སངས་རྒྱས་པའི་རྒྱལ་ཁབ་ཀྱི་ཟིན་བྲིས་ལས།

འབྱུང་གནས།: རྩོམ་པ་པོ།:བཙུན་པ་ཆོས་སྣང་། དུས་ཚོད།:2013-08-24 Tag: བཀོད་པ།:

རྒྱ་ནག་གི་བཙུན་པ་ཆོས་སྣང་གིས་བརྩམས་པའི་སངས་རྒྱས་པའི་རྒྱལ་ཁབ་ཀྱི་ཟིན་བྲིས་ལས། 

༼ན་ལ་ད་༽དེ་ནས་ནུབ་ཏུ་དཔག་ཚད་༼ཡོ་ཛ་ནཾ༽གཅིག་ཙམ་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གསར་པ་མཆིས་ཏེ།  གྲོང་ཁྱེར་གསར་པ་ནི་རྒྱལ་པོ་མ་སྐྱེས་དགྲ་བརྩེགས་པ་ཡིན་ནོ༎དེ་ན་དགེ་འདུན་གྱི་གཙུག་ལག་ཁང་གཉིས་ཡོད་ཅིང་།  གྲོང་དེའི་ནུབ་སྒོའི་ཕྱིར་གོམ་པ་སུམ་བརྒྱ་ཙམ་ཕྱིན་པ་ན།  རྒྱལ་པོ་མ་སྐྱེས་དགྲས་སངས་རྒྱས་ཀྱི་རིང་བསྲེལ་སྙིང་པོར་བཞུགས་པའི་མཆོད་རྟེན་མཐོ་ལ་བརྗིད་པ་ཞིག་བཞེངས་པ་དེ་ཡོད་དོ༎གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ལེ་དབར་བཞི་ཙམ་གྱི་ལྷོ་ཕྱོགས་སུ་ལུང་འགག་ཞིག་ནས་རི་བོ་ལྔའི་དབུས་སུ་ཕྱིན་པ་ན།  ཁོར་ཡུག་ཏུ་རི་བོ་ལྔས་བསྐོར་བ་ནི་གྲོང་ཁྱེར་དང་འདྲ་བ་ཞིག་ཡོད་དེ།  དེ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་རྙིང་པ་གང་དུ་ཡོད་པའི་གནས་སོ༎གྲོང་དེའི་ཤར་ནས་ནུབ་ཀྱི་བར་ཐག་ནི་ལེ་དབར་ལྔ་དྲུག་ཙམ་དང་།  ལྷོ་ནས་བྱང་གི་བར་ཐག་ནི་ལེ་དབར་བདུན་བརྒྱད་ཙམ་ཡོད་དོ༎ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱི་རྟ་ཐུལ་ཐོག་མར་གང་དུ་མཇལ་བའི་གྲོང་ནི་འདི་ཡིན་ནོ༎གཅེར་བུ་པ་གཉེན་གྱི་བུས་སངས་རྒྱས་ཕེབས་ལམ་དུ་མེ་དོང་བྲུས་ཏེ་དུག་ཅན་གྱི་ཞལ་ཟས་ཕུལ་བའི་གནས་ཀྱང་འདི་ཡིན་ནོ༎རྒྱལ་པོ་མ་སྐྱེས་དགྲས་གླང་ཆེན་ཆང་གིས་མྱོས་པ་རྦད་དེ་བཅོམ་ལྡན་འདས་ལ་འཚེ་བར་རྩོམ་པའི་གནས་ཀྱང་འདིའོ༎

གྲོང་ཁྱེར་གྱི་བྱང་ཤར་གྱི་ཟུར་ཁུག་ཅིག་ན་ཤིང་ཨམྲའི་ནགས་ཚལ་གྱི་ནང་དུ་ཀུན་དགའ་ར་བ་ཞིག་ཡོད་ཅིང་།  བཅོམ་ལྡན་འདས་འཁོར་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུར་གདུགས་ཚོད་དྲངས་པའི་གནས་ད་ལྟར་ཡང་ཡོད་དེ།   གྲོང་ཁྱེར་དེ་ནི་མི་མེད་ས་སྟོང་དུ་གྱུར་ཅིང་།  ལུང་འགག་ཅིག་རྒྱུད་ནས་རི་དེའི་ཤར་ལྷོའི་ངོས་སུ་འཛེགས་པ་ན།ལེ་དབར་བཅོ་ལྔ་ཙམ་ན་བྱ་རྒོད་ཕུང་པོའི་རི་མཆིས་ཤིང་།  རི་རྩེར་ལེ་དབར་གསུམ་གྱིས་མ་སླེབས་པ་ན་རྡོའི་ཕུག་པ་ཁ་ལྷོར་བསྟན་པ་ཞིག་མཆིས་ཏེ།དེ་ནི་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གང་དུ་བསྒོམས་པའི་གནས་ཡིན་ནོ༎  དེའི་ནུབ་བྱང་དུ་གོམ་པ་སུམ་ཅུ་ཙམ་ན་རྡོའི་ཕུག་པ་ཞིག་མཆིས་ཏེ།ཀུན་དགའ་བོས་གནས་འདིར་ཏིང་ངེ་འཛིན་སྒོམ་པ་ན།  བདུད་སྡིག་ཅན་གྱིས་བྱ་རྒོད་ཅིག་ཏུ་སྤྲུལ་ཏེ་ཕུག་པའི་མདུན་ནས་ཀུན་དགའ་བོ་ལ་མཐོ་འཚམ་སྟེ་འཇིགས་པར་བྱེད་པ་ན།  བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཀྱིས་ཕྱག་རྡོའི་ནང་ནས་ཐོགས་པ་མེད་པར་བརྐྱངས་ཏེ་ཀུན་དགའ་བོའི་ཕྲག་སྟེང་དུ་བཞག་པས།  དེ་ཉིད་དུ་འཇིགས་པ་ལས་གྲོལ་ཞིང་།  བྱའི་རྗེས་ཤུལ་དང་ཕྱག་བརྐྱངས་པའི་བུག་པ་ད་ལྟར་ཡང་མཇལ་དུ་ཡོད་པས།  དེའི་ཕྱིར་ན་བྱ་རྒོད་ཕུང་པོའི་རི་ཞེས་བྱ་སྟེ།  ཕུག་པའི་མདུན་ན་སངས་རྒྱས་བཞིའི་བཞུགས་ཁྲི་ཡོད་དོ༎

