལ། བཞག་དགེ་ལེགས་རིན་པོ་ཆེ་ནི་ལྷ་སྲུང་གིས་སྐྱེས་བུ་དམ་པ་ཞིག་གི་ཡང་སྤྲུལ་ཡིན་ཞིང་དགུང་ལོ་བཅུ་བཞིའི་ཐོག་དབུས་ལ་ཕེབས་ཏེ་སློབ་གཉེར་གནང་ན་དམ་པ་གང་གི་ཡང་སྤྲུལ་ཡིན་པ་ངོས་འཛིན་བྱེད་མཁན་ཡོད་ཅེས་ལུང་བསྟན་ཐོབ་པ་བཞིན་དབུས་སུ་ཕེབས་པ་ཡིན་ལ། སེར་སྨད་གྲྭ་ཚང་གི་སྐུ་ངོ་གཉེར་ཚང་དང་།རྒྱལ་ཐང་དགེ་བཤེས་དབུ་ཟུར་ལགས།  ལི་ཐང་དགེ་བཤེས་རྒྱལ་འགྲུབ་ལགས་བཅས་ནས་གྲོས་བསྡུར་གྱིས་བཞག་པ་རིན་པོ་ཆེ་ལ་སྐྱེས་བུ་དམ་པ་གང་གི་ཡང་སྤྲུལ་ཡིན་པ་ཞུས་པས།  བཞག་པ་རིན་པོ་ཆེ་ནས་ཐུགས་དམ་བརྟག་དཔྱད་གནང་ནས་ཡོངས་འཛིན་བློ་བཟང་དགེ་ལེགས་མཆོག་གི་ཡང་སྤྲུལ་ཡིན་པའི་ངོས་འཛིན་གནང་། ལོ་ངོ་བཅུ་ཙམ་ལ་བཞག་པ་རིན་པོ་ཆེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གཞུང་ལུགས་རབ་འབྱམས་ཀུན་ལ་ནང་བྱིན་ཆུད་པར་མཛད་ཅིང་།  སེ་ར་ཚོགས་ཆེན་གྱི་སྤྲུལ་སྐུ་འབྲིང་ཁག་གི་གོ་གནས་བཞེས་ཤིང་ལི་ཐང་དགེ་ལྡན་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་པོ་གནང་། རྗེས་སུ་ཐེ་ཝན་སོགས་སུ་བསྟན་འགྲོའི་དོན་མཛད་ཅིང་ཆོས་འཁོར་རྒྱ་ཆེར་བསྐོར་བར་མཛད་དོ༎

བཞག་པ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པ་ཁོང་ནི།  མདོ་སྔགས་ཀྱི་གཞུང་ལ་མཁས་པའི་ཡང་རྩེར་སོན་པ་ཞིག་ཡིན་པ་མ་ཟད་དབང་ལུང་མན་ངག་གི་རྒྱུན་མཐའ་དག་མནོས་པའི་དབང་ལུང་མན་ངག་གི་མངའ་བདག་ཞིག་ཀྱང་ལགས་ཏེ། ཁོང་གིས་སྔ་ཕྱིར་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་།  སྐྱབས་རྗེ་བདེ་ཆེན་སྙིང་པོ།  སྐྱབས་རྗེ་ཁང་སར་རྡོ་རྗེ་འཆང་། བ་རི་རྡོ་རྗེ་འཆང་། སྐྱབས་རྗེ་ཤར་པ་རིན་པོ་ཆེ། སྲིང་སྐྱོང་སྟག་ལུང་བྲག་རིན་པོ་ཆེ།  དགེ་བཤེས་བསམ་འགྲུབ་རྡོ་རྗེ་འཆང་།  ལི་ཐང་ཤོག་དྲུག་སྐྱབས་མགོན་རིན་པོ་ཆེ། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་།  ཡོངས་འཛིན་གླིང་རིན་པོ་ཆེ།  སྐྱབས་རྗེ་ལྷ་བཙུན་རྡོ་རྗེ་འཆང་སོགས་སྐྱེས་བུ་དམ་པ་མང་པོ་ཞིག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། ལམ་རིམ་རྒྱས་བསྡུས་དང་སྤྱོད་འཇུག་དང་བློ་སྦྱོང་གི་སྐོར་དང་།  རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས།  གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་དང་རྩ་བཤད་ཀྱི་རྒྱུད་འགྲེལ་བ་བཅས་པའི་ལུང་ཁྲིད་དང་།བདེ་གསང་འཇིགས་གསུམ་གཙོས་པའི་སྒྲུབ་ཐབས་རིན་འབྱུང་།  སྒྲུབ་ཐབས་རྒྱ་མཚོ།  མི་ཏྲ་བརྒྱ་རྩ།  སྣར་ཐང་བརྒྱ་རྩ།  བ་རི་བརྒྱ་རྩ།  ཟུར་བཀའ་བརྒྱ་རྩ་སོགས་གསང་ཆེན་རྒྱུད་སྡེ་བཞིའི་སྤྱི་བཀའ་དང་ཟུར་བཀའ་ཐོར་བུ་བ་བཅས་པའི་དབང་དང་རྗེས་གནང་གང་ཡོད་དང་། ཆེས་ཆེར་གསང་བའི་དགེ་ལྡན་སྙན་རྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་བུམ་པ་གང་བྱོའི་ཚུལ་དུ་ཐོབ་ཅིང་།  ཐོས་དོན་ཉམས་སུ་ལེན་པའི་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོར་གྱུར་ཏོ༎ཁོང་ནི་བླ་མ་ཤིན་ཏུ་ཐུགས་ཆུང་ཞིག་ཡིན་ལ་གསུང་ཆོས་ཀྱི་སྐབས་སུའང་བླ་སྤྲུལ་དག་གི་གྲལ་དུ་མི་བཞུགས་པར་གྲྭ་མང་གི་ནང་དུ་བཞུགས་པས།  སྐྱབས་རྗེ་བདེ་ཆེན་སྙིང་པོས་གསུང་ཆོས་གང་གནང་གི་སྐབས་སུ་བཞག་པ་རིན་པོ་ཆེ་གང་དུ་འདུག ངའི་མདུན་དུ་ཡར་ཤོག་ཅེས་གསུངས་ཏེ་ཁོང་གི་མདུན་འཁྲིས་སུ་བླངས་ཏེ་བཀའ་ཆོས་གནང་པ་སོགས་ཐུགས་རྩིས་ཤིན་ཏུ་ཆེ་ཞེས་གྲྭ་སའི་དགེ་བཤེས་བགྲེས་པ་རྣམས་ཀྱིས་གསུངས་སོ༎

