འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཆེན་མོ།

འབྱུང་གནས།: རྩོམ་པ་པོ།:བཞག་པ་རིན་པོ་ཆེ། དུས་ཚོད།:2013-08-24 Tag: བཀོད་པ།:

༄༅། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཆེན་མོ་ལུང་རིགས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །

 

ལི་ཐང་བཞག་པ་སྐྱེ་མིང་འཇམ་དབྱངས་མཁས་གྲུབ་ཀྱིས་བརྩམས།

 

ཨོཾ་བདེ་ལེགས་སུ་གྱུར་ཅིག།

མཚན་དཔེའི་གཟི་འབར་ཉི་གཞོན་ལྷུན་པོ་ཉིད། །

མཁྱེན་བརྩེའི་དཀྱིལ་འཁོར་ཆ་ཤས་རབ་རྫོགས་ཤིང༌། །

ལེགས་གསུང་དྲུག་ཅུའི་ཚ་ཟེར་འབུམ་སྤྲོ་བའི། །

སྟོན་པ་འཇིག་རྟེན་མིག་དེར་གུས་ཕྱག་འཚལ། །

ཆོས་རྣམས་གནས་ལུགས་ངོ་བོས་སྟོང་པ་ལ། །

ཐ་སྙད་རྟེན་འབྲེལ་འགལ་མེད་ལེགས་བསྟན་ནས། །

རྟག་ཆད་སྨག་རུམ་འཐུག་པོ་གཞོམ་མཛད་པའི། །

ཀླུ་སྒྲུབ་སྨྲ་བའི་འོད་དཀར་གཙུག་གི་རྒྱན། །

གང་དེའི་མདོ་སྔགས་ལམ་བཟང་འཛད་མེད་གཏེར། །

མ་ནོར་རྫོགས་པར་འབྱེད་པའི་འཕྲིན་ལས་ཆར། །

འཛམ་གླིང་མཐའ་དབུས་ཀུན་ཏུ་སྙིལ་བ་ཡི། །

གདེངས་ཅན་དབང་པོ་བློ་བཟང་གྲགས་པ་རྒྱལ། །

ཐེག་མཆོག་ཟབ་མོའི་ལམ་བཟང་འབྱེད་པ་ལ། །

བདེ་བར་གཤེགས་དེས་དངོས་སུ་ལུང་བསྟན་པའི། །

འཕགས་མཆོག་ཀླུ་ཡི་མཛད་བཟང་ཆ་ཤས་ཙམ། །

བསྒྱུར་ཅིང་བསྡུས་ཏེ་རྩོམ་པ་ཁུར་དུ་བླངས། །

གངས་ལྗོངས་མཁས་པའི་སྤྱན་སྔར་མ་སོན་པའི། །

ཆེས་སྔའི་ལོ་པཎ་ཞལ་གསུངས་ཁུངས་བཙན་དང༌། །

སོན་ཀྱང་ངལ་བ་མང་བསྟེན་གཞུང་རྣམས་ལས། །

བཏུས་ཏེ་མཁས་རྣམས་དགྱེས་པའི་མཆོད་སྤྲིན་བསྟར། །

འདོད་ཁྱེར་གཡམ་རྒྱུག་རྙོག་མས་མ་གོས་ཤིང༌། །

འཕྲི་བསྣན་བཅོས་ལྷད་རང་བཟོས་མ་བསྒྲིབ་ལ། །

བསྐྱར་ཟློས་ཚིག་གི་ངལ་བར་མ་འཛེམ་པར། །

མཁས་མང་ཞལ་ཆབ་དྲོན་མོ་འདི་ན་བསྐྱིལ། །

གང་དག་གཞུང་ལུགས་རྒྱ་མཚོར་མ་ཞུགས་ཤིང༌། །

ངལ་བརྒྱས་དཔེ་ཀློག་དར་ཆེན་མ་འཕྱར་བར། །

དམ་པའི་མཛད་རྣམ་ནོར་མཆོག་རྙེད་འདོད་ན། །

སྔོན་བྱོན་ལེགས་བཤད་བགོ་སྐལ་འདི་ལོངས་ཤིག །

དེ་ལ་འདིར་སློབ་དཔོན་བདག་ཉིད་ཆེན་པོ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བར་རྒྱལ་བས་མདོ་རྒྱུད་དུ་མ་ནས་དངོས་སུ་ལུང་བསྟན་པའི་ཟབ་མོ་དབུ་མའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་འདི་ཉིད་ནི། ཇི་སྐད་དུ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་ཆེན་པོས།

དུས་གསུམ་བདེ་བར་གཤེགས་པའི་ཐུགས་ཀྱི་བཅུད། །

མཐའ་བྲལ་དབུ་མ་རྟེན་ཅིངའབྲེལ་འབྱུང་ལམ། །

ཇི་བཞིན་འགྲེལ་པར་ལུང་བསྟན་ཀླུ་སྒྲུབ་ལ། །

སྙིང་ནས་འདུད་དོ་བརྩེ་བའི་ལྕགས་ཀྱུས་ཟུངས། །

ཞེས་གསུངས་པ་ལྟར། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་གང་ནས་གཤེགས་ཤིང་གཤེགས་བཞིན་པ་དང༌། གཤེགས་པར་འགྱུར་བའི་བགྲོད་པ་གཅིག་པའི་ལམ་གྱི་མན་ངག་ཡོངས་སུ་རྫོགས་པའི་བཅུད་ཕྱུང་བ། དབང་པོ་ཡང་རབ་ཀྱི་སྤྱོད་ཡུལ་ཁོ་ནར་གྱུར་པའི་རྒྱལ་བའི་ཡུམ་མཆོག་ཤེར་ཕྱིན་གྱིས་དངོས་སུ་བསྟན་པའི་ཟབ་དོན། ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་མིན་གྱི་མཐའ་བཞི་དང་བྲལ་བའི་ཟབ་མོ་དབུ་མའི་ལམ་མཆོགཐ་སྙད་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ངོ་བོའམ་རང་བཞིན་གྱིས་གདོད་ནས་སྟོང་པ་གཉིས་པོ་གཅིག་གྲོགས་གཅིག་ཏུ་འཆར་བའི་ཚུལ་ལུགས་ཟབ་མོ་འདི་བསྟན་པས། སྲིད་པའི་འབྲོག་དགོན་པར་དབང་མེད་དུ་འཁྱམས་ཀྱང༌། ལེགས་ཉེས་འབྱེད་པའི་བློ་གྲོས་ཀྱི་མིག་དང་ལྡན་ཞིང༌། སྔོན་བསགས་བསོད་ནམས་བཟང་པོའི་སྟོབས་ཀྱིས་ཕྱི་ནང་གི་འགལ་རྐྱེན་ནི་སྒོ་ཐམས་ཅད་ནས་བྲལ། མཐུན་རྐྱེན་ནི་སྒོ་ཐམས་ཅད་ནས་ཚང་བའི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་ནི། མཐོ་ལ་བརླིང་བའི་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་རྨང་ནས་གཞིག་ཅིང་།   མ་རིག་པའི་སྨག་རུམ་འཐུག་པོ་དེ་ཉིད་དྲུང་ནས་ཕྱུང་སྟེ། ལྟ་བ་ངན་པའི་འཁྲི་ཤིང་ཐམས་ཅད་མེ་ལྷའི་ཞལ་དུ་བཏབ་ནས། ཕྲ་རྒྱས་ཀྱི་དུག་གི་ལྗོན་ཤིང་ལྷག་མེད་དུ་བཅད་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་བདེ་བླག་ཏུ་བགྲོད་པར་བྱེད་པའི་ཤིང་རྟའི་ལམ་སྲོལ་སྔ་ན་མེད་པ་ཞིག་ཕྱེ་བར་མཛད་པ་ཡིན་སྟེ། དེ་ནི་ཀླུ་སྒྲུབ་ཀྱི་རྣམ་ཐར་གཞན་ལ་གཟིགས་མ་དགོས་པར། ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་གཞུང་རྣམས་ལས་རྟོགས་པར་བྱ་བ་ཁོ་ན་ཡིན་པས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་པའི་ཚོགས་ལ་སོགས་པ་དང༌། དེའི་འགྲེལ་བ་ལའང་སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཊཱིཀྐ་རྣམས་ལ་གསན་བསམ་མཛད་པ་ནི་ཐར་འདོད་དཔའ་བོའི་སྙིང་གི་ནོར་བུ་ཁོ་ནའོ། །

ཁྱད་པར་དུ་སློབ་དཔོན་འདི་ཉིད་ཀྱིས་མཛད་པའི་ཡུམ་བར་མའི་འགྲེལ་བ་ཤིན་ཏུ་རྒྱས་པ། བམ་པོ་བརྒྱ་ཐམ་པ་ཡོད་པ། རྒྱ་གར་སྐད་དུ། མ་ཧཱ་པྲཛྙཱ་པཱ་ར་མི་ཏཱ་ཤཱསྟྲ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཆེན་མོའི་བསྟན་བཅོས་ཞེས་བྱ་བ། རྒྱ་ནག་སྐད་དུ། 摩诃般若波罗蜜经释论ཞེས་སམ་ཡང་ན་དེང་སང་ཡོངས་གྲགས་ལ་大智度论ཏཱ་ཏྲི་ཏུའུ་ལུན་ཏེ་ཤེར་ཕྱིན་མན་ངག་ཏུ་གྲགས་པ།སྤྱི་ལོ་༤༠༥ལ་རྒྱ་གར་གྱི་པཎྜི་ཏ་གཞོན་ནུ་སྲོག་གིས་རྒྱ་ཡིག་ཏུ་བསྒྱུར་བ། ཚིག་དོན་གཉིས་ཀ་ཤིན་ཏུ་གསལ་ཞིང་རྒྱས་པ་ཞིག་ཡོད་ཅིང་། གཞུང་ཆེན་དེ་ནི་དུས་རབས་བདུན་པའི་ནང་དུ་བྱོན་པའི་དཔལ་ལྡན་ཟླ་བའི་དུས་སུ་རྒྱ་གར་དུ་མ་བཞུགས་པར་མངོན་སྟེ། དཔལ་ལྡན་ཟླ་བས་ཚིག་གསལ་ལས། ཁོང་གིས་གཟིགས་པའི་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་བརྒྱད་ཀྱི་མཚན་རེ་རེ་ནས་བཀོད་དེ། དེའི་རྗེས་སུ། དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །ཅེས་གསུངས་པས་སོ། །

འདིར་འཁོད་པའི་རྣམ་ཐར་ནི་གཙོ་བོར་རང་ཅག་ཐ་མལ་པའི་སྣང་ངོར་སྐུའི་མཛད་པ་ཇི་ལྟར་བསྟན་པ་རྣམས་རྒྱ་གར་ནག་བོད་གསུམ་གྱི་གཞུང་ཆེན་རྙིང་པ་རྣམས་ལས་རང་ཉིད་ཀྱིས་གང་ཞིག་ཐོས་ཤིང་མཐོང་བ་རྣམས། འདོད་ཁྱེར་དང་གཡམ་རྒྱུག་གི་དྲི་མས་མ་གོས་ཤིང༌། འཕྲི་བསྣན་དང་བཅོས་ལྷད་རང་བཟོའི་དབང་དུ་ཡང་མ་ཤོར་ལ། ལུང་ཁུངས་རྣམས་ཀྱི་ཚིག་དོན་བསྐྱར་ཟློས་སུ་གྱུར་པ་མང་དུ་ཡོད་ཀྱང་ཚིག་གི་ངལ་བ་ལ་མ་འཛེམ་པར་རང་སོར་བཞག་ནས་བསྒྱུར་ཅིང་བསྡུས་ཏེ་རྩོམ་པ་ཡིན་ལ། དེ་ཡང་བློ་ཁ་ཅུང་ཟད་མཐོ་བ་རྣམས་ལ་ཕན་པར་བསམས་ནས༌། ལུང་དེ་དག་གི་གསུང་བ་པོ་མཁས་པ་སོ་སོའི་ལོ་རབས་སྔ་ཕྱིའི་གོ་རིམ་ལྟར་དགག་སྒྲུབ་ཀྱི་རྣམ་བཞག་ཅུང་ཟད་དང་བཅས་ཏེ་བརྗོད་པར་བྱའོ། །

དེས་ན་འདི་ལ་བདུན༌། དང་པོ། འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་བརྒྱ་ཙམ་ལ་ཕེབས་པ་སྟེ་སྤྱི་ལོ་༣༤༤ནས་༤༡༣བར་དུ་ཕེབས་པའི་པཎྜི་ཏ་གཞོན་ནུ་སྲོག་གི་དུས་སུ་ཇི་ལྟར་གྲགས་པ་དང༌།

གཉིས་པ། འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་ཉིས་བརྒྱ་བཞི་བཅུ་ཙམ་ལ་ཕེབས་པ་སྟེ་སྤྱི་ལོ་༤༩༠ནས་༥༧༠བར་དུ་ཕེབས་པའི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དུས་སུ་ཇི་ལྟར་གྲགས་པ་དང༌།

གསུམ་པ། འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་སུམ་བརྒྱ་ལྔ་བཅུ་ཙམ་ལ་ཕེབས་པ་སྟེ། སྤྱི་ལོ་༦༠༠ནས་༦༥༠བར་དུ་ཕེབས་པའི་དཔལ་ལྡན་ཟླ་བ་གྲགས་པ་དང༌།

བཞི་པ།       སྤྱི་ལོ་༦༠༢ནས་༦༦༤བར་དུ་ཕེབས་པའི་ལོ་ཆེན་ཞོན་ཙང་འཕགས་ཡུལ་དུ་ཕེབས་པའི་དུས་སུ་ཇི་ལྟར་གྲགས་པ།

ལྔ་པ། དུས་རབས་བདུན་པ་སྤྱི་ལོ་༦༨༠ཡས་མས་ཙམ་ལ་ཕེབས་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཇི་ལྟར་གསུངས་པ།

དྲུག་པ། དུས་ཕྱིས་སུ་རྒྱ་གར་དུ་གྲགས་པའི་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་གཏམ་རྒྱུད་སོགས་སྤྱི་ལོ་༡༢༩༠ནས་༡༣༦༤བར་དུ་ཕེབས་པའི་ལོ་ཙཱ་བ་བུ་སྟོན་ཐམས་ཅད་མཁྱེན་པས་ཇི་ལྟར་གསུངས་པ།

བདུན་པ། སྤྱི་ལོ་༡༥༧༥ནས་༡༦༣༤བར་དུ་ཕེབས་པའི་ལོ་ཙཱ་བ་ཇོ་ནང་ཏཱ་ར་ནཱ་ཐས་བོད་ཡིག་ཏུ་བསྒྱུར་ནས་རང་ཉིད་ཀྱི་གཞུང་རྣམས་སུ་ཕྱོགས་གཅིག་ཏུ་བསྡུས་ཏེ་ཇི་ལྟར་བཀོད་པ་དང་བཅས་པའོ། །