ཡང་དགྲ་བཅོམ་པ་སོ་སོའི་ཏིང་ངེ་འཛིན་སྒོམ་པའི་རྡོའི་ཕུག་པ་བརྒྱ་ལ་ཉེ་བ་དག་ཡོད་དེ།  བཅོམ་ལྡན་འདས་ཉིད་རྡོའི་ཁང་པའི་མདུན་གྱི་ཤར་ནུབ་དུ་འཆག་པའི་སྤྱོད་ལམ་མཛད་པ་ན།  རི་དེའི་བྱང་གི་གཡང་གཟར་གྱི་བར་ནི་ལྷས་བྱིན་གྱིས་སྒྱོགས་ཀྱི་རྡོ་འཕངས་ཏེ་སངས་རྒྱས་ཞབས་ཀྱི་མཐེ་བོང་ལ་རྨ་ཕྱུང་བའི་གནས་ཏེ།  སྒྱོགས་རྡོ་ད་ལྟའང་ཡོད་དོ༎བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་གཙུག་ལག་ཁང་ནི་འཇིག་ཟིན་ལ་རྗེས་ཤུལ་ན་སོ་ཕག་གི་རྨང་གཞི་ནི་མཆིས་སོ༎རི་དེ་ནི་རྣོ་ཞིང་མཛེས་ལ་ཡིད་དུ་འོང་བས།  རི་ལྔའི་ནང་ནས་མཐོ་ཤོས་དེ་ཡིན་ནོ༎ཆོས་སྣང་བདག་གིས་གྲོང་ཁྱེར་གསར་པའི་ནང་ནས་སྤོས་དང་མེ་ཏོག་དང་མར་མེ་ཉོས་ཏེ།  དགེ་སློང་རྙིང་པ་གཉིས་ཀྱིས་ཆོས་སྣང་བདག་བྱ་རྒོད་ཕུང་པོའི་རི་ལ་བསྐྱལ་བས།  དེ་ན་མེ་ཏོག་དང་བདུག་སྤོས་ཀྱི་མཆོད་པ་ཕུལ་ཞིང་སྒྲོན་མེའི་རྒྱུན་འབར་ཕུལ་བས།  སེམས་ལྷག་པར་སྐྱོ་ཞིང་མིག་མཆི་མས་བརླན་བཞིན་འདི་སྐད་ཅེས།  སྔོན་བཅོམ་ལྡན་འདས་ཀྱིས་གནས་འདིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་གསུངས་མོད།  ཆོས་སྣང་བདག་གིས་སངས་རྒྱས་བྱོན་པའི་རྗེས་མ་ཟིན་པས།  དེའི་རྗེས་ཤུལ་གང་དུ་བཞུགས་པའི་གནས་འདི་མཇལ་བ་ཙམ་མོ༎ ཞེས་སྨྲས་ཏེ། རྡོའི་ཕུག་པའི་མདུན་དུ་དཔའ་བ་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་བཀླགས་སོ༎འདིར་ཞག་གཅིག་བསྡད་དེ་སླར་གྲོང་ཁྱེར་གསར་པར་ཕྱིར་ལོག་པ་ན།  གྲོང་ཁྱེར་རྙིང་པའི་བྱང་ནས་ཐོན་ཏེ་གོམ་པ་སུམ་བརྒྱ་ཙམ་ཕྱིན་པ་ན།  ཀ་ལན་ད་ཀའི་གནས་འོད་མའི་ཚལ་གྱི་ཀུན་དགའ་ར་བ་ད་ལྟའང་བཞུགས་པ་དེར་དགེ་འདུན་པ་རྣམས་ནས་ཕྱག་བདར་བྱེད་བཞིན་ཡོད་པར་མཇལ་ལོ༎

 


དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།