བཞི་པ་ཕྱིར་རང་ཡུལ་དུ་ཕེབས་ནས་བསྟན་འགྲོའི་དོན་མཛད་པའི་ཚུལ།

དབུས་གཙང་ཡུལ་དུ་དེ་ལྟར་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་དང་དབང་ལུང་མན་ངག་དང་བཅས་པས་རང་རྒྱུད་གཏམས་པར་མ་ཟད་བསྟན་པའི་ཁུར་ཆེན་འདེགས་ནུས་པའི་སློབ་བུ་ཡང་གང་མང་བསྐྱངས།  རྗེས་སུ་སྤྱི་ལོ་༡༩༤༧ལོ་སྟེ་བཞག་པ་རིན་པོ་ཆེ་འདི་ཉིད་དགུང་ལོ་སོ་ལྔར་ཕེབས་པའི་ལོ་དེར།  བཞག་དགེ་ལེགས་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཆས་དགོས་བྱུང་སྟེ། ཁོང་གིས་ཡོངས་འཛིན་བཞག་པ་རིན་པོ་ཆེ་ལ་ཡང་ཕྱིར་ཕ་ཡུལ་ལི་ཐང་དུ་མཉམ་དུ་ཕེབས་དགོས་པའི་གསོལ་བ་ཡང་ཡང་བཏབ་ཀྱང་ཞལ་གྱིས་མ་བཞེས། དེ་ནས་བཞག་དགེ་ལེགས་རིན་པོ་ཆེ་ཉིད་བླ་མ་དང་འབྲལ་དགོས་རྒྱུ་རེད་བསམས་ནས་ཐུགས་སྐྱོ་སྟེ་སྐུ་སྙུང་བཞེས་པས་གསུང་ཡང་འབྱོན་མི་ནུས་པར་གྱུར། དེ་ནས་བཞག་པ་རིན་པོ་ཆེས་ཞལ་འདོན་ཐུགས་སྨོན་གནང་བས་གསུང་ཅུང་ཟད་འབྱོན་ནུས་པར་གྱུར་ལ་ཡོངས་འཛིན་རིན་པོ་ཆེ་བདག་དང་ལྷན་དུ་ཕ་ཡུལ་ལ་འབྱོན་རྒྱུ་མཁྱེན་ཞེས་སྤྱན་ཆབ་དང་བཅས་ཏེ་ཞུས་ཤིང་།  འཁོར་གཡོག་རྣམས་ཀྱིས་ཁོང་ལ་ཁྱེད་མི་ཕེབས་ན་བཞག་དགེ་ལེགས་རིན་པོ་ཆེ་སྐུ་གྲོང་རྒྱུ་ཡིན་ཚུལ་སོགས་སྨྲས་ཏེ་ནན་ཞུས་གནང་མཐར་ཞལ་གྱིས་བཞེས། ལོ་དེའི་བོད་ཟླ་དྲུག་པའི་ཚེས་བདུན་ཉིན་དཔོན་སློབ་གཉིས་ལྷ་ས་ནས་ཕྱིར་ཆས་སྐབས་གྲྭ་ཚང་དང་ཁང་ཚན།  མི་ཚན་བཅས་འབྲེལ་ཡོད་ཁག་ནས་འཁྲུངས་ལྷའི་བར་དུ་སྐྱེལ་མ་མཛད་ཅིང་། ཟླ་བ་བརྒྱད་པའི་ནང་དུ་ལི་ཐང་དང་ཉེ་བའི་ཆ་དགེ་ལ་མགོར་འབྱོར་བ་ན།  ལི་ཐང་གི་བཞག་རྟ་མགྲིན་ནོར་བུ་དང་།  བཞག་གྲགས་པ།  འབུམ་རྒྱལ་རྡོ་རྗེ།  འཇང་པ་མགོན་པོ།  རྡ་རུབ་སྐལ་ལྡན་སོགས་རྟ་བ་བཅུ་བདུན་ཙམ་བསུ་མར་འབྱོར།  དེ་ནས་ཚ་ཁར་འབྱོར་བ་ན་བཞག་དགེ་ལེགས་རིན་པོ་ཆེའི་གཅུང་པོ་མི་འགྱུར་རིན་པོ་ཆེ་དང་།  ལི་ཐང་སྒོ་སོག་བླ་བྲང་།  བཞག་རྒྱ་མཚོ་སོགས་བསུ་མར་ཕེབས།  དེ་ནས་བཞག་པ་རིན་པོ་ཆེ་དང་བཞག་དགེ་ལེགས་རིན་པོ་ཆེ་རྣམ་གཉིས་བླ་མ་ལས་སྣེ་དགེ་འདུན་པ་བཅས་པས་དུང་དང་རྒྱ་གླིང་གི་སྙན་པའིསྒྲ་དང་བཅས་སེར་འཕྲེང་གིས་བསུ་མ་གནང་ཏེ་བཞག་བླ་བྲང་དུ་ཞབས་སོར་འཁོད།  ལི་ཐང་དགོན་དུ་རྩེ་མགོ་དང་ཚོགས་ཆེན།  ཇོ་ཁང་།  རྗེ་ལྷ་ཁང་།  པར་ཁང་སོགས་ལ་མཆོད་མཇལ་ཕེབས་རྗེས་བཞག་པ་རིན་པོ་ཆེ་ཉིད་བཞག་དགེ་ལེགས་རིན་པོ་ཆེ་དང་མི་འགྱུར་རིན་པོ་ཆེ་རྣམ་པ་གཉིས་དང་ལྷན་དུ་མོ་ལར་ཕེབས་ཏེ་འཇལ་ལྷ་ཁང་སུམ་མདོར་ཞག་བཞུགས་མཛད་ནས་ཇོ་བོ་བརྒྱ་རྩ་བརྒྱད་ཀྱི་ནང་ཚན་དུ་གྲགས་པའི་ཇོ་བོ་དང་མཇལ།  ཕྱི་ཉིན་མོ་ལ་བཞག་ཚང་གི་ཁྱིམ་དུ་ཕེབས་ཏེ་ཞག་ཤས་ལ་བཞུགས་ནས་བཞག་དགེ་ལེགས་རིན་པོ་ཆེའི་སྐུ་གོང་མའི་བཞུགས་གནས་དགོན་གསར་རི་ཁྲོད་ཞེས་པ་དེར་བཞག་པ་རིན་པོ་ཆེ་དང་བཞག་དགེ་ལེགས་རིན་པོ་ཆེ་གཉིས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་མཚམས་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མཛད། ཟླ་བ་བཅུ་པར་ལི་ཐང་དགོན་དུ་ཕེབས་ཏེ་བཞག་པ་རིན་པོ་ཆེ་དང་དགེ་བཤེས་སྙན་གྲགས་རྣམ་པ་གཉིས་དགེ་བཤེས་ལྷ་རམས་པ་ཡིན་སྟབས་སྐུ་ཡོན་ཆེ་ཤོས་ཡིན་པས།  