དང་པོ་ནི།    འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་བརྒྱ་ཙམ་སྟེ། སྤྱི་ལོ་༣༤༤ནས༤༡༣བར་དུ་ཕེབས་པའི་པཎྜི་ཏ་གཞོན་ནུ་སྲོག་གི་དུས་སུ་ཇི་ལྟར་གྲགས་པ་ནི། དེ་ཡང་པཎྜི་ཏ་གཞོན་ནུ་སྲོག་ནི་སྤྱི་ལོ་༤༠༡ཙམ་ལ་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ཡིག་ཏུ་བསྒྱུར་བའི་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཞེས་པ་འདི། ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་རྣམས་ཀྱི་ནང་ནས་ཆེས་སྔ་ཤོས་དང་ཁུངས་བཙན་ཤོས་ཤིག་ཡིན་ཡང༌། སྔར་བོད་ཡིག་ཏུ་མ་བསྒྱུར་བས་རང་རེ་བོད་ཀྱི་ཡུལ་དུ་མཇལ་བའི་སྐལ་བར་མ་གྱུར་ཅིང༌། ད་རེས་བདག་ལ་རྣམ་ཐར་འདི་བོད་ཡིག་ཏུ་བསྒྱུར་བའི་སྐལ་བཟང་ཐོབ་པས་དད་སྤྲོ་ལྷག་པར་འཕེལ་ཞིང༌། འདིར་གངས་ཅན་མཁས་དབང་དགྱེས་པའི་མཆོད་སྤྲིན་དུ་འབུལ་ན་འདི་ལྟར།

བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ནི། འཕགས་ཡུལ་ལྷོ་ཕྱོགས་ཀྱི་བྲམ་ཟེའི་རིགས་སུ་༼སྤྱི་ལོ་༡༥༠ནས་༢༥༠༽འཁྲུངས་ཤིང༌། མཐོང་ཚད་མི་བརྗེད་པར་འཛིན་པའི་སྐྱེས་སྟོབས་ཀྱི་ཤེས་རབ་ཤིན་ཏུ་གསལ་བ་ཞིག་སྟེ། མའི་ནུ་ཞོར་སྤྱོད་པའི་དུས་ནས་ཡི་གེ་སུམ་ཅུ་རྩ་གཉིས་རེར་ཤླཽཀ་རེ་བྱེད་པའི་རིག་བྱེད་གཞུང་ཤླཽཀ་བཞི་ཁྲི་ཙམ་ཐོས་ཤིང་དེ་དག་ཀྱང་ཚིག་དོན་གཉིས་ཀར་བྱང་ཆུབ་པར་གྱུར་ལ། །གཞོན་ནུའི་དུས་ནས་སྙན་པའི་གྲགས་པས་རྒྱལ་ཁམས་ཀུན་ཏུ་ཁྱབ་པར་གྱུར་ཅིང༌། གནམ་སའི་བརྟག་ཐབས་སྣ་ཚོགས་དང༌། དེ་བཞིན་རྩིས་དང་གསང་ཚིག་དང་རིག་སྔགས་སོགས་ལ་མངའ་བརྙེས་པར་གྱུར་ཏོ། །

ཁོང་ལ་གྲོགས་པོ་གསུམ་ཡོད་ཅིང་འདི་རྣམས་དུས་དེར་ཤེས་རབ་ཕུལ་དུ་བྱུང་བར་གྲགས་སོ། །དེ་ནས་དུས་རེ་ཞིག་གི་ཚེ་འདི་དག་ཕན་ཚུན་བགྲོས་ཏེ་སྨྲས་པ། འཇིག་རྟེན་འདིའི་རིག་པའི་གནས་ལ་བློ་གྲོས་རྒྱས་ཤིང༌། གང་ལའང་ལྐོག་ཏུ་མ་གྱུར་པར་རྟོགས་པ་ནི་རང་རེ་ཙམ་ལགས་ན། ཅི་ཞིག་ལ་རྩེད་ཅིང་རོལ་པར་འདོད་དམ་ཞེས་དྲིས་པར། ལན་སྨྲས་པ། འདོད་པའི་ཡུལ་ལ་ཅི་དགར་སྤྱོད་པ་ནི་ཚེ་འདིའི་བདེ་བའི་མཆོག་ཡིན་ནའང༌། བདག་ཅག་བྲམ་ཟེ་རྣམས་ཀྱིས་རྒྱལ་པོ་དང་འདྲ་བའི་འདོད་པའི་ལོངས་སྤྱོད་ནི་གང་ལས་ཀྱང་མི་རྙེད་པས། བདེ་བ་དེ་ནི་ལུས་མི་སྣང་བའི་རིག་སྔགས་ཁོ་ནས་བསྒྲུབ་ནུས་སོ་ཞེའོ། །

དེ་ནས་མི་བཞི་པོ་རྣམས་ཕན་ཚུན་བལྟས་པས་ཚུལ་མིན་གྱི་བྱ་བ་དེར་ཡིད་མཐུན་པར་གྱུར་ནས་མཉམ་དུ་རིག་སྔགས་ཀྱི་སློབ་དཔོན་ཞིག་གི་དྲུང་དུ་སོང་ནས་ལུས་མི་སྣང་བའི་གདམས་པ་ཞུས་སོ། །

དེ་ལ་རིག་སྔགས་སློབ་དཔོན་གྱིས་བསམ་པ། བྲམ་ཟེ་བཞི་པོ་འདི་དག་ནི་སྐྱེ་རྒུའི་དབུས་ན་མཚན་སྙན་བླ་ན་འཕགས་ཤིང༌། ངེད་ཅག་རྣམས་ནི་རྩྭ་ལས་ལོད་པ་ཡིན་མོད། དེང་རིག་སྔགས་ཀྱི་ཆེད་དུ་ཁོ་བོའི་དྲུང་དུ་རེ་ཞིག་འདུད་ཀྱང༌། བྲམ་ཟེ་འདི་དག་ནི་འཇིག་རྟེན་གྱི་ཁམས་འདིར་ཤེས་རབ་ལ་འགྲན་ཟླ་མེད་པ་ཤ་སྟག་ཡིན་ཅིང༌། མི་ཤེས་པ་ནི་དམན་པའི་ཆོས་འདི་ཁོ་ན་ཙམ་དུ་ཟད་ན། གལ་ཏེ་བདག་གིས་གདམས་ངག་རྫོགས་པར་སྦྱིན་ན་ནི་ནམ་ཞིག་ལེགས་པར་བྱང་བ་ན་ཁོ་བོ་འདོར་ནས་འགྲོ་བར་གདོན་མི་ཟ་བས། དེས་ན་རྫས་ཀྱི་སྦྱོར་བ་ཙམ་སློབ་པར་བྱ་སྟེ། འདི་དག་གིས་རྫས་སྨན་སྦྱོར་མི་ཤེས་པས་ནམ་ཞིག་ཟད་པ་ན་སླར་འོང་བར་འགྱུར་བས་རྟག་ཏུ་ཁོ་བོར་འདུད་པར་འགྱུར་རོ་སྙམ་མོ། །

དེ་ནས་དེ་དག་ལ་སྨན་རྫས་རིལ་བུ་སྔོན་པོ་རེ་སྦྱིན་ནས་སྨྲས་པ། ཁྱེད་རྣམས་ཀྱིས་དབེན་པའི་གནས་སུ་རྫས་སྨན་འདི་ཆུའི་ནང་དུ་ཐོབས་ལ་ཆུ་དེས་གདོང་ལ་བྱུག་ན་གཟུགས་མི་སྣང་བར་འགྲུབ་ཏེ་གཞན་གྱིས་མཐོང་བར་མི་འགྱུར་རོ་ཞེའོ། །

ཀླུ་སྒྲུབ་ཀྱིས་རྫས་དེ་ལུས་ལ་བྱུག་པ་ན་དེའི་དྲིའི་ཁྱད་པར་ལས་སྨན་གྱི་དངོས་པོའི་ཆ་ཤས་རྣམས་ཞོ་སྲང་དང་བཅས་པ་མ་ནོར་བར་མཁྱེན་ནས་འདི་སྐད་ཅེས། ཁྱེད་ཀྱི་རྫས་འདི་ལ་སྨན་སྣ་བདུན་ཅུ་ཡོད་པ་འདི་དང་འདི་དག་གོ་ཞེས་མང་ཉུང་དང་བཅས་པ་མ་ནོར་བར་སྨྲས་པས། རིགས་སྔགས་སློབ་དཔོན་དེས་ཁྱེད་ཀྱིས་ཅི་ལས་རྟོགས་ཟེར་བར་ལན་སྨྲས་པ། སྨན་རྣམས་ནི་རང་རང་གི་དྲིའི་ཁྱད་པར་དང་བཅས་ན་ཅིའི་ཕྱིར་མི་རྟོགས་ཤེའོ།

དེ་ནས་སློབ་དཔོན་དེ་ངོ་མཚར་ཞིང་དུད་པར་གྱུར་ཏེ་བསམ་པ། སྐྱེས་བུ་འདི་འདྲ་ཐོས་པའང་དཀའ་ན་དངོས་སུ་མཇལ་བ་ལྟ་ཅི་སྨྲོས། ཁོ་བོའི་རིག་སྔགས་དམན་པ་འདི་ལྟ་བུར་སེར་སྣ་བྱེད་པ་ནི་འོས་མ་ཡིན་ནོ་སྙམ་ནས་གདམས་ངག་རྫོགས་པར་སྦྱིན་ནོ། །

དེ་ནས་བཞི་པོ་དེ་དག་རིག་སྔགས་ལ་དབང་ཐོབ་པར་གྱུར་ནས་རྟག་ཏུ་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ་བཙུན་མོ་མཛེས་མ་རྣམས་ལ་དགའ་མགུར་སྤྱད་དེ། ཉིན་བརྒྱ་ཙམ་ལས་མ་ལོན་པར་ཕོ་བྲང་དུ་བཙུན་མོ་མངལ་ཆགས་པ་དག་བྱུང་སྟེ་ཉེས་པས་འཇིགས་ནས་རྒྱལ་པོར་གསོལ་ཏོ། །

རྒྱལ་པོ་ཤིན་ཏུ་ཡིད་མི་དགའ་བར་གྱུར་ནས་བློན་པོ་ཤེས་རབ་ཅན་དག་བསྡུས་ཏེ་བཀྲ་མི་ཤིས་པ་འདི་ཅི་ཞིག་ཡིན་ནམ་ཞེས་དྲིས་པར། བློན་པོ་རྒན་པ་ཞིག་ན་རེ། འདི་ལ་རྒྱུ་གཉིས་ལས་མ་འདས་ཏེ་གདོན་གྱིས་བསླུས་པའམ་ཡང་ན་རིག་སྔགས་མཁན་གྱིས་བསླུས་པ་གང་རུང་ཞིག་གོ།

དེ་ལ་ཐབས་ཡོད་དེ་ཕོ་བྲང་གི་སྒོ་རྣམས་སུ་ཐལ་རྡུལ་ཞིབ་མོ་ལེགས་པར་ཁྲོམས་ལ་དཔུང་གི་ཚོགས་ཀྱིས་དམ་པོར་སྲུང་དུ་ཆུག་ཅིག      གལ་ཏེ་རིག་སྔགས་མཁན་གྱིས་བསླུས་པ་ཡིན་ན་ནི་དེར་རྐང་པའི་རྗེས་མངོན་པར་འགྱུར་བས་དཔུང་ཚོགས་ཀྱིས་བཅོམ་པར་བྱ། གདོན་གྱིས་བསླུས་པ་ཡིན་ན་ནི་རྐང་པའི་རྗེས་མངོན་པར་མི་འགྱུར་བས་དེ་ལ་རིག་སྔགས་ཀྱིས་བཟློག་གོ་ཞེའོ། །

དེ་ནས་དེ་མ་ཐག་ཏུ་བཀའ་ཡིས་བསྐོས་པའི་སྒོ་བས་ཐབས་དེས་བརྩམས་པ་ན། མི་བཞིའི་རྐང་པའི་རྗེས་བྱུང་བ་རྒྱལ་པོར་ཞུས་སོ། །རྒྱལ་པོས་གྱད་མི་བརྒྱ་ཕྲག་མང་པོ་ཕོ་བྲང་དུ་བཀུག་ནས་སྒོ་རྣམས་བཙན་པོར་བསྡམས། གྱད་མིའི་དཔུང་གིས་རལ་གྲིས་བར་སྟོང་ཀུན་ཏུ་བཏབ་པས་མི་གཞན་གསུམ་པོ་དེ་ཉིད་དུ་བསད་དོ། །ཀླུ་སྒྲུབ་ཉིད་ལུས་ཀྱི་འགུལ་སྐྱོད་དང་དབུགས་འབྱིན་རྔུབ་ཙམ་ཡང་བྱེད་མ་ཕོད་པར་རྒྱལ་པོའི་དབུའི་ཐད་དུ་གབ་པས། རྒྱལ་པོའི་དབུའི་ཐད་ཀྱི་ཁྲུ་བདུན་ཙམ་གྱི་ས་ལ་རལ་གྲིས་མི་སླེབས་པས་སྲོག་ཉེན་ལས་ཐར་རོ། །

དེའི་ཚེ་ཀླུ་སྒྲུབ་ཀྱི་ཐུགས་ལ་འདོད་པ་རྣམས་ནི་སྡུག་བསྔལ་ཀུན་གྱི་རྩ་བ་སྟེ། ཡོན་ཏན་ཉམས་ཤིང་ལུས་སྲོག་ལ་འཚེ་བའང་འདི་ལས་འབྱུང་ངོ་ཞེས་ཐོག་མར་གོ་ནས། གལ་ཏེ་བདག་སྲོག་ཉེན་འདི་ལས་ཐར་ན། དགེ་སྦྱོང་གི་ལམ་ལ་ཞུགས་ནས་རབ་ཏུ་བྱུང་བའི་སྡོམ་པ་བླང་བར་བྱའོ་ཞེས་རང་གིས་རང་ལ་དམ་བཅས་སོ། །

གནས་དེ་ལས་ཐོན་མ་ཐག་ཏུ་རི་ལ་སོང་ནས་སངས་རྒྱས་ཀྱི་མཆོད་རྟེན་ཞིག་གི་དྲུང་དུ་ཞུགས་ནས་རབ་ཏུ་བྱུང་སྟེ་སྡོམ་པ་ཡང་དག་པར་བླངས་སོ། །དེ་ནས་ཞག་དགུ་བཅུ་ཙམ་ལ་དེ་ན་བཞུགས་པའི་སྡེ་སྣོད་གསུམ་གྱི་གཞུང་རྫོགས་པར་བཀླགས་ཟིན་ཅིང༌། དེ་ལས་གཞན་པའི་མདོ་སྡེ་དག་དོན་དུ་གཉེར་ནས་ཇི་ལྟར་བཙལ་ཀྱང་གང་དུའང་མ་རྙེད་དེ། རིམ་གྱིས་ཁ་བ་ཅན་གྱི་རིར་ཕྱིན་ཏོ། །

རི་དེར་མཆོད་རྟེན་ཞིག་གི་ནང་དུ་དགེ་སློང་རྒན་པོ་ཞིག་བཞུགས་པ་དེས་ཐེག་པ་ཆེན་པོའི་མདོ་སྡེ་དག་གནང་ངོ༌། །དེ་དག་འབད་དེ་ཉན་ཅིང་ཀློག་པས་དགའ་ཞིང་མགུ་ལ་དེའི་དོན་ཡང་རྟོགས་མོད་ཀྱང་ཡོངས་སུ་རྫོགས་པར་ནི་རྟོགས་པར་མ་གྱུར་ཏོ། །