བོད་ཟླ་དང་པོའི་ཚེས་བཅུ་བཞིའི་ཉིན་ལི་ཐང་དགོན་དུ་དམ་བཅའ་བཞག  གོ་མིན་ཏང་གི་རྒྱ་དཔོན་བུང་ཐོན་ཀྲང་ཟེར་བ་ཡང་།  བཞག་པ་རིན་པོ་ཆེའི་མཁས་བཙུན་བཟང་གསུམ་གྱིས་ཡིད་འཕྲོག་སྟེ་གོས་ཆེན་གྱི་ངོས་ལ་བསྟོད་ཚིག་བྲིས་པའི་མཚན་སྙན་འབུལ་བ་དང་ཤོག་སྦག་རྒྱབ་ནས་ཆོས་རྭའི་ནང་དུ་ཁོང་གི་དམ་བཅའ་བཞག་པར་རྟེན་འབྲེལ་ཞུ་རྩིས་བྱས་ཀྱང་།  བཞག་རྒྱ་མཚོ་ནས་ཆོས་རྭའི་ནང་དུ་དེ་ལྟར་བྱེད་པ་མི་རུང་ལ་བཞུགས་ཤག་ཏུ་ཕེབས་རོགས་ཞུས་པས།  ཕྱི་ཉིན་བླ་བྲང་དུ་ཕེབས་ཏེ་གོས་ཆེན་དམར་པོའི་ངོས་སུ་བྲིས་པའི་རྒྱ་ཡིག་གི་བསྟོད་ཚིག་རྟེན་འབྲེལ་གྱི་རྫས་སུ་འབུལ་གནང་མཛད།  དེ་ནས་ཟླ་བ་གཉིས་པའི་ནང་དུ་ལི་ཐང་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ལྷ་ས་ནས་ལི་ཐང་དུ་ཕེབས་པས་དགོན་པའི་མཁན་པོ་དང་བླ་སྤྲུལ་རྣམས་དང་མཉམ་དུ་ལི་ཆུའི་ཁར་ཕེབས་ནས་བསུ་བ་གནང་།  ཟླ་བ་གསུམ་པའི་ནང་ཨ་འཛི་བློ་གསལ་གྱིས་སྦྱིན་བདག་ཞུས་ནས་སྐྱབས་མགོན་རིན་པོ་ཆེས་གཞི་བ་ཁང་ཚན་དུ་འདུས་པ་སྟོང་ཙམ་ལ་ལམ་རིམ་ཆེན་མོའི་བཤད་ལུང་སེམས་བསྐྱེད་དང་བཅས་པ་གནང་བར་གསན།  ལོ་དེར་སྐྱབས་མགོན་རིན་པོ་ཆེ་སྐུ་གཤེགས་ཤིང་།  སྒོ་སོག་སྐུ་གོང་མ་སྐུ་ཆེན་རིན་པོ་ཆེ་མོ་ལ་དགོན་གྲོང་གཉིས་ཀྱིས་གསོལ་བ་བཏབ་པ་བཞིན་མོ་ལ་སྟོད་ཀྱི་ཕུན་ཚོགས་གླིང་དུ་ལོ་མང་ལ་བཞུགས་ནས་སླར་ལི་ཐང་དུ་ཕེབས་དུས་ལོ་འདིར་མོ་ལ་ཚོ་ཁག་གཉིས་གསུམ་ཙམ་གྱི་རྟ་བ་སུམ་བརྒྱ་ལྷག་གིས་ལི་ཐང་དུ་ཕེབས་སྐྱེལ་ཞུས། ལོ་འདི་ཉིད་དེ་སྤྱི་ལོ་༡༩༤༨་ལོ་ལ་བཞག་པ་རིན་པོ་ཆེ་དགུང་ལོ་སོ་དྲུག་པ་ལ་མཁན་པོར་ཕེབས་དགོས་པའི་རེས་སུ་བབས་པ་ན།  ལི་ཐང་དགོན་པའི་མགྲོན་གཉེར་དང་ཕྱག་སྦུག་རྒན་པ་དང་རྒན་ཟུར་རྣམས་ནས་མཁན་པོ་མཛད་དགོས་ཀྱི་ཞུ་བ་ཕུལ་པ་ན། བཞག་པ་རིན་པོ་ཆེ་ནས་རང་གི་སློབ་བུ་དགེ་ལེགས་རིན་པོ་ཆེ་ལ་མཁན་ས་མེད་པས་ཁོང་གི་ཚབ་ཏུ་གཏོང་བར་དགོངས་ནས།  ངས་མཁན་པོ་བྱེད་པ་མི་ཡོང་།  བདག་གི་སློབ་མ་བཞག་དགེ་ལེགས་རིན་པོ་ཆེ་ཁོང་ཚོགས་ཆེན་སྤྲུལ་སྐུ་འབྲིང་ཁག་ཡིན་པས།  ཁོང་ལ་ཞུས་ན་ལེགས་ཞེས་ནན་ཆེན་གསུངས་པར་བརྟེན།  ལི་ཐང་དགོན་པའི་ཕྱག་སྦུག་རྒན་པ་དང་རྒན་ཟུར་རྣམས་བཞག་དགེ་ལེགས་རིན་པོ་ཆེའི་དྲུང་དུ་ཕེབས་ཏེ་མཁན་པོ་གནང་དགོས་པའི་ཞུ་བ་ལན་གསུམ་ཕུལ་པའི་མཐའ་མར་ཞལ་བཞེས་ཐོབ་སྟེ་མཁན་པོ་མཛད།  སྒོ་སོག་སྐུ་ཆེན་ལི་ཐང་དུ་ཕེབས་པས་མོ་ལ་དགོན་གྲོང་གཉིས་ལ་བླ་མ་མེད་པར་གྱུར་པས།  བཞག་པ་རིན་པོ་ཆེ་ཉིད་མོ་ལ་དགོན་གྲོང་གཉིས་ནས་གདན་འདྲེན་ཞུས་ཏེ་ཕུན་ཚོགས་གླིང་དུ་ཞབས་སོར་འཁོད་ཅིང་།  ས་ཆ་དེར་ཡུན་རིང་བཞུགས་ནས་བཀའ་ཆོས་མང་པོ་གསུངས་ཤིང་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ཁོང་དེར་བཞུགས་པའི་སྐབས་ཤིག་ལ་ས་འགུལ་ཆེན་པོ་ཞིག་ཡོང་བས་ཁང་བའི་དཀར་ཁུང་ནས་འཕུར་ཡོང་བ་འགའ་ཤས་ཀྱིས་མཐོང་ལ།  རྗེས་སུ་དཀར་ཁུང་དུ་ཁོང་གི་གཟན་གྱི་ལེབ་མོ་ཅུང་ཙམ་གཤགས་ནས་ལུས་འདུག་ཅེས་དེ་གའི་ཡུལ་མི་རྣམས་ལ་ཡོངས་སུ་གྲགས་པས་ད་ལྟའི་བར་དུ་ཡུལ་འདིའི་སྐྱེ་བོ་ཀུན་གྱིས་གླེང་བཞིན་ཡོད། 