དེ་ནས་རྒྱལ་ཁམས་ཀུན་ཏུ་ཉུལ་ནས་དེར་མ་ཚང་བ་རྣམས་བཙལ་བ་ལས་འཛམ་བུའི་གླིང་གི་ཡུལ་གང་དུའང་མ་རྙེད་ཅིང༌། དེ་དག་ཏུ་ཕྱི་རོལ་མུ་སྟེགས་ཀྱི་གྲུབ་མཐའ་སྨྲ་བ་དང་དེའི་ལུགས་འཛིན་གྱི་དགེ་སྦྱོང་རྣམས་རིགས་པས་ཚར་བཅད་པས། ཕྱི་རོལ་པའི་སློབ་མ་ཞིག་ན་རེ། སློབ་དཔོན་ཉིད་

ནི་ཐམས་ཅད་མཁྱེན་པ་ལགས་མོད། དེང་སངས་རྒྱས་ཀྱི་སློབ་མར་གྱུར་པས། སློབ་མའི་བྱ་བ་

ནི་གསུང་རབ་མ་ཚང་བ་རྣམས་འཚོལ་ཞིང་རྒྱུན་འཛིན་པ་ཉིད་ལགས་ན། གསུང་རབ་དེ་དག་ནི་

ཚང་བར་མ་རྙེད་དེ། གལ་ཏེ་དེ་ལས་དོན་གཅིག་མ་ཚང་ནའང་ཐམས་ཅད་མཁྱེན་པར་མི་འགྱུར་རོ་ཟེར་བར། སློབ་དཔོན་གྱིས་དེའི་ལན་མ་རྙེད་ཅིང་ཡི་མུག་སྟེ་དེ་ཉིད་དུ་ཕྱིན་ཅི་ལོག་པའི་མངོན་པའི་ང་རྒྱལ་དག་སྐྱེས་ཏེ་སྙམ་པ། འཇིག་རྟེན་གྱི་ཁམས་འདིའི་ཆོས་ལ་ཐབས་ལམ་ནི་ཤིན་ཏུ་མང་ཞིང༌། སངས་རྒྱས་ཀྱི་ཆོས་འདི་ཡང་ལེགས་པ་དང་ལྡན་པ་ཡིན་མོད་ཀྱང་རིགས་པས་དཔྱད་ན་ད་དུང་ཡོངས་སུ་མ་ཚང་བས། གང་དག་ཡོངས་སུ་མ་ཚང་བའི་དོན་རྣམས་ཁོ་བོས་རིགས་པས་གཏན་ལ་ཕབས་ནས། ཕྱིས་ཀྱི་དོན་གཉེར་ཅན་རྣམས་ལ་གོ་བར་བྱེད་པ་ནི་རིགས་པ་དང་ཡང་མི་འགལ་ཞིང་དོན་ལ་ནོར་བ་ཡང་མེད་པས་སྐྱོན་ཅི་ཞིག་ཡོད་སྙམ་མོ། །

གང་ཞིག་བསམ་པའི་དོན་དེ་མྱུར་བར་བྱེད་པར་འདོད་ནས། སྟོན་པ་དང་བསྟན་པ་དང་སྡོམ་པ་དང་ཆས་གོས་སོགས་གསར་དུ་བཅོས་ཏེ། གཙོ་བོ་སངས་རྒྱས་ཀྱི་ཆོས་དང་མཐུན་པ་ལ་དེ་དང་ཅུང་ཟད་མི་འདྲ་བའི་ཁྱད་པར་དང་ལྡན་པར་བྱེད་ཅིང༌། གལ་ཏེ་སྐྱེ་བོའི་ཚོགས་ཀྱིས་གསོལ་བ་མ་བཏབས་ན་གདམས་པ་སྦྱིན་པར་མི་བྱ་ལ། ནམ་ཞིག་དུས་ལ་བབས་པ་ན་སློབ་མ་རྣམས་ལ་སྡོམ་པ་དང་ཆས་གོས་གསར་པ་དག་སྦྱིན་པར་བྱའོ་དགོངས་ནས་གཅིག་པུར་ཆུ་ཤེལ་གྱི་ཁང་པར་བཞུགས་སོ། །

དེ་ལྟར་གྱུར་པར་ཀླུ་ཆེན་བྱང་ཆུབ་སེམས་དཔས་གཟིགས་ཏེ་ཐུགས་བརྩེ་བ་ཆེན་པོས་དེ་ལས་སྐྱོབ་པའི་སླད་དུ་རྒྱ་མཚོར་གདན་དྲངས་ནས་ཕོ་བྲང་ནང་གི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་མཛོད་ཀྱི་སྒོ་ཕྱེ་ནས། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་གསུང་རབ་གླེགས་བམ་དག་གཟིགས་སུ་ཕུལ་བས། ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་གསུང་རབ་དཔག་ཏུ་མེད་པ་དག་མཇལ་ལོ། །དེ་ནས་ཀླུ་སྒྲུབ་ཀྱིས་དེར་ཉིན་ཞག་དགུ་བཅུ་ཐམ་པ་ཙམ་ལ་བཀླགས་པས་གོ་བ་ལྷག་པར་རྙེད་ཅིང༌། ཐུགས་དགོངས་ཟབ་མོའི་དོན་ལ་གཞོལ་བས་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དོན་རྙེད་པར་གྱུར་ཏོ། །

དེ་ལ་ཀླུས་དེའི་སེམས་ཤེས་ནས་འདི་སྐད་ཅེས། མདོ་སྡེ་ཀུན་ལ་རྫོགས་པར་བལྟས་སམ་དྲིས་པས། ལན་དུ་སྨྲས་པ། ཁྱེད་ཀྱི་གླེགས་བམ་དག་ཏུ་གསུང་རབ་གྲངས་ལས་འདས་པ་མཆིས་ན་བདག་གིས་རྫོགས་པར་བལྟ་བ་ནི་མི་ནུས་མོད། །འོན་ཏེ་བདག་གིས་བལྟས་ཟིན་པ་ནི་འཛམ་བུ་གླིང་དུ་བཞུགས་པའི་གསུང་རབ་ཐམས་ཅད་བསྡོམས་པའི་ལྡབ་བཅུ་ཙམ་མོ། །

ཀླུས་སྨྲས་པ། བདག་གི་ཕོ་བྲང་དུ་གང་བཞུགས་པའི་གསུང་རབ་ཐམས་ཅད་སྡོམ་ན་ནི། མཛོད་འདིར་བཞུགས་པའི་གསུང་རབ་ལས་ཆེས་མང་བས་ཚད་དང་གྲངས་དང་དཔེར་འཇོག་ཏུ་མ་མཆིས་སོ་ཞེའོ། །དེ་ནས་ཀླུ་སྒྲུབ་ཀྱིས་གསུང་རབ་དེ་དག་རྙེད་ནས་ཟབ་མོའི་དོན་ལ་རྩེ་གཅིག་ཏུ་སྙོམས་པར་ཞུགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་གཉིས་པ་དང་ལྡན་པར་གྱུར་ཏོ། །

དེའི་འོག་ཏུ་ཀླུས་སླར་ཡང་ཀླུ་སྒྲུབ་འཕགས་ཡུལ་གྱི་ལྷོ་ཕྱོགས་སུ་བསྐྱལ་ཏེ། སློབ་དཔོན་འདིས་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་དར་བར་བྱས་ཤིང༌། ཁྱད་པར་དུ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་བརྩམས་པའི་གཏན་ལ་ཕབས་པ། འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མན་ངག་ཅེས་པའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཆེན་མོའི་བསྟན་བཅོས་ཞེས་པ། ད་ལྟ་རྒྱ་ཡིག་གཅིག་པུའི་ཐོག་ཏུ་བཞུགས་པ་པཎྜིཏ་གཞོན་ནུ་སྲོག་རང་གིས་སྤྱི་ལོ་༤༠༤མགོ་བརྩམས་ནས་ལོ་བདུན་དང་ཟླ་བ་བཅུ་གཅིག་ཞག་ཉི་ཤུ་རྩ་བདུན་ལ་རྫོགས་པར་བསྒྱུར་ནས་མཛད་བྱང་ལ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་བཀོད་ཡོད་པ་བམ་པོ་བརྒྱ་ཡོད་པ་དེ་ཡིན་ནམ་སྙམ་ཤླཽཀ་འབུམ་ཡོད་པ་དང༌། བསྟན་བཅོས་སངས་རྒྱས་ལམ་གྱི་རྒྱན། འདི་བྱང་ཆུབ་ཀྱི་རྒྱུ་ཚོགས་ཀྱི་བསྟན་བཅོས་ཞེས་པ་ད་ལྟར་རྒྱ་ཡིག་ཐོག་ཏུ་བཞུགས་པ་རྒྱ་གར་གྱི་པཎྜིཏ་དྷརྨ་གུཔྟ་འམ་ཆོས་སྦས་ཀྱིས་སྤྱི་ལོ་༥༩༠་ཡི་རྗེས་ཙམ་ལ་བསྒྱུར་བ་བམ་པོ་དྲུག་ཡོད་པ་ཀླུུ་སྒྲུབ་རང་ཉིད་ཀྱི་འགྲེལ་བ་དང་བཅས་པ་ཤླཽཀ་ལྔ་སྟོང་ཡིན་པར་བཤད་དེ། ད་ལྟ་རང་འགྲེལ་མི་བཞུགས་ཤིང༌། དགེ་སློང་དབང་ཕྱུག་གི་འགྲེལ་བ་ཉུང་ངུ་ཞིག་ནི་འདུག་གོ། ཤླཽཀ་ལྔ་སྟོང་ཅན་དང༌། སྙིང་རྗེ་ཆེན་པོའི་ཐབས་ཀྱི་བསྟན་བཅོས་ཤླཽཀ་ལྔ་སྟོང་ཅན་དང༌། དབུ་མ་རྩ་བ་ཤེས་རབ་ཤླཽཀ་ལྔ་བརྒྱ་ཅན་སོགས་རྒྱ་ཆེར་བརྩམས་ནས། འཕགས་པའི་ཡུལ་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་སྤྱོད་པས་ཆེས་ཆེར་ཁྱབ་པར་བྱས་སོ། །ཡང་འཇིགས་པ་མེད་པའི་བསྟན་བཅོས་ཞེས་པ་ཤླཽཀ་འབུམ་ཡོད་པ་ཞིག་བརྩམས་ཏེ་དབུ་མ་རྩ་བའི་ཚིག་རྣམས་ཀྱང་དེའི་ནང་ནས་ཕྱུང་ངོ། །

དེའི་ཚེ་བྲམ་ཟེ་ཞིག་ཡོད་དེ། རིག་སྔགས་ལ་ཤིན་ཏུ་མཁས་པས་ནུས་པ་ཡོད་རྒུས་ཀླུ་སྒྲུབ་དང་རྩོད་པར་འདོད་ནས་འཕགས་ཡུལ་གྱི་རྒྱལ་པོར་གསོལ་བ། ཁོ་བོས་དགེ་སློང་དེ་ཕམ་པར་ནུས་ཀྱི་རྒྱལ་པོས་དཔང་པོ་མཛོད་ཅིག་ཅེའོ། །རྒྱལ་པོས་སྨྲས་པ། ཁྱོད་ནི་བླུན་རྨོངས་ཆེན་པོ་སྟེ། ཁོང་ནི་བྱང་ཆུབ་སེམས་དཔའ་ཉིད་ཡིན་པས། བློ་གྲོས་ཉི་ཟླའི་འོད་ལྟར་གསལ་ཞིང༌། མཁྱེན་རབ་འཕགས་པའི་དགོངས་པ་དང་མཉམ་པ་ཞིག་ན། ཅིའི་ཕྱིར་དད་ཅིང་གུས་པས་བཀུར་བར་མི་བྱེད་ཅེས་སྨྲས་པར། །བྲམ་ཟེས་གསོལ་བ། རྒྱལ་པོ་ཉིད་ཤེས་རབ་དང་ལྡན་པ་ཞིག་ན་ཅིའི་ཕྱིར་རིགས་པའི་ལམ་ནས་མ་བརྟག་པར་མཐོང་བ་ཙམ་ནས་བཙན་གནོན་གྱིས་གཞོམ་པར་བྱེད་ཅེའོ། །

དེ་ནས་རྒྱལ་པོས་ཚིག་དེ་ཐོས་ནས་ཀླུ་སྒྲུབ་གདན་དྲངས་ཏེ། སྔ་མོ་ནས་གཙུག་ལག་ཁང་དུ་རྩོད་པའི་དཔང་པོའི་སླད་དུ་སློབ་དཔོན་དང་མཉམ་དུ་གདན་བཤམས་པ་ལ་བཞུགས་སོ། །

བྲམ་ཟེ་ཕྱིས་སུ་འོངས་ནས་གཙུག་ལག་ཁང་གི་མདུན་དུ་སླེབས་པ་དང་དེར་རིག་སྔགས་ལ་བརྟེན་ནས་རྫིང་བུ་ཡངས་ཤིང་རྒྱ་ཆེ་ལ་དྭངས་ཤིང་གཙང་བ་དང༌། དེའི་ནང་དུ་མེ་ཏོག་པདྨ་འདབ་མ་སྟོང་དང་ལྡན་པ་ཞིག་སྤྲུལ་པའི་སྟེང་དུ་རང་ཉིད་འཁོད་དེ་སྙེམས་ནས་ཀླུ་སྒྲུབ་ལ་འདི་སྐད་ཅེས། ཁྱོད་ས་ལ་སྡོད་པ་ནི་དུད་འགྲོ་དང་ཁྱད་པར་མ་མཆིས་པས། བདག་དྲི་མེད་པདྨོའི་སྙིང་པོར་བཞུགས་པའི་སྐྱེས་བུ་དམ་པ་ཤེས་རབ་དང་ལྡན་པ་ལ་རྒོལ་བའི་ཀླན་ཀ་སྨྲ་བར་འདོད་དམ་ཟེར་རོ། །

དེའི་ཚེ་ཀླུ་སྒྲུབ་ཀྱིས་རིག་སྔགས་ལ་བརྟེན་ནས་གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་དང་ལྡན་པ་ཞིག་ཏུ་སྤྲུལ་ནས། ཆུ་རྫིང་གི་སྟེང་དུ་ཕྱིན་ཏེ་པད་གདན་ལ་སླེབས་པ་ན་བྲམ་ཟེ་དེ་གླང་ཆེན་གྱི་སྣས་བཟུང་ནས་མཁའ་ལ་བཏེགས་ཤིང་ས་ལ་བརྡབས་པས་ལུས་ཀྱི་རྐེད་པ་རྨས་ཤིང༌། དེ་ཉིད་དུ་ཀླུ་སྒྲུབ་ཀྱི་ཞབས་ལ་བཏུད་དེ་སྨྲས་པ། བདག་གིས་རང་འཁོས་ལ་མ་བརྟག་པར་སློབ་དཔོན་ཆེན་པོར་སྐུར་བ་བཏབ་པ་ལགས་པས། སློབ་དཔོན་ཁྱེད་ཀྱིས་བདག་རྗེས་སུ་བཟུང་སྟེ་བླུན་རྨོངས་ཀྱི་མུན་པ་བསལ་ཏུ་གསོལ་ཞེའོ། །

ཡང་དེའི་ཚེ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ལོག་པའི་ལམ་ལ་དད་ཅིང༌། དགེ་སྦྱོང་དང་རྒྱལ་བའི་སྲས་ནི་མཐོང་བའི་སྐལ་བར་མ་གྱུར་པས། རྒྱལ་ཁམས་མཐའ་དབུས་ཀྱི་སྐྱེ་བོ་ཐམས་ཅད་ལོག་པའི་ལམ་དེར་ཞུགས་པར་གྱུར་ཏོ། །

ཀླུ་སྒྲུབ་ཀྱིས། ཤིང་གི་རྩ་བ་མ་བཀོག་པར། །ཡལ་ག་ཉམས་པར་འགྱུར་མིན་ལྟར། །མི་ཡི་བདག་པོ་མ་ཐུལ་བར། །ལམ་གྱི་སྤྱོད་པ་སྤྱད་མི་ནུས། །ཞེས་དགོངས་ནས་ཡོད་པ་ལ། ཡུལ་དེའི་རྒྱལ་ཁྲིམས་ལྟར་རྒྱལ་པོས་གླ་རྔན་བྱིན་ནས་སྲུང་དམག་བསྡུས་པ་ན་ཀླུ་སྒྲུབ་ཉིད་ཀྱང་དམག་ལ་ཞུགས་པས་དམག་དཔོན་དུ་གྱུར་ཅིང༌། གོ་མཚོན་ཐོགས་ནས་མདུན་དུ་སྐྱོད་དེ་དཔུང་གི་ཚོགས་ཀྱི་ཁ་ལོ་བསྒྱུར་བ་ན། བཙན་གྱིས་མ་བསྐུལ་ཡང་བཀའ་བཞིན་སྒྲུབ་ཅིང༌། ཉེས་ཁྲིམས་མི་བཙན་ཡང་ཀུན་གྱིས་བཀུར་བས། རྒྱལ་པོ་ལྷག་པར་མཉེས་ནས་དྲིས་པ། སྐྱེས་བུ་འདི་སུ་ཞིག། ཉེ་གནས་ཀྱིས་ལན་སྨྲས་པ། འདི་ནི་དམག་ལ་ཞུགས་པ་ཞིག་ཏེ་ཟས་དང་གླ་ཡང་མི་ལེན་ལ་དལ་བའི་དུས་སུའང་གུས་ནན་གྱིས་ལས་བྱེད་པ་ཞིག་ལགས་ན། ཅི་ལ་སེམས་ཤིང་ཅི་ཞིག་དོན་དུ་གཉེར་བ་ནི་མ་འཚལ་ཏོ་ཞེའོ། །

རྒྱལ་པོས་མདུན་དུ་བཀུག་ནས་དྲིས་པ། ཁྱོད་ནི་སུ་ཞིག། ལན་སྨྲས་པ། བདག་ནི་ཐམས་ཅད་མཁྱེན་པའོ། །རྒྱལ་པོ་ཡ་མཚན་དང་བཅས་ཏེ་དྲིས་པ། ཐམས་ཅད་མཁྱེན་པ་ནི་དུས་ཤིན་ཏུ་རིང་པོར་རེ་རེ་ཙམ་འབྱུང་བར་ལགས་ན། ཁྱེད་ཐམས་ཅད་མཁྱེན་པར་ཅི་ལས་རྟོགས། ལན་སྨྲས་པ། རྒྱལ་པོས་བདག་གི་ཤེས་རབ་མཁྱེན་པར་འདོད་ན་དྲིས་པས་མཐོང་བར་འགྱུར་རོ་ཞེའོ། །རྒྱལ་པོས་བསམ་པ། བདག་ནི་ཤེས་རབ་ཀྱི་བདག་པོ་ཡིན་པས་གཞུང་ཆེན་སྨྲ་བའི་སློབ་དཔོན་དག་ལ་དྲིས་པས་ཀྱང་ཕམ་པར་ནུས་ན། འདི་ནི་མིང་མེད་པ་ཞིག་ཡིན་པས། གལ་ཏེ་མ་ཐུབ་ན་དེ་ནི་དོན་ཆུང་ཞིག་མིན། འོན་ཏེ་མ་དྲིས་ན་ནི་ཕམ་པར་ཤུགས་ཀྱིས་ཁས་བླངས་སོ་སྙམ་ནས་སོམ་ཉིའི་ངང་ལ་རིང་དུ་ལུས་ཀྱང་ཐབས་གཞན་མ་རྙེད་ནས་དྲིས་པ། འོ་ན་དེ་རིང་ལྷ་ཡིས་ཅི་བྱེད་དམ། ཀླུ་སྒྲུབ་ཀྱིས་སྨྲས་པ། དེ་རིང་ལྷས་ལྷ་མ་ཡིན་དང་འཐབ་བོ་ཞེའོ། །

རྒྱལ་པོས་དེ་ལྟར་ཐོས་ནས། དཔེར་ན་མི་ཞིག་ཁ་ཟས་ཀྱིས་བརྣངས་སྟེ་ཡར་སྐྱུག་མི་ནུས་ལ་མར་མིད་ཀྱང་མི་ནུས་པ་བཞིན། ཚིག་དེ་རྫུན་དུ་འདོད་ནའང་སྒྲུབ་བྱེད་མེད་ཅིང༌། བདེན་པར་འདོད་ཀྱང་བདེན་དཔང་མི་གསལ་བས། ཅི་ཡང་མི་སྨྲ་བར་ཡོད་པར། ཀླུ་སྒྲུབ་ཀྱིས་སླར་ཡང་སྨྲས་པ། དེ་ནི་རྫུན་གྱིས་རྒྱལ་ཐབས་བྱེད་པ་མིན་ཏེ། རྒྱལ་པོ་ཉིད་ཅུང་ཟད་སྒུག་མཛོད་དང་ཡུད་ཙམ་ནས་རྟོགས་པར་འགྱུར་རོ་གསུངས་མ་ཐག་མཚོན་ཆའི་ཚོགས་ནམ་མཁའ་ནས་རིམ་བཞིན་སར་ལྷུང་ངོ། །

རྒྱལ་པོས་སྨྲས་པ། ཕུག་མདུང་དང་གོ་མཚོན་དག་ནི་དགྲ་ཆས་ཡིན་མོད་ཀྱང༌། དེ་དག་ལས་ལྷ་དང་ལྷ་མིན་འཐབ་པར་ཁྱེད་ཀྱིས་ཇི་ལྟར་ངེས་ཤེའོ། །

ཀླུ་སྒྲུབ་ཀྱིས་སྨྲས་པ། དོན་མེད་མང་དུ་སྨྲ་བ་ལས་བདེན་པའི་དངོས་པོར་གཟིགས་ན་མི་ལེགས་སམ། གསུངས་མ་ཐག་ལྷ་མ་ཡིན་གྱི་རྐང་ལག་མཛུབ་མོ་སྣ་དང་རྣ་བ་སོགས་ནམ་མཁའ་ནས་ལྷུང་ཞིང༌། ཡང་རྒྱལ་པོ་དང་བློན་འབངས་བྲམ་ཟེ་དང་བཅས་པས་ནམ་མཁར་དཔུང་ཚོགས་ཕན་ཚུན་འཐབ་པ་གསལ་བར་མཐོང་བས་རྒྱལ་པོས་ཕྱག་དང་བཅས་ཏེ་དུས་དེ་ནས་བཟུང་སྟེ་ཆོས་བཞིན་སྒྲུབ་པ་ལྷུར་བླངས་སོ། །གཙུག་ལག་ཁང་དེར་འཁོད་པའི་བྲམ་ཟེ་ཁྲི་ཕྲག་དག་ཀྱང་རལ་པ་དོར་ནས་ཚུལ་ཁྲིམས་ཡང་དག་པ་བླངས་སོ། །

དེའི་ཚེ་ཐེག་པ་དམན་པའི་དགེ་སློང་ཞིག་ཡོད་དེ། རྟག་ཏུ་སློབ་དཔོན་ལ་ཁོང་ཁྲོ་ཞིང་ཕྲག་དོག་དང་བཅས་ཏེ་ཡོད་པ་ལ། ཀླུ་སྒྲུབ་ཡུལ་དེར་བྱོན་ནས་དགེ་སློང་དེར་དྲིས་པ། ཁྱེད་ཉིད་བདག་འཇིག་རྟེན་འདིར་རིང་དུ་འཚོ་ཞིང་བཞེས་པར་འདོད་དམ། ལན་སྨྲས་པ། དེ་ནི་ཅིས་ཀྱང་མི་འདོད་དོ་ཞེའོ། །

དེ་ནས་སློབ་དཔོན་སྒྲུབ་ཁང་སྟོང་པ་ཞིག་ཏུ་བཞུགས་ནས་ཉིན་མང་པོར་ཕྱིར་མ་ཕེབས་པ་ན། སློབ་མ་རྣམས་ནས་སྒོ་བཙན་གྱིས་ཕྱེས་ནས་བལྟས་པས། འབུ་སྲིན་ཤུན་པ་ལས་ཐོན་པ་ལྟར་ཞི་བར་གཤེགས་ཟིན་ཏོ། །སློབ་དཔོན་འཇིག་རྟེན་འདི་ནས་གཤེགས་ཏེ་ད་ལྟའི་བར་དུ་མི་ལོ་བརྒྱ་ཙམ་སོང་ཡང༌། འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ནས་དེའི་ལྷ་ཁང་བཞེངས་ཏེ་སངས་རྒྱས་དང་འདྲ་བར་མཆོད་པ་དང་བསྙེན་བཀུར་བར་བྱེད་དོ། །

སློབ་དཔོན་དེ་ཡུམ་ལས་འཁྲུངས་པ་ན་ལྗོན་ཤིང་ཞིག་གི་འོག་ཏུ་སྐུ་འཁྲུངས་པས་མཚན་ལ་अर्जुनཨརྫུན་ཞུ། ཨརྫུན་ནི་ལྗོན་ཤིང་ཞིག་གི་མིང་ངོ། །ཀླུ་ལ་བརྟེན་ནས་ལམ་གྲུབ་པས་མཚན་གྱི་ཐོག་

མར་ནཱ་ག་སྟེ་ཀླུ་ཞེས་པ་བསྣན་པས་नागार्जुन་ནཱགཱརྫུན་སྟེ་ཀླུ་སྒྲུབ་ཅེས་གྲགས་སོ། །ཞེས་གསུངས་སོ། །

གོང་གི་རྣམ་ཐར་འདི་ནི་འོག་ཏུ་འཆད་པར་འགྱུར་བའི་རྣམ་ཐར་རྣམས་ཀྱི་གཞི་རྟེན་ལྟ་བུར་བཀོད་པ་ཡིན་ལ། འདིར་ས་བཅད་ཀྱི་གོ་རིམ་ལེགས་པར་བསྒྲིགས་ཏེ་འོག་ནས་འབྱུང་བའི་རྣམ་ཐར་དེ་དག་ས་བཅད་འདིའི་བར་བར་དུ་ཇི་ལྟར་བསྣན་པའི་ཚུལ་གསལ་བར་འགོད་པར་བྱའོ། །

འདི་ལ་དབྱེ་ན་ས་བཅད་ཉེར་གཉིས་སུ་འགྱུར་བས་གོ་རིམ་བཞིན་བཀོད་ན་འདི་ལྟར། དང་པོ་གང་དུ་འཁྲུངས་པའི་ཡུལ་བརྗོད་པ་ལ། བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ནི། འཕགས་ཡུལ་ལྷོ་ཕྱོགས་ཀྱི་ཞེས་གསུངས།

གཉིས་པ་གང་དུ་གཏོགས་པའི་རིགས་ནི། བྲམ་ཟེའི་རིགས་སུ་འཁྲུངས་ཤིང༌། ཞེས་གསུངས།

གསུམ་པ་གཞོན་ནུའི་དུས་ནས་མཁས་པའི་སྙན་གྲགས་རྒྱས་པ་ནི། མཐོང་ཚད་མི་བརྗེད་པར་ཞེས་པ་ནས་མངའ་བརྙེས་པར་གྱུར་ཏོ། །ཞེས་གསུངས།

བཞི་པ་གྲོགས་དང་ལྷན་ཅིག་ལུས་མི་སྣང་བའི་རིགས་སྔགས་སྒྲུབ་པ་ནི། ཁོང་ལ་གྲོགས་པོ་གསུམ་ཡོད་ཅིང་ཞེས་པ་ནས་གདམས་ངག་རྫོགས་པར་སྦྱིན་ནོ། །ཞེས་གསུངས།

ལྔ་པ་རིགས་སྔགས་ལ་བརྟེན་ནས་བཙུན་མོའི་ཚོགས་ལ་དགའ་མགུར་སྤྱོད་པས་གྲོགས་རྣམས་རྒྱལ་པོས་བསད་པ་ནི། དེ་ནས་བཞི་པོ་དེ་དག་ཅེས་པ་ནས་དེ་ཉིད་དུ་བསད་དོ། །ཞེས་གསུངས།

དྲུག་པ་འདོད་པ་རྣམས་ནི་སྡུག་བསྔལ་གྱི་རྩ་བར་གཟིགས་ནས་རབ་ཏུ་བྱུང་བར་དམ་བཅས་པ་ནི། ཀླུ་སྒྲུབ་ཉིད་ཅེས་པ་ནས་རང་གིས་རང་ལ་དམ་བཅས་སོ། །ཞེས་གསུངས།

བདུན་པ་ཀླུ་སྒྲུབ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི། དེ་ལས་ཐོན་མ་ཐག་ཅེས་པ་ནས་ཡང་དག་པར་བླངས་སོ། །ཞེས་གསུངས།

བརྒྱད་པ་གནས་དེའི་སྡེ་སྣོད་རྣམས་བཀླགས་ཟིན་ནས་ཁ་བ་ཅན་གྱི་རིར་ཕེབས་པ་ནི། དེ་ནས་ཞག་དགུ་བཅུ་ཙམ་ལ་ཞེས་པ་ནས་ཁ་བ་ཅན་གྱི་རིར་ཕྱིན་ཏོ། །ཞེས་གསུངས༌།

དགུ་པ་ཐེག་ཆེན་གྱི་མདོ་སྡེ་རྙེད་ཅིང་དེའི་དོན་རྟོགས་ཀྱང་ཐུགས་མ་འཚེངས་པ་ནི། རི་དེར་མཆོད་རྟེན་ཞིག་ཅེས་པ་ནས་རྟོགས་པར་མ་གྱུར་ཏོ། །ཞེས་གསུངས།

བཅུ་པ་དེར་མ་ཚང་བའི་མདོ་སྡེ་རྣམས་རྒྱལ་ཁམས་ཀུན་ཏུ་བཙལ་ཡང་མ་རྙེད་ཅིང་མུ་སྟེགས་མང་པོ་ཚར་བཅད་པ་ནི། དེ་ནས་རྒྱལ་ཁམས་ཞེས་པ་ནས་རིགས་པས་ཚར་བཅད་པས། ཞེས་གསུངས།

བཅུ་གཅིག་པ་མངོན་པའི་ང་རྒྱལ་སྐྱེས་ཏེ་སངས་རྒྱས་པ་ལས་གཞན་པའི་གྲུབ་མཐའ་འཛུགས་པར་རྩོམ་པ་ནི། ཕྱི་རོལ་པའི་སློབ་མ་ཞིག་ཅེས་པ་ནས་ཆུ་ཤེལ་གྱི་ཁང་པར་བཞུགས་སོ། །ཞེས་གསུངས།