མོ་ལ་ས་ཆར་གདུལ་བྱའི་དོན་ཡུན་རིང་མཛད་དེ།  སྤྱི་ལོ་༡༩༥༢ ལོ་སྟེ།  བཞག་པ་རིན་པོ་ཆེ་དགུང་ལོ་བཞི་བཅུའི་ཐོག་ལི་ཐང་དགོན་གྱི་ཕྱག་སྦུག་དང་རྒན་ཟུར་ལས་སྣེ་རྣམས་ཀྱིས་སླར་ཡང་མཁན་པོར་ཕེབས་དགོས་པའི་ཞུ་བ་ལན་གསུམ་གྱི་བར་དུ་ཕུལ་བས་ཞལ་གྱིས་བཞེས་ཏེ།  མཚན་ཉིད་གྲྭ་ཚང་གི་མཁན་པོ་ལོ་གཉིས་ལ་གནང་། འདི་དུས་ཙམ་ནས་བཟུང་སྟེ་རང་ཡུལ་བཞག་ཁོག་ཏུ་ཐེངས་མང་ཕེབས་ཤིང་།  སེར་སྐྱ་རྣམས་ལ་དབང་རྗེས་གནང་དང་བཀའ་ཆོས་ཡང་ཡང་གནང་ལ།བཞག་པ་ཨ་ཕྱུང་ཚང་། མང་ལུ་ཚང་། ཚ་གཟུ་ཚང་།  རང་འགྲུབ་ཚང་སོགས་སུ་ཡུན་རིང་བཞུགས།བཞག་པ་རིན་པོ་ཆེའི་དགུང་ལོ་ཞེ་གཉིས་པ་སྟེ་སྤྱི་ལོ་༡༩༥༤ལོ་ནས་ཚོགས་ཆེན་གྱི་རྡོ་རྗེ་སློབ་དཔོན་ལོ་གཉིས་ལ་མཛད། འདི་དུས་ནས་བཞག་མ་ཐང་དགོན་དང་ས་སྐྱ་དགོན་བཅས་པའི་དགོན་ཡུལ་གཉིས་ཀྱིས་ཐུན་མོང་ནས་ཞྭ་དཔལ་རི་ཁྲོད་རྙིང་པ་ཞིག་ཡོད་པ་བསྐྱར་གསོ་བྱས་ཏེ་བཞག་པ་རིན་པོ་ལ་ཕུལ་བས་ཁོང་གིས་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་གཞོལ་བའི་བཞུགས་གནས་མཛད།  སྤྱི་ལོ་༡༩༥༥ལོའི་བོད་ཟླ་གསུམ་པའི་ནང་དུ་ལི་ཐང་དགོན་པའི་ཚོགས་ཆེན་གྱི་རྡོ་རྗེ་སློབ་དཔོན་མཛད་ལ་དེའི་སྐབས་སུ་མི་ཉག་རབས་སྒང་དུ་སྐྱབས་མགོན་རིན་པོ་ཆེ་མཇལ་བསུར་ཕེབས་ཏེ་ཉིན་གསུམ་གྱི་རིང་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་དང་ཚེ་དབང་ཞུས།བཞག་པ་རིན་པོ་ཆེའི་དགུང་ལོ་ཞེ་བཞི་པ་སྟེ།  སྤྱི་ལོ་༡༩༥༦་ལོ་ནས་ལི་ཐང་དགེ་ལྡན་བྱམས་ཆེན་ཆོས་འཁོར་གླིང་གི་རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་མི་འཇིགས་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་ལ་འཁོད་དེ།  དགོན་དེ་གའི་ཆོས་སྲིད་ཀྱི་འགན་ཡོངས་རྫོགས་བདག་གིར་བཞེས་ཤིང་མཛད་འཕྲིན་ལེགས་པར་བསྐྱངས་ནས་མཇུག་བདེ་ལེགས་ངང་གྲུབ་ཅིང་།