བཅུ་གཉིས་པ་ཀླུ་ཆེན་བྱང་ཆུབ་སེམས་དཔས་ཀླུ་ཡུལ་དུ་གདན་དྲངས་ཏེ་མདོ་སྡེ་རྣམས་གཟིགས་པས་ཟབ་དོན་རྙེད་པ་ནི། དེ་ལྟར་གྱུར་པར་ཞེས་པ་ནས་དཔེར་འཇོག་ཏུ་མ་མཆིས་སོ་ཞེའོ། །ཞེས་གསུངས།

བཅུ་གསུམ་པ་ཟབ་མོའི་དོན་ལ་གཅིག་ཏུ་གཞོལ་བས་མི་སྐྱེ་བའི་ཆོས་ལ་བཟོད་པ་གཉིས་པ་སྟེ་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ནི། དེ་ནས་ཀླུ་སྒྲུབ་ཀྱིས་ཞེས་པ་ནས་ལྡན་པར་གྱུར་ཏོ། །ཞེས་གསུངས།

བཅུ་བཞི་པ་སླར་འཕགས་ཡུལ་དུ་ཕེབས་ནས་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་དེ་བསྟན་པ་ཆེས་ཆེར་སྤེལ་བ་ནི། དེ་ནས་ཀླུས་སླར་ཡང་ཞེས་པ་ནས་དར་བར་བྱས་ཤིང༌། ཞེས་གསུངས།

བཅོ་ལྔ་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཀྱི་མཚན་ཐོ་ནི། ཁྱད་པར་དུ་ཞེས་པ་ནས་དེའི་ནང་ནས་ཕྱུང་ངོ། །ཞེས་གསུངས།

བཅུ་དྲུག་པ་རྒྱལ་པོས་དཔང་པོ་མཛད་དེ་བྲམ་ཟེ་ནུས་ལྡན་ཞིག་རྫུ་འཕྲུལ་གྱིས་བཏུལ་བ་ནི། དེའི་ཚེ་བྲམ་ཟེ་ཞིག་ཅེས་པ་ནས་མུན་པ་བསལ་ཏུ་གསོལ་ཞེའོ། །ཞེས་གསུངས།

བཅུ་བདུན་པ་རྒྱལ་ཁམས་ཆོས་ལ་འགོད་པའི་སླད་དུ་དམག་ལ་ཞུགས་པ་ནི།

ཡང་དེའི་ཚེ་ཞེས་པ་ནས་མ་འཚལ་ཏོ་ཞེའོ། །ཞེས་གསུངས།

བཅོ་བརྒྱད་པ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་པོ་དང་བྲམ་ཟེ་ཁྲི་ཕྲག་བཅས་པ་ཆོས་ལ་བཀོད་པ་ནི། རྒྱལ་པོས་མདུན་དུ་བཀུག་ནས་ཞེས་པ་ནས་ཡང་དག་པར་བླངས་སོ། །ཞེས་གསུངས།

བཅུ་དགུ་པ་ཐེག་དམན་གྱི་དགེ་སློང་ཞིག་གིས་གསོལ་ནས་ཞི་བར་གཤེགས་པ་ནི། དེའི་ཚེ་ཐེག་པ་དམན་པའི་ཞེས་པ་ནས་ཞི་བར་གཤེགས་ཟིན་ཏོ། །ཞེས་གསུངས།

ཉི་ཤུ་པ་ཀླུ་སྒྲུབ་འདས་ནས་རྣམ་ཐར་འདི་བརྩམས་པའི་བར་ལོ་ཇི་ཙམ་སོང་བ་ནི།

སློབ་དཔོན་འཇིག་རྟེན་འདི་ནས་གཤེགས་ཏེ་ད་ལྟའི་བར་དུ་མི་ལོ་བརྒྱ་ཙམ་སོང་ཡང༌། ཞེས་གསུངས།

ཉེར་གཅིག་པ་ཀླུ་སྒྲུབ་འདས་པའི་རྗེས་སུ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་དེའི་ལྷ་ཁང་བརྩེགས་ཏེ་བསྙེན་བཀུར་བྱས་པ་ནི། འཕགས་ཡུལ་ལྷོ་ཕྱོགས་ཞེས་པ་ནས་བསྙེན་བཀུར་བར་བྱེད་དོ། །ཞེས་གསུངས།

ཉེར་གཉིས་པ་ཀླུ་སྒྲུབ་ཀྱི་མཚན་གྱི་འབྱུང་ཁུངས་དང་འགྲེལ་ཚུལ་ནི། སློབ་དཔོན་དེ་ཞེས་པ་ནས་ཀླུ་སྒྲུབ་ཅེས་གྲགས་སོ། །ཞེས་གསུངས་སོ། །

སྨྲས་པ།

སྲིད་པའི་སྒྲོན་མེ་དེ་ཉིད་གཞན་བཞུད་དེ༵། །

དེ༵་བར་བརྒྱ་ཕྲག་ལོ་ལས་མ་འདས་གསུ༵ངས། །

གསུ༵ངས་པ་གང་དེར་བདེན་དོན་མང་བར་ངེ༵ས། །

ངེ༵ས་ཤེས་རྙེད་ནས་གུས་པས་འདི་ལོངས་ཤིག         

ཅེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །


 

གཉིས་པ་འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་ཉིས་བརྒྱ་བཞི་བཅུ་ཙམ་ལ་ཕེབས་པའི་༼སྤྱི་ལོ་༤༩༠ནས་༥༧༠༽སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དུས་སུ་ཇི་ལྟར་གྲགས་པ་ནི།

འདིའི་དུས་སུ་བྱུང་བའི་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་རྒྱས་པ་ཞིག་མ་རྙེད་ཀྱང༌། ལེགས་ལྡན་འབྱེད་ཀྱིས་ནི་གོང་གི་ས་བཅད་བཅོ་ལྔ་པའི་ནང་གི་སློབ་དཔོན་འཕགས་མཆོག་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བའི་ཚིག་ལེའུ་བྱས་པ་ཤེས་རབ་ཅེས་པ་འདི། ཚུལ་ཇི་ལྟ་བུས་རྩོམ་པ་དང༌། བསྟན་བཅོས་བརྩམས་པའི་བྱེད་ལས་སམ་ནུས་པ་རྣམས་གསུངས་ཏེ། རྩོམ་པའི་ཚུལ་ནི་རྗེས་དཔག་དང་སུན་འབྱིན་གཉིས་ལ་བརྟེན་ནས་རང་བཞིན་གྱིས་གྲུབ་པའི་བདག་འགོག་པར་མཛད་ལ། བསྟན་བཅོས་འདི་བརྩམས་པའི་བྱེད་ལས་སམ་ནུས་པ་ནི་གཞན་ལ་ལམ་མ་ནོར་བར་བསྟན་ནས་སྐལ་ལྡན་རྗེས་སུ་འཛིན་པ་དང༌། ལོག་སྨྲ་ཚར་བཅད་དེ་ལྟ་ངན་གྱི་དྲ་བ་མཐའ་དག་ཞི་བར་བྱེད་པ་དེ་གཉིས་ཡིན་ཏེ། དབུ་མ་རྩ་བའི་འགྲེལ་བ་ཤེས་རབ་སྒྲོན་མ་ལས།

སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་ཚིག་ལེའུར་བྱས་པ་དག་ཁོ་ནས་རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་གསལ་པ་དང༌། དེ་ཁོ་ན་དག་བསྟན་པ་དང༌། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་བསྩལ་མོད་ཀྱི། ཞེས་གསུངས་སོ། །དེས་ན་ལེགས་ལྡན་འབྱེད་ཀྱིས་འདིའི་འགྲེལ་བ་བྱེད་པའི་དགོས་པ་ནི། དབུ་མ་རྩ་བ་ཤེས་རབ་ལས་དེ་ཁོ་ན་ཉིད་ཀྱི་དོན་བསྟན་ཀྱང༌། ཚིགས་སུ་བཅད་པའི་ལམ་ནས་བསྟན་པའི་དབང་གིས་ཚངས་པར་མཚུངས་པར་སྤྱོད་པ་ལ་ལས་རྟོགས་དཀའ་བར་གྱུར་པས། དེ་དག་གི་དོན་གོ་སླ་བར་བྱ་བའི་སླད་དུ་ཤེས་རབ་སྒྲོན་མ་བརྩམས་པར་གསུངས་ཏེ། ཡང་ཤེས་རབ་སྒྲོན་མ་ལས།

ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལས་ཁ་ཅིག་གིས་མི་རྟོགས་པས། དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱའོ།

ཞེས་སོ། །ཡང་ས་བཅད་བཅུ་གསུམ་པ་ཟབ་དོན་ལ་གཅིག་ཏུ་གཞོལ་བས་མི་སྐྱེ་བའི་ཆོས་ལ་བཟོད་པ་གཉིས་པ་སྟེ། ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་སྐོར་གསུངས་པ་ནི། སངས་རྒྱས་ཀྱི་གསུང་གི་སྙིང་པོར་གྱུར་པ། མདོ་ལས་བདེན་པའི་སྐྱེ་བ་མེད་པར་གསུངས་པའི་ཚིག་གི་དོན་དེ་བཞིན་ཉིད་དམ་ཟབ་མོ་སྟོང་པ་ཉིད་དེ་མ་ནོར་བར་རང་ཉིད་ཀྱིས་རྫོགས་པར་ཐུགས་སུ་ཆུད་པས་ཐུགས་སྤྲོ་བ་སྐྱེས་པར་གསུངས་ཏེ། ཤེས་རབ་སྒྲོན་མ་ལས། སློབ་དཔོན་ཀྱང་དེ་བཞིན་གཤེགས་པའི་ཚུལ་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གིས་རབ་ཏུ་བསྟན་པ་མ་ནོར་བར་དེ་བཞིན་ཉིད་ཐུགས་སུ་ཆུད་ནས། ཞེས་གསུངས་སོ། །

ས་བཅད་བཅོ་ལྔ་པ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བའི་ཚིག་ལེའུ་བྱས་པ་ཤེས་རབ་བརྩམས་པར་གསུངས་པའི་སྐོར་ལས། དབུ་མ་རྩ་བའི་མཆོད་བརྗོད་རྩོམ་པའི་རྒྱུ་མཚན་ནི་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དེ་ཐུགས་སུ་ཆུད་པས་སྤྲོ་བ་ཤུགས་དྲག་པོ་སྐྱེས་པ་དང༌། བསྟན་བཅོས་འདི་ཉིད་རྩོམ་པའི་རྒྱུ་མཚན་ནི་འགྲོ་ལ་གཅིག་ཏུ་བརྩེ་བའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། འགྲོ་བ་གཞན་རྣམས་ཀྱིས་ཀྱང༌། གཙོ་བོར་རྗེས་སུ་དཔག་པའི་ལམ་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་པར་བྱ་བའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་སྔོན་དུ་བཏང་སྟེ་བསྟན་བཅོས་འདི་མཛད་པར་གསུངས་ཏེ། ཤེས་རབ་སྒྲོན་མ་ལས། དགྱེས་པའི་ཤུགས་དྲག་པོ་ཡང་དག་པར་སྐྱེས་པས། ཇི་ལྟར་ཐུགས་སུ་ཆུད་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། བསྟན་བཅོས་མཛད་པར་བཞེད་ནས། ཐུགས་རྗེ་ཉིད་ཀྱི་ཆུས་བརླན་པའི་ཐུགས་མངའ་བས་སྐྱེ་བོ་རྗེས་སུ་དཔག་པ་གཙོར་འཛིན་ཅིང་ཁོང་དུ་ཆུད་པར་འདོད་པས་རྟོགས་པར་བཞེད་ནས། ཞེས་སོ། །

སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བ་ནི་བོད་དཔེ་ཁོ་ན་ལས་རྒྱ་གར་ནག་གང་གི་ཡི་གེར་ཡང་མི་བཞུགས་པའི་བསྟན་བཅོས་ཤིན་ཏུ་གལ་ཆེན་ཞིག་ཡིན་པས། དེའི་ནང་དུ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཐོར་བུ་གསུངས་པ་རྣམས་ཅུང་ཟད་ཞུས་ན།

ས་བཅད་བཅུ་གཉིས་པ་ཀླུ་ཆེན་བྱང་ཆུབ་སེམས་དཔས་ཀླུ་ཡུལ་དུ་གདན་དྲངས་ཏེ་མདོ་སྡེ་རྣམས་གཟིགས་པས་ཟབ་དོན་རྙེད་པའི་སྐོར་ལ་སངས་རྒྱས་འདས་ནས་ཉན་ཐོས་རྣམས་ཀྱིས་མ་བསྡུས་པ་དང༌། ཀླུ་ལ་སོགས་པས་བསྡུས་པ་དང༌། དེ་ནས་ཀླུ་སྒྲུབ་ཀྱིས་གདན་དྲངས་པ་གསུམ་ལས།

དོན་ཚན་དང་པོ་ནི། སངས་རྒྱས་འདས་ནས་འཛམ་གླིང་འདིར་ཉན་ཐོས་ཀྱི་སྡེ་སྣོད་རྣམས་ནི་ཉན་ཐོས་ཆེན་པོ་རྣམས་ནས་རིང་པོར་མ་ལོན་པར་བཀའ་བསྡུ་བྱས་ཀྱང༌། ཐེག་ཆེན་གྱི་གསུང་རབ་རྣམས་ནི་ཉན་ཐོས་དེ་དག་གི་སྣོད་དུ་མ་གྱུར་པས་བཀའ་བསྡུ་བྱེད་མཁན་གྱི་ཉན་ཐོས་ཆེན་པོ་སུ་ཡང་མ་བྱུང་བར་གསུངས་ཏེ། རྟོག་གེ་འབར་བ་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་ཉན་ཐོས་ལ་སོགས་པ་རང་ལ་གསུངས་པ་ལ་ཡོངས་སུ་ཞེན་ཅིང༌། དེ་ཆེད་དུ་བྱེད་པའི་སྡུད་པ་པོས་ཇི་ལྟར་དབང་བ་བཞིན་དུ་ཡང་དག་པར་བསྡུས་པ་ན། ཐེག་པ་ཆེན་པོའི་གསུང་རབ་ནི་སྣོད་དུ་གྱུར་པ་སུ་ཡང་མེད་པས་གང་གིས་ཀྱང་མ་བསྡུས་ཏེ། ཞེས་སོ། །

དོན་ཚན་གཉིས་པ་ནི། འོན་ཀྱང་སངས་རྒྱས་ལ་དགའ་ཞིང་དད་པའི་ཀླུ་ལ་སོགས་པས་ཐེག་ཆེན་གྱི་བཀའ་རྣམས་བསྡུས་ཏེ་ཀླུ་ཡུལ་དང་ལྷ་ཡུལ་ལ་སོགས་པར་བཞུགས་སུ་གསོལ་བར་གསུངས་ལ། འདིའི་སོགས་སྒྲ་དང་པོས་ལྷ་རྣམས་ཀྱིས་ཀྱང་བསྡུས་པར་གོ་དགོས་པས་ལྷ་ཡི་གནས་སུ་བཞུགས་པའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། བྱམས་པ་ལ་སོགས་པས་ཐེག་པ་ཆེན་པོའི་བཀའ་རྣམས་བསྡུས་ཏེ་ལྷ་ཡུལ་དུ་བཞུགས་སུ་གསོལ་བ་དག་གོ        །དེ་ཡང་རྟོག་གེ་འབར་བ་ལས། བདེ་བར་གཤེགས་པ་ལ་མངོན་པར་དགའ་བའི་ཀླུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བསྡུས་ནས་ཀླུའི་འཇིག་རྟེན་དང་ལྷ་ལ་སོགས་པར་བཞུགས་སུ་གསོལ་བ་ལས་ཞེས་གསུངས་སོ། །

དོན་ཚན་གསུམ་པ་ནི། དེ་ལྟ་བུའི་ཐེག་པ་ཆེན་པོའི་ཆོས་ཟབ་མོའི་སྣོད་དུ་རུང་བ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཉིད་ཡིན་ལ། དེས་ནི་ཡོད་མཐའ་དང་མེད་མཐར་ལྷུང་བའི་ལྟ་བ་ངན་པའི་ཕྱོགས་རྣམས་ལྷག་མེད་དུ་འཇིག་ནས། ཟབ་མོ་དབུ་མའི་ལམ་སྲོལ་རྒྱ་ཆེར་ཕྱེ་བར་སངས་རྒྱས་ཀྱིས་དངོས་སུ་ལུང་བསྟན་ཏོ། །དེ་ལྟ་བུའི་སྐྱེས་བུ་འཕགས་མཆོག་ཀླུ་སྒྲུབ་ཀྱིས་ལྷ་ཡུལ་དང་ཀླུ་ཡུལ་རྣམས་ནས་ཐེག་པ་ཆེན་པོའི་སྡེ་སྣོད་ཐོར་བུར་བཞུགས་པ་རྣམས་གཅིག་ཏུ་བསྡུས་ཤིང༌། ཁྱད་པར་དུ་ཡུམ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་ཉིད་ཀླུ་ཡུལ་ནས་གདན་དྲངས་པས་ན། ཀླུ་ལ་སོགས་པ་ཞེས་ཀླུ་གཙོ་བོར་སྨྲོས་པའང་དེའི་གནད་ཀྱིས་ཡིན་པར་སེམས་སོ། །དེ་དག་ནི་རྟོག་གེ་འབར་བ་ལས།

དེའི་སྣོད་དུ་གྱུར་པས་སངས་རྒྱས་ཀྱིས་ལུང་བསྟན་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་དག་ནས་བསྡུས་ནས་མིའི་འཇིག་རྟེན་དུ་རབ་ཏུ་རྒྱས་པར་མཛད་པ་ཡིན་ནོ། ཞེས་གསུངས་སོ། །

ཡང་དེ་ཉིད་ལས། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས། ཞེས་ཀླུ་སྒྲུབ་དེ་འཕགས་པའི་གོ་འཕང་ཐོབ་པའི་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པ་དང་ཀླུ་སྒྲུབ་ཀྱི་དགོངས་པ་ནི་ཐེག་པ་ཆེན་པོའི་ངེས་དོན་གྱི་ལུགས་མཐར་ཐུག་དེ་ཡིན་པར་གསུངས་སོ། །སངས་རྒྱས་ཀྱིས་མདོ་གང་ལས་ལུང་བསྟན་པ་ནི་འདིར་དངོས་སུ་ལུང་འདྲེན་མ་མཛད་ཀྱང༌། ལང་ཀར་གཤེགས་པའི་མདོ་དང་འཕགས་པ་སྤྲིན་ཆེན་པོའི་མདོ་རྣམས་ཡིན་པར་གསལ་ཏེ། དེའི་རྗེས་ཙམ་ལ་བྱོན་པའི་དཔལ་ལྡན་ཟླ་བ་གྲགས་པ་དང༌། སྤྱན་རས་གཟིགས་བརྟུལ་ཞུགས་གཉིས་ཀྱིས་ལང་ཀར་གཤེགས་པའི་མདོ་དང་འཕགས་པ་སྤྲིན་ཆེན་པོའི་མདོ་གཉིས་པོ་ལུང་འདྲེན་མཛད་ལ། འདིའི་བརྗོད་བྱའི་དོན་ཡང་ལང་གཤེགས་དང་མཐུན་པར་བྱུང་བས་སོ། །

འདིར་ཁོ་བོས་འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་ཉིས་བརྒྱ་བཞི་བཅུ་ཙམ་ལ་ཕེབས་པའི་སྤྱི་ལོ་༤༩༠ནས་༥༧༠སློབ་དཔོན་ལེགས་ལྡན་འབྱེད་ཅེས་བཀོད་པ་ལ། ལ་ལ་ན་རེ། སློབ་དཔོན་ལེགས་ལྡན་འབྱེད་དེ་ཀླུ་སྒྲུབ་འདས་ནས་ལོ་ཉིས་བརྒྱ་བཞི་བཅུའི་རྗེས་སུ་ཕེབས་པ་མི་འཐད་དེ། དེ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་ཁོ་བོས་འདི་འདྲི་བར་བྱ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང༌། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་། ངོ་ཚ་དང་ཁྲེལ་དག་གི་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ། རྣམ་པར་ཤེས་ཤིང་མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་པ་རྣམས་ཀྱིས་ནི་མ་ཡིན་ཞེས་ཟེར་རོ། །ཞེས་དང༌། འཕགས་པ་ཐོགས་མེད་ཀྱིས་ནི་དེ་ནི་ལོངས་སྤྱོད་རྫོགས་པའི་སྔ་ཞེས་བསྟན་ལ། ཞེས་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་མི་ཤེས་བཞིན་དུ་མཁས་པའི་ང་རྒྱལ་གྱིས་ཐེག་ཆེན་གྱི་དོན་ཀླུ་སྒྲུབ་ཀྱི་ལུགས་ལས་གཞན་དུ་འགྲེལ་བར་གསུངས་པ་སོགས་འཕགས་པ་ཐོགས་མེད་ཀྱི་སྐོར། ཐེངས་གཉིས་གསུངས་པ་ནི་རྟོག་གེ་འབར་བར་གཟིགས་ན་མཁྱེན་པར་འགྱུར་ལ། གལ་ཏེ་ལེགས་ལྡན་འབྱེད་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ན་ནི་འཕགས་པ་ཐོགས་མེད་མ་ཕེབས་གོང་གི་ཀླུ་སྒྲུབ་ཡབ་སྲས་ཀྱི་དུས་ནས་གང་བཀག་པར་བྱ་བའི་ཐོགས་མེད་དང་དབྱིག་གཉེན་གྱི་ལུགས་ཡོད་པའམ། ཡང་ན་ཀླུ་སྒྲུབ་འདས་ནས་བསྟན་པ་ལ་དགྲ་ལན་གསུམ་བྱུང་བའི་རྐྱེན་གྱིས་བསྟན་པ་ཆེས་ཆེར་ཉམས་པ་ན། ཐོགས་མེད་ཀྱི་ཡུམ་དེས་བསྟན་པ་ཉམས་པ་སེམས་ཀྱིས་མ་བཟོད་ནས། རྒྱལ་རིགས་དང་འདུས་པ་ལས་ཐོགས་མེད་དང་བྲམ་ཟེ་དང་འདུས་པ་ལས་དབྱིག་གཉེན་འཁྲུངས་པ་སོགས་ཇི་ལྟར་འགྱུར་རམ་སོམས་ཤིག   གཞན་ཡང་འཕགས་མཆོག་ཀླུ་སྒྲུབ་འདས་པའི་རྗེས་ཀྱི་རིང་པོར་མ་ལོན་པའི་དུས་སུ་རྒྱལ་པོ་བདེ་སྤྱོད་བཟང་པོ་འདས་པ་ནི་རྣམ་ཐར་ཐམས་ཅད་ཞལ་མཐུན་པས། རྒྱལ་པོ་བདེ་སྤྱོད་བཟང་པོ་འདས་ནས་ཐོགས་མེད་དང་དབྱིག་གཉེན་ཕེབས་པའི་བར་དུ་རྒྱལ་རབས་ཇི་ཙམ་སོང་བ་ནི་རྒྱ་གར་གྱི་ལོ་རྒྱུས་ན་ཤིན་ཏུ་གསལ་ལ། ལེགས་ལྡན་འབྱེད་ཀྱིས་ཐོགས་མེད་དང་དབྱིག་གཉེན་གྱི་གྲུབ་མཐའ་བཀག་པས་ན། ལེགས་ལྡན་འབྱེད་དེ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་རྗེས་སུ་བྱུང་བ་ལ་ནི་བསྙོན་མི་ནུས་ལ། དེས་ན་ཀླུ་སྒྲུབ་དང་ལེགས་ལྡན་འབྱེད་གཉིས་རྗེ་བཙུན་འཇམ་པའི་དབྱངས་དང་རྗེ་བླ་མ་གཉིས་བླ་སློབ་ཏུ་གྱུར་པ་ལྟར་ཡིན་ན་ནི་བསམ་གྱིས་མི་ཁྱབ་པའི་གནད་ཡིན་མོད། དེ་ལྟར་མིན་པའི་མིའི་རྟེན་ཅན་གྱི་བླ་སློབ་ནི་ཡིན་པར་མི་སྲིད་དོ། །

སྨྲས་པ།

ལེགས༵་ལྡན་འབྱེད་ཀྱི་ལེགས༵་བཤད་རྒྱ་མཚོ་ལས། །

ལེགས༵་འོངས་ཀླུ་སྒྲུབ་ལེགས༵་མཛད་ཆ་ཤས་འགའ། །

ལེགས༵་བྱས་མཐུ་ལས་ལེགས༵་པར་རྙེད་པ་འདི། །

ལེགས༵་གསུང་འདོད་ལ་ལེགས༵་སྐྱེས་ཚུལ་དུ་འབུལ། །

ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །


 

གསུམ་པ་འཕགས་མཆོག་ཀླུ་སྒྲུབ་འདས་ནས་ལོ་སུམ་བརྒྱ་ལྔ་བཅུ་ཙམ་ལ་ཕེབས་པའི་༼ སྤྱི་ལོ་༦༠༠ནས་༦༥༠བར་དུ་༽དཔལ་ལྡན་ཟླ་བ་གྲགས་པའི་དུས་སུ་ཇི་ལྟར་གྲགས་པ་ནི།

དཔལ་ལྡན་ཟླ་བ་གྲགས་པ་དེ་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་དགོས་པའི་རྒྱུ་མཚན་ནི། ཇི་ལྟར་སངས་རྒྱས་ཀྱི་དྲུང་ནས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་སུ་ཉན་ནས་ཟབ་མོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་སོགས་པས། ཆོས་རྣམས་ཀྱི་བདག་ཉིད་དམ་གནས་ལུགས་ཇི་ལྟར་གཟིགས་པ་ལྟར། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་ཡུམ་ཤེར་ཕྱིན་གྱི་ལུང་དོན་ཕྱིན་ཅི་མ་ལོག་པར་མཁྱེན་ནས། ལུང་དང་རིགས་པ་ཡང་དག་པའི་ལམ་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབས་པ་ལ་ཐུག་པར་གསུངས་ཤིང༌། དེས་ན་དཔལ་ལྡན་ཟླ་བས་འཇུག་པ་རང་འགྲེལ་འདི་ཉིད་དུའང་ཡུམ་ཤེར་ཕྱིན་གྱི་ཟབ་དོན་དེ་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཇི་ལྟ་བ་བཞིན་དུ་འགྲེལ་བར་གསུངས་ཏེ། འཇུག་པ་རང་འགྲེལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་ཉིད་ཇི་ལྟར་མཐོང་བ་དེ་ལྟར། འཕགས་པ་ཀླུ་སྒྲུབ་ཀྱིས་ལུང་ཕྱིན་ཅི་མ་ལོག་པར་མཁྱེན་ནས་དབུ་མའི་བསྟན་བཅོས་ལས་རིགས་པ་དང་ལུང་དག་གིས་ཆོས་རྣམས་ཀྱི་བདག་ཉིད་ཡང་དག་པ་ཇི་ལྟ་བ་ཉིད་རང་བཞིན་མེད་པའི་མཚན་ཉིད་ཅན་ཆེས་གསལ་བར་བསྟན་ཏོ། །དེའི་ཕྱིར་ཇི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་རིགས་པ་དང་ལུང་དག་གིས་ཆོས་རྣམས་ཀྱི་དེ་ཉིད་བསྟན་པ་དེ་ཁོ་ན་ལྟར། བདག་གིས་དེས་ཉེ་བར་བསྟན་པའི་ལུགས་ཇི་ལྟར་གནས་པ་བཞིན་དུ་བརྗོད་པར་བྱའོ། ཞེས་གསུངས་སོ། །

འོ་ན་འདིས་ནི་དཔལ་ལྡན་ཟླ་བའི་འཇུག་འགྲེལ་གྱི་ཁུངས་སྟོན་པར་འདུག་པས་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་འབྲེལ་བ་ཅི་ཡོད་ཅེ་ན། འབྲེལ་བ་ཤིན་ཏུ་ཆེ་སྟེ། འདི་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཡུམ་ཤེར་ཕྱིན་གྱི་དངོས་བསྟན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་དེ་ཉིད་རང་གིས་རྙེད་ནས་གཞན་ལ་གསལ་བར་ཇི་ལྟར་མཛད་པའི་ཚུལ་གསུངས་པས། འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་ལ་འདི་ལས་གལ་ཆེ་བ་ཞིག་ག་ལ་ཡོད་དེ། ཟབ་མོ་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་དེ་ཀླུ་སྒྲུབ་ཀྱི་མཛད་པ་རྣམས་ཀྱི་ནང་ནས་མཛད་པའི་སྙིང་པོ་མཆོག་ཏུ་གྱུར་པ་ཡིན་པས་སོ། །

ཡང་གཞུང་དེར། འཕགས་པ་ཀླུ་སྒྲུབ་ཀྱིས་ཡུམ་ཤེར་ཕྱིན་གྱི་ཟབ་དོན་མ་ནོར་བར་རྙེད་པ་སོགས་སངས་རྒྱས་ཀྱིས་ལུང་ཇི་ལྟར་བསྟན་པའི་སྐོར་གསུངས་ཏེ། འཇུག་པ་རང་འགྲེལ་ལས། ་ཅི་སྟེ་རེ་ཞིག་འཕགས་པ་ཀླུ་སྒྲུབ་དེ་ཉིད་ལ་ལུང་ཕྱིན་ཅི་མ་ལོག་པར་ངེས་པ་ཅི་ལྟར་ཡོད་ཅེ་ན། ལུང་ལས་ཤེས་ཏེ། ཇི་ལྟར་འཕགས་པ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང༌། ཡང་འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང༌། ཀུན་དགའ་བོ་ལིཙྪ་བི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་འདིས་ལུགས་ཕྱིན་ཅི་མ་ལོག་པར་ངེས་པར་གྲུབ་བོ། ཞེས་ལང་ཀར་གཤེགས་པ་དང་འཕགས་པ་སྤྲིན་ཆེན་པོའི་མདོ་ལས་འཕགས་པ་ཀླུ་སྒྲུབ་ཀྱིས་ཡུམ་ཤེར་ཕྱིན་གྱི་དགོངས་པ་ངེས་དོན་དུ་འགྲེལ་བ་དང༌། བསྟན་པ་རྒྱས་པར་བྱེད་པ། རྟེན་དེ་ལ་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ། ཞིང་འདིར་དངོས་ཀྱི་གདུལ་བྱ་རེ་ཞིག་རྫོགས་ནས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། མ་འོངས་པར་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་དུ་འགྱུར་བ་སོགས་སངས་རྒྱས་ཀྱིས་ཇི་ལྟར་ལུང་བསྟན་པའི་ཚུལ་གསལ་བར་གསུངས་པས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བའི་ལུང་གི་གསལ་བཤད་ལྟ་བུར་གྱུར་ཏོ། །