སྔ་ལོའི་ཁྲོམ་ཐོག་ལྷ་ལུང་དཔལ་གྱི་རྡོ་རྗེས་མཁན་པོ་མཛད་པའི་རིང་ལ་འཐབ་འཁྲུགས་བྱུང་སྟེ་སྐུ་ངལ་མང་པོ་འཕྲད་ཀྱང་།  བཞག་པ་རིན་པོ་ཆེས་མཁན་པོ་མཛད་པའི་ལོ་གཉིས་ཀྱི་ཡུན་ལ་དུས་བདེ་ཞོད་འཇགས་བྱུང་བས་ཆོས་སྲིད་གང་ཐད་ནས་ཀྱང་མཛད་དཀའི་སྐུ་ངལ་གྱི་རིགས་གང་ཡང་མ་འཕྲད་པར་ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་ཕུན་སུམ་ཚོགས་པར་གྱུར།འདི་དུས་ནས་བཞག་མ་ཐང་དགོན་གྱི་དགོན་ཡུལ་གཉིས་ནས་གསོལ་བ་བཏབ་པ་བཞིན།བཞག་མ་ཐང་དགོན་པའི་བསྟན་པའི་བདག་པོ་གནང་རྒྱུ་དང་།ལི་ཐང་གི་མཁན་པོ་ཁྲི་ཟུར་པའི་རྗེས་སུ་མ་ཐང་དགོན་དུ་ཞབས་སོར་འཁོད་དེ་གཏན་དུ་བཞུགས་པའི་ཞལ་བཞེས་ཐོབ་པས།  བཞག་མ་ཐང་དགོན་གྱི་དགོན་ཡུལ་གཉིས་ནས་བཞག་མ་ཐང་དགོན་དུ་བརྗིད་ཉམས་ལྡན་པའི་གཟིམས་ཤག་སུམ་ཐོག་ཅན་ཞིག་བཞེངས་ཤིང་།གཟིམས་ཤག་བཞེངས་དུས་བཞག་པ་རིན་པོ་ཆེ་ཁོང་དངོས་སུ་ཕེབས་ཏེ་ཞལ་བཀོད་གང་མང་མཛད་དེ།  ཤག་འདིར་ང་འདུག་པའི་སྐལ་པ་ཨེ་ཡོད་མི་ཤེས་ཀྱང་།  མ་འོངས་པ་ན་དགོན་པར་ཕན་ཐོགས་པ་ཞིག་ཡོང་ངེས་རེད་ཅེས་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་གནང་བ་ལྟར།ཆོས་སྒོ་ཕྱེ་བའི་དུས་སུ་ཤག་འདིའི་ཐོག་བརྩེགས་གསུམ་གྱི་རྩིག་པ་མ་ཞིག་པར་ཡོད་པས་ཉམས་གསོ་བྱས་ཏེ་ཇོ་བོ་ཡིད་བཞིན་ནོར་བུ་གནས་སྐབས་བཞུགས་གནས་བྱས་པ་དང་དགོན་པའི་གཙུག་ལག་ཁང་བཞེངས་མ་ཚར་གྱི་བར་དུ་ཚོགས་ཁང་དང་གཉེར་ཁང་གཅིག་ཆོག་གི་གོ་ཆོད་པས།  བཞག་པ་རིན་པོ་ཆེ་སྐུ་གོང་མས་བསམ་བཞིན་དུ་ཤུལ་བཞག་གནང་བ་རེད་ཅེས་ཀུན་གྱིས་གླེང་།  འདིའི་དུས་ཀྱི་ས་གནས་སྲིད་གཞུང་གིས་བཀོད་པའི་རྒྱ་ཡིག་གི་ཟིན་ཐོ་ཞིག་ལས་ཀྱང་།  ད་ལྟའི་མཁན་པོ་ལས་ཐོགས་པ་བཞག་པ་སྤྲུལ་སྐུའི་སྐུ་གོང་མ་བཞག་ཕོ་ཉ་སྤྲུལ་སྐུ་ནི་སྐུ་ཡོན་དང་སྙན་གྲགས་ཤིན་ཏུ་ཆེ་བའི་རྐྱེན་གྱིས།  ད་ལྟའི་བཞག་པ་སྤྲུལ་སྐུ་ལ་མི་དམངས་ནས་ཧ་ཅང་མཐོང་ཆེན་དང་དད་མོས་བྱེད།  སྤྲུལ་སྐུ་ཁོ་རང་དབུལ་པོའི་བུ་རྒྱུད་ཡིན་ལ་ཆོས་ལ་རྙིང་ཞེན་དང་དད་མོས་ཤིན་ཏུ་ཆེ་ཞིང་ཡོན་ཏན་ཆེན་པོ་ཡིན་པས་སྙན་གྲགས་ཀྱང་ཆེ། འོན་ཀྱང་ཆབ་སྲིད་ཐད་དུ་གསར་རྙིང་གང་ལའང་ཤེས་བྱ་དང་དོན་གཉེར་གཉིས་ཀ་གཏན་ནས་མེད་པ་ཞིག་འདུག ཅེས་བྲིས་པར་དཔག་ན། འཇིག་རྟེན་གྱི་བྱ་བཞག་དང་།  ཐོབ་གོ་ས་སོགས་གང་ལའང་དོན་གཉེར་གཏན་ནས་མེད་ཅིང་།  ཆོས་ཁོ་ན་དོན་དུ་གཉེར་བའི་སྐྱེས་བུ་དམ་པ་ཞིག་ཡིན་པ་ནི་ཀུན་ལ་རྩོད་མེད་དུ་རླུང་ལྟར་གྲགས་པ་ཞིག་ཡིན་ནོ༎

ལྔ་པ་དུས་ཟིང་ཁྲོད་ཀྱི་མཛད་རྣམ་དང་དགོངས་པ་རྫོགས་པའི་ཚུལ་ལོ།།

སྤྱི་ལོ་༡༩༥༨ ལོའི་ལོ་མགོར་བཞག་དགེ་ལེགས་རིན་པོ་ཆེས་སྲིད་ཇུས་ལ་འགྱུར་བ་འགྲོ་བཞིན་ཡོད་པར་གཟིགས་ནས།  ལྷ་ས་བརྒྱུད་ནས་རྒྱ་གར་དུ་ཕེབས་པར་བཞེད་དེ། ཁོང་དགེ་བའི་བཤེས་གཉེན་བཞག་པ་རིན་པོ་ཆེ་ལ་མཉམ་དུ་ཕེབས་ན་ལེགས་ཚུལ་ཞུས་ཀྱང་།  བཞག་པ་རིན་པོ་ཆེ་ནས་ཞལ་བཞེས་མ་གནང་བར་ཁྱེད་རང་ཕེབས་ན་ཕེབས།  ང་ནི་གང་དུའང་མི་འགྲོ་བར་དགོན་པ་འདིར་སྡོད་རྒྱུ་ཡིན་ཞེས་གསུངས་ནས་མ་ཕེབས་པར་བཞུགས་པས། དུས་ཟིང་གི་ཁྲོད་ཁོང་ཡང་བཙོན་དུ་ཕེབས་དགོས་བྱུང་སྟེ་ཐོག་མར་ལི་ཐང་གི་བཙོན་ནས་ཅུང་བཞུགས། བཞག་པ་རིན་པོ་ཆེ་ངག་དབང་བློ་བཟང་བསྟན་འཛིན་སྦྱིན་པ་མཆོག་ནི་ཐུགས་ན་ཐོས་བསམ་སྒོམ་པ་སོགས་དམ་པའི་ཆོས་ཀྱི་བྱ་བ་ཁོ་ན་ལས་འཇིག་རྟེན་གྱི་ཕྱོགས་ལ་དོན་གཉེར་གྱི་འདུན་པ་གཏན་ནས་མེད་པ་ཞིག་ཡིན་ཞིང་།  རྒྱ་བོད་ཀྱི་ཆབ་སྲིད་འགྲོ་སྟངས་དང་ལུགས་སྲོལ་སོགས་ཀྱང་མི་མཁྱེན་པའི་ཚུལ་གནང་སྟེ་ཐ་ན་ཚོགས་འདུའི་ནང་དུ་འཇིག་རྟེན་སྲིད་ཕྱོགས་ཀྱི་གསུང་བཤད་ཅི་ཞིག་གནང་ནའང་ཆོས་ཀྱི་བློ་སྦྱོང་ཁོ་ནར་གྱུར་འགྲོ་བ་ལས་འཇིག་རྟེན་པའི་ལམ་སྲོལ་དང་ཡེ་ནས་མི་མཐུན་པས། ལི་ཐང་དུ་ཆབ་སྲིད་ཀྱི་སློབ་སྦྱོང་བྱེད་དུས་དང་། བཙོན་དུ་བཞུགས་པའི་ཡུན་ལ་བསམ་འཆར་ཡར་ཞུ་བྱེད་པའི་སྐབས་དག་ཏུ་ཆོས་གཞུང་ནས་བཤད་པའི་བྱམས་སྙིང་རྗེ་དང་གཞན་ཕན་བསམ་སྦྱོར་དགོས་ཚུལ་དང་།  རང་གི་ནག་ཉེས་ཅི་ཡོད་ངོས་ཟིན་ཡར་ཞུ་བྱེད་དུ་བཅུག་པ་ན། ཚེ་འདི་ཕྱི་གཉིས་ཀྱི་སྡུག་བསྔལ་ཐམས་ཅད་ནི། རང་རྒྱུད་ཀྱི་བདག་འཛིན་མ་རིག་པ་ལས་བྱུང་བ་ཡིན་ཚུལ་དང་། ང་རང་གི་ནག་ཉེས་ཐམས་ཅད་རང་རྒྱུད་ཀྱི་བདག་གཅེས་པར་འཛིན་པའི་གཅེས་འཛིན་འདི་ལས་བྱུང་ཚུལ་སོགས་བརྗོད་དེ་བློ་སྦྱོང་སྐོར་གྱི་ཆོས་བཤད་ཁོ་ན་བྱས་པས།  ཀུན་གྱིས་བཞད་གད་ལྡི་རི་རི་བྱས་ཤིང་འགོ་ཁྲིད་རྣམས་ནས་ཀྱང་ཆབ་སྲིད་ཀྱི་སྐོར་ཅི་ཡང་མི་ཤེས་པའི་གྲལ་དུ་རྩིས་ཏེ་གུ་ཡངས་ལ་བཏང་། དེའི་དུས་སུ་བཞག་པའི་མི་དམངས་དང་མགོ་ཁྲིད་ཐམས་ཅད་བཞག་པ་རིན་པོ་ཆེ་ལ་དད་ཞེན་ཤིན་ཏུ་ཆེ་བས།  ཁོང་ནི་གྲལ་རིམ་དམའ་བའི་བུ་རྒྱུད་ཡིན་ཚུལ་དང་།  