ཡང༌དཔལ་ལྡན་ཟླ་བའི་བཞི་བརྒྱ་པའི་འགྲེལ་བ་ལས་ཀྱང་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷས་སློབ་དཔོན་ཀླུ་སྒྲུབ་དགེ་བའི་བཤེས་གཉེན་དུ་ཇི་ལྟར་བསྟེན་པའི་ཚུལ་གསལ་བར་གསུངས་ཏེ། འདི་ནི་རྒྱལ་པོ་བདེ་སྤྱོད་བཟང་པོས་བསྙེན་བཀུར་ཞུ་བའི་དུས་སུ་ཡིན་པར་ལོ་ཆེན་ཞོན་ཙང་གིས་གསུངས་པ་འོག་ནས་འབྱུང་བ་ལྟར་ཡིན་ལ། ལོ་ཆེན་གཞོན་ནུ་སྲོག་གིས་ས་བཅད་བཅུ་དྲུག་པར་འཕགས་ཡུལ་གྱི་རྒྱལ་པོས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བྲམ་ཟེ་ནུས་ལྡན་ཞིག་དང་རྩོད་པའི་དཔང་པོར་མཛད་པར་གསུངས་ཤིང༌། ཡང་ས་བཅད་བཅོ་བརྒྱད་པར་འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་པོ་འཁོར་བྲམ་ཟེ་ཁྲི་ཕྲག་དང་བཅས་པ་ཆོས་ལ་བཀོད་པར་གསུངས་ཏེ། རྒྱལ་པོ་བདེ་སྤྱོད་བཟང་པོའི་རྒྱལ་ཁབ་དེ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་ཀོ་ས་ལ་ཞེས་པར་ཡོད་པས། འདིའི་ས་བཅད་ཕྱི་མའི་འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་པོ་དེ་ཡིན་ནམ་སྙམ་སྟེ་བརྟག་པར་བྱའོ། །བཞི་བརྒྱ་པའི་འགྲེལ་བ་ལས། གང་གི་ཕྱིར་ན་སློབ་དཔོན་འཕགས་པ་ལྷ་འདི་ནི། །སློབ་དཔོན་ཀླུ་སྒྲུབ་སློབ་མར་གནང་བར་འདོད་གྱུར་པ། །དེའི་ཕྱིར་འདི་ཡི་དེ་ཉིད་ལུགས་ལས་ལུགས་གཞན་མིན། །འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་སྟེ་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་དུ་རབ་དུ་བྱུང་ཞིང༌། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་ལྟར་འོངས་ཏེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་གྱུར་ཅིང༌། དེའི་ལུགས་ཀྱི་རྗེས་སུ་འཇུག་པར་གྱུར་པ་དེ་ཉིད་ཀྱི་ཕྱིར་ན་བསྟན་བཅོས་བཞི་བརྒྱ་པ་འདིའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ལས་བཤད་པའི་དེ་ཁོ་ན་ཉིད་ལས་མཚན་ཉིད་ཐ་དད་པ་ཅན་མ་ཡིན་ནོ། ཞེས་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷའི་འཁྲུངས་ཡུལ་སིངྒ་ལའི་གླིང་དང༌། རིགས་ནི་རྒྱལ་སྲས་ཡིན་ལ། མཐར་རྒྱལ་སྲིད་ལ་མ་ཆགས་པར་རྒྱལ་ཚབ་ཀྱི་གོ་གནས་ཀྱང་བོར་ནས་སིངྒ་ལའི་གླིང་དུ་རབ་ཏུ་བྱུང་ཞིང༌། འཕགས་ཡུལ་ལྷོ་ཕྱོགས་སུ་ལྟར་ཕེབས་ནས་ཀླུ་སྒྲུབ་ཀྱི་ཉེ་གནས་གནང་བ་དང་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་བསྟན་བཅོས་བཞི་བརྒྱ་པ་མཛད་པར་གསུངས། དེ་ཡང་འདིར་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྟར་འོངས་ཏེ་ཞེས་སྨྲོས་པས་ནི། སློབ་དཔོན་ཨཱརྱ་དེ་ཝ་དེ། དང་པོར་ཀླུ་སྒྲུབ་ཀྱི་སྙན་གྲགས་ཐོས་ནས་གཞུང་དོན་ལ་རྩོད་པ་དང་འདྲི་བའི་སླད་དུ་ལྟར་ཕེབས་པ་ཡིན་གྱི། དགེ་བའི་བཤེས་གཉེན་དུ་བསྟེན་པའི་ཕྱིར་དུ་ཕེབས་པ་མིན་ཡང༌། འཕགས་མཆོག་ཀླུ་སྒྲུབ་དང་མཇལ་ཙམ་ཉིད་ནས་ཆོས་ཀྱི་བགྲོ་གླེང་བྱར་མ་སྤོབས་ཤིང༌། མི་འཕྲོག་པའི་དད་པ་ཆེན་པོ་འཁྲུངས་ནས་དེའི་ཉེ་གནས་སུ་གྱུར་པ་ཡིན་ནོ་ཞེས་བསྟན་ཏེ་འདི་ནི་ས་བཅད་བཅོ་བརྒྱད་པའི་ཁུངས་སུ་གཏོགས་པའོ། །ཡང་དེ་ཉིད་དུ། ཇི་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་པོའི་བུ་སེམས་ཀྱི་ནད་བུད་མེད་འདོད་པས་བསླང་བ་སྨན་པ་ཐམས་ཅད་ཀྱིས་མ་ཤེས་པ་ཞིག་མཁྱེན་ནས་ཞི་བར་མཛད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཡོངས་སུ་ཤེས་པ་ལས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་པའི་ནད་རིལ་ཉེ་བར་ཞི་བར་བྱེད་དོ། ཞེས་འཕགས་མཆོག་ཀླུ་སྒྲུབ་ཀྱིས་གཞན་སེམས་ཤེས་པའི་མངོན་ཤེས་ལ་བརྟེན་ནས་རྒྱལ་བུའི་སེམས་ཀྱི་ནད་ཞི་བར་བྱས་པ་སོགས་གསུངས་སོ། །དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་རྩ་བའི་འགྲེལ་བ་ཚིག་གསལ་བ་ལས་གསུངས་པའི་ཚིགས་བཅད་ཀྱི་དོན་འགྲེལ་ན། འདི་ལྟ་བུ་ཞིག་གསུངས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བར་མི་བཟོད་པའི་སྙིང་རྗེ་དང༌། གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་དང༌། འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་བདག་གིར་བཞེས་པའི་ལྷག་བསམ་དང་བཅས་པའི་ཐུགས་རྗེས་བརླན་པའི་བྱང་ཆུབ་ཀྱི་ཐུགས་མངའ་བས་ན། སངས་རྒྱས་རྣམས་ཀྱི་སྲས་པོར་གྱུར་ཅིང༌། ཆོས་ཀྱི་གནས་ལུགས་མཐར་ཐུག་གཟིགས་པ་ལ་དྲི་མ་མེད་པའི་བློ་གྲོས་མཆོག་དང་ལྡན་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་གསུང་རབ་སྤྱི་དང་ཁྱད་པར་དུ་ཡུམ་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་གྱི་དོན་ཇི་ལྟར་གནས་པའི་ཟབ་མོ་སྟོང་པ་ཉིད་དེ། ཐོག་མར་རང་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མཁྱེན་ནས། དེ་ལ་རབ་ཏུ་གུས་ཤིང་དད་པས་གཞན་ལ་ཕན་པའི་སླད་དུ་བསྟན་བཅོས་ཆེན་པོ་དབུ་མ་རྩ་བའི་ཚིག་ལེར་བྱས་པ་ཤེས་རབ་ཅེས་བྱ་བ་བརྩམས་ནས། འཇིག་རྟེན་གྱི་ཁམས་འདིར་ཆོས་ཉིད་ཟབ་མོའི་གཏམ་ཤིན་ཏུ་རྒྱས་པར་མཛད་པ་ཡིན་ཏེ། རྒྱུ་མཚན་གང་གིས་ཕྱིར་ན། ཡོན་ཏན་ཀུན་གྱི་འབྱུང་གནས་སངས་རྒྱས་རྣམས་ཀྱིས་མདོ་སྡེ་དག་ཏུ་འདི་ལྟར་མཛད་པར་ལུང་བསྟན་གསལ་བར་བྱུང་བས་སོ། །ཞེས་པ་སྟེ། གཞུང་དེ་ཉིད་ལས།

གང་ཕྱིར་ཡོན་ཏན་ཀུན་གྱི་འབྱུང་གནས་འདི་ནི་སངས་རྒྱས་རྣམས་ཀྱིས་བསྟན་གྱུར་པ། །

དེ་ཕྱིར་དེའི་གཏམ་ཤིན་ཏུ་རྒྱས་དང་བཅས་པར་ཐུགས་རྗེས་བརླན་པའི་ཐུགས་མངའ་ཞིང༌། །

སངས་རྒྱས་རྣམས་ཀྱི་སྲས་པོ་བློ་བཟང་ཀླུ་སྒྲུབ་དེ་ཡིས་གསུང་རབ་ཇི་ལྟ་བར། །

གནས་པ་བཞིན་དུ་མཁྱེན་ནས་གུས་པས་བསྟན་བཅོས་དབུ་མར་གཙོ་བོའི་ངོ་བོར་བསྟན། །

ཞེས་པ་ནི་འཕགས་མཆོག་ཀླུ་སྒྲུབ་འདི་སངས་རྒྱས་ཀྱིས་ལུང་བསྟན་པ་དང༌། དེའི་མཁྱེན་པ་དང་བརྩེ་བའི་ཡོན་ཏན་དང་འཕྲིན་ལས་རྣམས་ཀྱི་ནང་ནས་གསུང་གི་འཕྲིན་ལས་རྣམས་ལ་ཆེས་ཆེར་བསྔགས་པར་མཛད་དེ། འདི་ནི་ས་བཅད་བཅུ་བཞི་པ་སླར་འཕགས་ཡུལ་དུ་ཕེབས་ནས་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་དེ་བསྟན་པ་ཆེས་ཆེར་སྤེལ་བའི་སྐོར་ཡིན་ནོ། །འདིར་ཁོ་བོས་ཡུམ་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་གྱི་དོན་ཇི་ལྟར་གནས་པ་ཞེས་སྨྲོས་པ་ལ། ལ་ལ་ན་རེ། ཡུམ་འབྲིང་པོའི་དོན་ཇི་ལྟར་གནས་པ་བཞིན་དུ་འགྲེལ་བ་མ་གྲུབ་སྟེ། ཡུམ་བར་མ་དེ་འཕགས་པ་གྲོལ་སྡེའི་དུས་སུ་དགེ་བསྙེན་ཞི་བའི་གོ་ཆས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞིང་ཁམས་པོ་ཏ་ལ་ནས་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ནས་འཛམ་བུའི་གླིང་དུ་གདན་དྲངས་ལ། ཡུམ་བར་མའམ་སྟོང་ཕྲག་ཉི་ཤུ་ལྔ་པ་ཝཱ་ར་ནཱ་སིར་སླེབས་པ་དང་འཕགས་པ་གྲོལ་སྡེས་མཇལ་ནས་ཉི་ཁྲིའི་སྣང་བ་མཛད་དོ་ཞེས་ཀུན་ལ་གྲགས་ཤིང་གྲུབ་པ་ལགས་པས། གལ་ཏེ་ཀླུ་སྒྲུབ་ཀྱི་དུས་ནས་འཛམ་བུའི་གླིང་དུ་ཡོད་ན་ཞིང་གཞན་ནས་གདན་དྲངས་པ་ཇི་ལྟར་འགྲིག་ཅེ་ན། དེ་ལ་ནི་སྐྱོན་མེད་དེ། འཕགས་པ་གྲོལ་སྡེ་མ་འཁྲུངས་གོང་གི་ལོ་ངོ་བརྒྱ་ཕྲག་གཉིས་ཀྱི་སྔོན་ནས་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་རྒྱ་ཡིག་ཏུ་བསྒྱུར་ལ། ཁྱད་པར་དུ་ལོ་ཆེན་གཞོན་ནུ་སྲོག་གིས་སྤྱི་ལོ་༤༠༤ལ་མགོ་བརྩམས་ནས་ལོ་བདུན་དང་ཟླ་བ་བཅུ་གཅིག་ཞག་ཉི་ཤུ་རྩ་བདུན་ལ་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་དང༌། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་དེའི་འགྲེལ་བ་ཤིན་ཏུ་རྒྱས་པ་ཤེར་ཕྱིན་མན་ངག་ཏུ་གྲགས་པ་དང་བཅས་པ་རྒྱ་ཡིག་ཏུ་རྫོགས་པར་བསྒྱུར་བ་ད་ལྟ་དངོས་སུ་མཇལ་དུ་ཡོད་པས། འཕགས་པ་གྲོལ་སྡེ་ཇི་ཙམ་སྔ་ཡང་དུས་རབས་ལྔ་པའི་སྨད་ཙམ་ལ་འཁྲུངས་པར་གྲུབ་ཅིང༌། སྤྱི་ལོ་༥༠༠ནས་༦༠༠བར་གྱི་སློབ་དཔོན་ཞིག་ཡིན་པས། གལ་ཏེ་དེའི་གོང་དུ་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་འཛམ་བུའི་གླིང་དུ་མེད་ན་རྒྱ་ཡིག་ཏུ་ཇི་ལྟར་བསྒྱུར་སོམས་ཤིག  

འདི་རིགས་ལ་སྡིག་པ་མིག་ཙུམ་བྱར་མེད་ཅིང༌། དཔལ་ལྡན་ཟླ་བསཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །གསུངས་པ་ལྟར། སྔར་ཀླུ་སྒྲུབ་ཀྱི་དུས་སུ་མདོ་འདིའང་འཛམ་བུའི་གླིང་དུ་ཡོད་པར་བསྙོན་དུ་མེད་ཀྱང༌། ཀླུ་སྒྲུབ་ཡབ་སྲས་རྣམས་འདས་ནས་༼སྤྱི་ལོ་༤༧༠ནས་༥༤༠༽སློབ་དཔོན་སངས་རྒྱས་བསྐྱངས་ཕེབས་པའི་བར་དུ་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་བསྟན་པ་སྤྱི་དང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རྣམས་ཆེས་ཆེར་ཉམས་པར་གྱུར་པས་ཡུམ་བར་མ་འདི་ཡང་རྒྱ་གར་འཕགས་པའི་ཡུལ་དུ་མ་བཞུགས་པར་འཕགས་པ་གྲོལ་སྡེའི་དུས་སུ་གྲུ་འཛིན་གྱི་ཞིང་ངམ་པོ་ཏ་ལ་ནས་འཛམ་བུའི་གླིང་དུ་གདན་དྲངས་དགོས་པར་བྱུང་བ་ཡིན་ནམ་སྙམ་མོ། །