ཆོས་ལ་སློབ་སྦྱོང་མང་པོ་བྱས་པའི་སྤྲུལ་སྐུ་དབུལ་པོ་ཞིག་ཡིན་པ་ལས་མི་དམངས་ལ་བཤུ་གཞོག་བྱེད་མྱོང་མེད་རབས། དབུལ་པོ་རྣམས་ལ་བྱམས་སྐྱོང་ལྡན་པའི་བླ་མ་ཞིག་ཡིན་ལུགས་སོགས་བརྗོད་དེ་བཙོན་དུ་འཇུག་མི་དགོས་པར་རང་ཡུལ་བཞག་པའི་ཇོ་བོ་ཤང་དུ་བཞུགས་ནས་ལུག་རྫི་ཞིག་བྱ་ཆོག་པའི་སྙན་ཞུ་ཕུལ་བར་སྲིད་གཞུང་ནས་མོས་མཐུན་བྱས་ཀྱང་།  སྒེར་གྱི་ལག་ཏུ་ཁོང་གི་ཅ་དངོས་བདག་ཏུ་བཟུང་བ་འགའ་རེའི་སེམས་པ་གདོན་གྱིས་བརླམས་ཏེ། གལ་ཏེ་བཙོན་དུ་མ་ཕྱིན་ན་ཅ་དངོས་དེ་དག་ཕྱིར་སྤྲོད་དགོས་པར་དོགས་ནས་བཙོན་དུ་འཇུག་དགོས་པའི་རེ་འདུན་བཏོན་པས་ར་རྔ་ཁའི་བཙོན་དུ་ཕེབས་དགོས་པ་བྱུང་ཞིང་།  རྗེས་སུ་ར་རྔ་ཁའི་བཙོན་ཁང་དུ་ཕེབས་ལ་བཙོན་དུ་བཞུགས་པའི་དུས་སུའང་གསང་བའི་སྒོ་ནས་ཉམས་ལེན་རྒྱུན་ཆད་མེད་པར་མཛད་ཅིང་། ༡༩༦༡དང་༡༩༦༢་ལོ་ལ་རྒྱལ་ནང་དུ་མུ་གེ་ཆེན་པོ་བྱུང་ནས་ལྟོགས་ཤི་ཐེབས་པ་མང་པོ་བྱུང་བའི་ཚེ་ན། ཡུལ་ཕྱོགས་ཀྱི་མུ་གེ་བཟློག་པའི་སླད་དུ་ཁོང་ལ་བཞེས་རྒྱུའི་མར་རྩམ་ཅུང་ཡོད་པའང་ཟས་སྣོད་དུ་བླུགས་ནས་གཡོ་སྐོལ་བྱེད་ཁུལ་གྱིས་ཐབ་ཆེན་དུ་བཞག་སྟེ་འོག་གི་ཆུ་དྲག་ཏུ་འཁོལ་བས་མར་རྩམ་འཕྱུར་ནས་མེ་ནང་དུ་སྲེག་པ་ན།  ནང་དུ་ཕེབས་ནས་ཚ་གསུར་གྱི་ཆོ་ག་གསང་སྟབས་ཀྱིས་བཏོན་ཏེ་ཚ་གསུར་བསྔོ་ལ།ལས་ཀའི་སྐབས་སུའང་སྐུ་ངལ་ལ་མ་འཛེམས་པར་ངལ་རྩོལ་ལྷག་པར་བྱེད་ཅིང་།བཙོན་གྲོགས་རྣམས་ནས་ཁྱེད་ཀྱིས་འོ་བརྒྱལ་དེ་འདྲ་མ་གནང་ཞེས་བཤད་ཀྱང་། ང་ཚོ་བླ་དཔོན་རྣམས་ལ་མཚོན་ན་འདི་ནི་ལས་ངན་སྡིག་སྒྲིབ་སྦྱངས་པའི་གོ་སྐབས་ཤིན་ཏུ་བཟང་པོ་ཞིག་བྱུང་བ་ཡིན་པས་བརྩོན་པ་བྱེད་དགོས་གསུངས་བཞིན་ངལ་རྩོལ་བྱེད།  འདི་ལྟར་རྐྱེན་ངན་ལམ་དུ་འཁྱེར་བའི་རྒྱལ་སྲས་སེམས་དཔའི་མཛད་སྤྱོད་དང་མ་བྲལ་བར་རབ་བྱུང་བཅུ་དྲུག་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ་༡༩༦༢ལོའི་བོད་ཟླ་༤ཚེས་༡༥ཉིན་བཙོན་ཁང་དེར་འཇའ་ཚོན་སྣ་ལྔས་གུར་ཕུབས་པ་སོགས་ལྟས་སྣ་ཚོགས་ཤིག་བྱུང་ཞིང་། འཇིག་རྟེན་ཐ་མལ་བའི་སྐྱེ་བོ་དག་གི་རྟག་འཛིན་གྱི་འཆིང་བ་བསལ་ཕྱིར་རེ་ཞིག་དགོངས་པ་རྫོགས་པའི་ཚུལ་མཛད་དོ།

སྡེབ་སྦྱོར་མཁས་པའི་སྙན་ཆས་མ་བཟུང་ཡང་།།

སྒྲོ་འདོགས་འུད་རྗོད་གཏམ་གྱིས་གོས་པ་མེད།།

བདེན་དོན་ཚིག་གི་སྲད་བུར་ཅུང་བརྒྱུས་པ།།

ཕྱི་རབས་མི་བརྗེད་དད་པའི་གསོས་སུ་འཇོག།

 

མ་རྟོགས་འཁྲུལ་བའི་ཉེས་ཚོགས་ཅི་མཆིས་པ།།

གཟུར་གནས་ཤེས་ལྡན་དག་གིས་བཟོད་པར་འཚལ ། །

འདིས་མཚོན་དུས་གསུམ་དགེ་བ་ཅི་བགྱིས་པ།།                                        

འགྲོ་རྣམས་གཏན་བདེ་ཐོབ་པའི་རྒྱུ་རུ་བསྔོ།།

ཞེས་པ་འདི་ནི་ཕྱག་མཛོད་བློ་བཟང་ཆོས་འགྲུབ་སོགས་ཀྱིས་སྐུལ་མ་གནང་བའི་གྲོགས་དང་རང་ཉིད་ཀྱི་དད་པས་མཚམས་སྦྱར་ཏེ་སྙོམ་ལས་པ་སྐལ་བཟང་ནས་སྤྱི་ལོ༢༠༡༣ཟླ༨ཚེས་༡༠ཉིན་བཞག་མ་ཐང་དགོན་དུ་མཇུག་རྫོགས་པར་བྲིས་པའོ།།


དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།