ཡང་གཞུང་དེ་ཉིད་ལས། རྟག་ཆད་ཀྱི་མཐའ་གཉིས་སེལ་བའི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་པའི་བསྟན་བཅོས་འདི་མཛད་པའི་དགོས་པ་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་དུ་གང་དག་ཡུམ་གསུམ་ནས་དངོས་སུ་བསྟན་པའི་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཇི་བཞིན་དུ་མ་རྟོགས་པའི་གདུལ་བྱ་རྣམས་རྗེས་སུ་བཟུང་སྟེ། ཟབ་མོའི་དོན་ཕྱིན་ཅི་མ་ལོག་པ་རྟོགས་པར་བྱེད་པ་དང༌། གང་དག་བློ་གྲོས་ངན་པའི་དབང་གིས་ལོག་པར་རྟོག་པ་དང་ལོག་པར་སྨྲ་བར་བྱེད་པའི་རྒོལ་བའི་དཔུང་ཚོགས་རྣམས་ཏེ། ཕྱི་རོལ་རྒྱང་འཕེན་པ་ལ་སོགས་པ་ཚེ་འདི་ཕྱི་དང༌། ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་མེད་པར་སྨྲ་བའི་མེད་པར་སྨྲ་བའམ་ཆད་པར་སྨྲ་བ་རྣམས་དང༌། ཕྱི་རོལ་གྲངས་ཅན་པ་ལ་སོགས་ཆོས་དང་གང་ཟག་གི་བདག་གཉིས་ཀ་ཁས་ལེན་པ་རྣམས་དང༌། རང་སྡེ་གནས་མ་བུ་བ་རྣམས་ཀྱིས་བརྗོད་དུ་མེད་པའི་བདག་ཁས་ལེན་པ་དང༌། དེ་མིན་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་རྣམས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་མེད་པར་འདོད་ཀྱང༌། ཆོས་ཀྱི་བདག་ཁས་ལེན་པ་དང༌། ཐེག་པ་ཆེན་པོའི་སེམས་ཙམ་པ་རྣམས་ནི་གང་ཟག་གི་བདག་ཁས་མི་ལེན་ཞིང༌། གཟུགས་སོགས་ཀྱི་ཆོས་རྣམས་ཕྱི་རོལ་དོན་དུ་ཡོད་པའང་མི་འདོད་པར་སེམས་ཀྱི་བདག་ཉིད་ཙམ་དུ་འདོད་ཀྱང༌། སེམས་བདེན་པར་གྲུབ་པ་ཁས་ལེན་པ་དང༌། དབུ་མ་རང་རྒྱུད་རྣམས་ཀྱང་གང་ཟག་གི་བདག་ཁས་མི་ལེན་ཞིང༌། ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་མ་ཡིན་པའི་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་ཚུར་གྲུབ་པའི་ཆོས་ཀྱི་བདག་ཁས་མི་ལེན་ཡང༌། བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་དང་ཡུལ་གྱི་ཐུན་མོང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་གཉིས་ཚོགས་ཀྱི་ཐ་སྙད་པའི་བདག་རང་བཞིན་ནམ་རང་ངོས་ནས་གྲུབ་པ་ཁས་ལེན་པས། དེ་དག་རྣམས་ནི་དཔལ་ལྡན་ཟླ་བའི་ལུགས་ཀྱི་དངོས་པོར་སྨྲ་བའམ་རྟག་པ་སྨྲ་བ་རྣམས་ཡིན་ལ། དེ་དག་རྣམས་ཡང་དག་པའི་རིགས་པའི་ལམ་ནས་ཚར་བཅད་དེ་རྟག་ཆད་ཀྱི་མཐའ་ལས་བཟློག་པར་བྱ་བའི་ཕྱིར་དུ་ཡིན་ནོ་ཞེས་གསུངས་སོ། །

འདིའི་ནང་ནས་ཕྱི་རོལ་པ་རྣམས་ནི་རྒྱལ་བའི་བསྟན་པ་ཟབ་མོ་མ་རྟོགས་པ་རྣམས་ཡིན་ལ། རང་སྡེའི་དབུ་མ་རང་རྒྱུད་པ་མན་ཆད་ནི་རྒྱལ་བའི་བསྟན་པ་ཟབ་མོ་མ་རྟོགས་པ་དང༌། ལོག་པར་རྟོག་པའམ་གཞན་དུ་འཆད་པ་ཅི་རིགས་ཤིག་མཆིས་སོ། །

དེ་འཆད་པ་ལ་ཚིག་གསལ་ལས།

སྐྱེ་བོ་གང་གིས་རྒྱལ་པའི་བསྟན་པ་ཟབ་མོ་མ་རྟོགས་པ་དེས་རྟོགས་ཕྱིར་དང༌། །

གང་དག་ཐུབ་པའི་དབང་པོའི་གསུང་ལས་གཞན་དུ་དེ་ཉིད་བསྟན་པར་འདོད་པ་དང༌། །

བློ་གྲོས་ངན་པ་གཞན་གང་གསུང་རབ་རྣམ་པ་གཞན་དུ་འཆད་པར་བྱེད་གྱུར་པ། །

དེ་དག་ཀྱང་ནི་བཟློག་པར་བྱ་ཕྱིར་མཐའ་གཉིས་སེལ་བའི་བསྟན་བཅོས་འདི་མཛད་དོ། །

ཞེས་གསུངས་ཏེ། འདི་ཡང་བཅུ་བཞི་པ་སླར་འཕགས་ཡུལ་དུ་ཕེབས་ནས་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཚར་བཅད་དེ་བསྟན་པ་ཆེས་ཆེར་སྤེལ་བའི་སྐོར་རོ། །

ཡང་འོག་གི་གཞུང་འདི་རྒྱ་གར་གྱི་མཁན་པོ་མ་ཧཱ་སུ་མ་ཏི་དང་། པ་ཚབ་ཉི་མ་གྲགས་གཉིས་ཀྱི་འགྱུར་གྱི་གོ་རིམ་ལྟར་འགྲེལ་ན། ཀླུ་སྒྲུབ་དང་སྒྲ་གཅན་འཛིན་བཟང་པོ་དང་བཅས་པའི་འཕགས་པ་ལྷ་ཡི་གསུང་གི་རྗེས་སུ་འབྲངས་ནས། ཀླུ་སྒྲུབ་ཀྱིས་སྲོལ་ལེགས་པར་ཕྱེས་བའི་དབུ་མའི་ཚུལ་ལུགས་དེ་ནི༌། དུས་ཡུན་རིང་པོ་ཞིག་ཏུ་གསལ་པར་བསྟན་ཅིང་རྒྱས་པར་བྱས་པ་ཡིན་ཏེ། དེ་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་རྣམས་ཀྱིས་ཐོག་མར་དབུ་མའི་བསྟན་བཅོས་ཤེས་རབ་ལ་སོགས་པའི་དོན་རྣམ་པར་འབྱེད་པའི་སྟོབས་ཀྱིས། ཟབ་མོ་སྟོང་པ་ཉིད་ཀྱི་རྣམ་བཞག་ལ་ངེས་པ་འཁྲུངས་པའི་བློ་དང་ལྡན་པར་གྱུར་ཅིང༌། དེ་ནས་དེ་དག་རྣམས་ཀྱིས་ཀྱང་མུ་སྟེགས་ཀྱི་རྒོལ་བ་རྣམས་ཚར་བཅད་དེ་ཕམ་པར་བྱས་ནས། ཐུབ་པའི་བསྟན་པ་དྲི་མ་མེད་པ་དེ་ཉིད་སྐལ་བ་ལྡན་པ་རྣམས་ལ་བཤད་པ་ལ་སོགས་པས་ཡུན་རིང་དུ་དར་བར་བྱས་སོ་ཞེས་བསྟན་པ་ལ་ཚིག་གསལ་ལས།

ཀླུ་སྒྲུབ་སྒྲ་གཅན་འཛིན་ནི་བཟང་པོའི་ཞལ་སྔ་དང་བཅས་ལྷས་ཀྱང་གསུང་རྗེས་སུ། །

འབྲངས་པས་དེ་ཡི་ཚུལ་ལུགས་དུས་ནི་ཡུན་རིང་ཞིག་ཏུ་གསལ་བར་བསྟན་པར་མཛད། །

དེ་ཡི་སློབ་མ་བསྟན་བཅོས་དེ་ལ་རྣམ་པར་འབྱེད་པས་རྣམ་ངེས་བློ་ལྡན་པ། །

རྣམས་ཀྱིས་ཀྱང་ནི་མུ་སྟེགས་མ་ལུས་ཕམ་བྱས་ཐུབ་མཆོག་བསྟན་པ་ཡུན་རིང་བཤད། ཅེས་སོ། །

འདིར་ཀླུ་སྒྲུབ་སྒྲ་གཅན་འཛིན་འཕགས་པ་ལྷ་གསུམ་གྱི་མཚན་དངོས་སུ་བསྟན་པ་ལས་གཞན་གཉིས་ཤེས་སླ་ལ། སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ནི་དབུ་མའི་སློབ་དཔོན་སྔ་གྲས་དང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ལ། བསྟན་འགྱུར་བསྟོད་ཚོགས་ནང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་འདི་ཡང་། སྒྲ་གཅན་འཛིན་བཟང་པོས་མཛད་པར་ཀླུ་སྒྲུབ་གཤེགས་ནས་ལོ་ཉིས་བརྒྱ་ཉི་ཤུ་ཙམ་ལ་ཕེབས་པ་༼སྤྱི་ལོ་༤༧༠ནས་༥༤༠༽སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བུདྡྷ་པཱ་ལི་ཏར་གསུངས་སོ། །སློབ་དཔོན་འདི་དུས་ཇི་ཙམ་ལ་བྱུང་བ་ལ་ནི་དོགས་གཞི་གཉིས་ཡོད་དེ། དང་པོ་ནི། བུ་སྟོན་ཐམས་ཅད་མཁྱེན་པ་དང་ཇོ་ནང་བ་ཏཱ་ར་ནཱ་ཐ་གཉིས་ཀས་སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་འདི་ཀླུ་སྒྲུབ་རབ་ཏུ་བྱུང་བའི་མཁན་པོ་ཡིན་པར་གསུངས་ཤིང༌། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ལས་ཟུར་དུ་ཕྱུང་བ་དབུ་མའི་བསྟོད་པ་ཞེས་པའི་སཾ་སྐྲྀ་ཏའི་དཔེ་ལས་ཀྱང༌།

स्पष्टंराहुलभद्रपादसहितोनागार्जुनोतन्मतं

देवेनाप्यनुगम्यमानवचनःकालंचिरंदिष्टवान्।

སྤ་ཥྚཾ་རཱ་ཧུ་ལ་བྷ་དྲ་པཱ་ད་ས་ཧི་ཏོ་ནཱ་གཱ་རྫུ་ནོ་ཏནྨ་ཏཾ་

དེ་ཝེ་ནཱ་པྱ་ནུ་ག་མྱ་མཱ་ན་ཝ་ཙ་ནཿཀཱ་ལཾ་ཙི་རཾ་དི་ཥྚ་ཝཱན྄། །

ཞེས་པའི་གོ་རིམ་ལ་དཔག་ན། སྒྲ་གཅན་འཛིན་བཟང་པོའི་ཞལ་སྔ་ནས་དང༌། ཀླུ་སྒྲུབ་དང༌། ལྷས་ཀྱང༌། ཞེས་འབྱུང་བ་དང༌། ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་པཎྜིཏ་གཞོན་ནུ་སྲོག་གིས་སྤྱི་ལོ་༤༠༤ཙམ་ལ་བསྒྱུར་བའི་རྒྱ་ནག་གི་དཔེ་ནའང་བསྟོད་པ་འདི་ཤིན་ཏུ་གལ་ཆེ་བར་བརྩིས་ཏེ་གཞུང་ཆ་ཚང་བ་ལུང་འདྲེན་མཛད་ལུགས་བཅས་ལ་བརྟག་ན། སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་འདི་ཀླུ་སྒྲུབ་ཀྱི་སྔོན་དུ་བྱུང་ངམ་སྙམ་པ་དང༌།

གཉིས་པ་ནི། ཡང་ན་བོད་འགྱུར་ཚིག་གསལ་གྱི་པེ་ཅིང་པར་མ་དང་སྣར་ཐང་པར་མར། ཀླུ་སྒྲུབ་སྒྲ་གཅན་འཛིན་ནི་བཟང་པོའི་ཞལ་སྔ་དང་བཅས་ལྷས་ཀྱང་གསུང་རྗེས་སུ། །ཞེས་གསུངས་པའི་ཚིག་འགྲོས་ལ་བལྟས་ན་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་ཙམ་ལ་འཁྲུངས་ཤིང༌། འཕགས་པ་ལྷའི་སློབ་མ་ཡང་ཡིན་པར་གསུངས་པ་བདེན་ནམ་སྙམ་སྟེ། བུ་སྟོན་རང་ཉིད་ཀྱིས་དགེ་སློང་གི་སྡོམ་རྒྱུན་འཆད་པའི་སྐབས་སུ། ལང་ཀར་གཤེགས་པའི་འགྲེལ་བ་དྲངས་པ་ལས། ཐུབ་པ་ནས་དྷི་དྷི་ཀའི་བར་ལུང་དང་འདྲ་བ་ལས། དེས་བི་བྷ་ག་ལ། དེས་བཙུན་པ་བུདྡྷཱ་ནནྟི་ལ། དེས་བུདྡྷ་མི་ཏྲ་ལ། དེས་སློབ་མ་དགེ་སློང་རྩིབས་ལ། དེས་སུ་ན་ཤ་ཏ་ལ། དེས་རྟ་སྐད་ལ། འདི་སློབ་དཔོན་རྟ་དབྱངས་ཡིན་ནམ་སྙམ་སྟེ།གཞོན་ནུ་སྲོག་གིས་བསྒྱུར་བའི་སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར་ལྟར་ན་སློབ་དཔོན་རྟ་དབྱངས་ཀླུ་སྒྲུབ་ལས་སྔ་བར་གསུངས་ཤིང་། སྡེ་སྣོད་གང་ལ་བརྟེན་ནས་བྱུང་བའི་གཏད་རབས་ལས་ཀྱང་马鸣མ་མིང་ཞེས་རྟ་དབྱངས་ཀྱི་མཚན་ནས་སྨོས་པའི་ཕྱིར་རོ།།

དེས་མ་ཤི་བ་ལ། དེས་ཀླུ་སྒྲུབ་ལ། དེས་ཨཱརྱ་དེ་བ་ལ། དེས་རཱ་ཧུ་ལ་སྟེ་སྒྲ་གཅན་འཛིན་ལ། དེས་སཾ་གྷཱནནྟི་ལ། དེས་དགེ་སློང་སྒྲ་བཅོམ་ལ། དེས་གྷ་ལ་ཤ་ལ། དེས་ཀུ་མཱ་ར་ཏ་ལ། དེས་ཤ་ཡ་ཏ་ལ། དེས་བ་སུ་བནྡྷུ་ལ། དེས་མ་ནོ་ཏ་ལ། དེས་ཧ་ཀ་ལི་ཀ་ན་ཡ་ན་ཤ་ལ། དེས་དགེ་སློང་སེང་གེ་ལ་བསྟན་པ་གཏད་པར་བཤད་དོ་ཞེས་གསུངས་པའི་ཕྱིར་རོ། །

གཞན་ཡང་སྤྱི་ལོ་༤༧༢ལ་ལི་ཡུལ་གྱི་སློབ་དཔོན་ཀིངྐར་དང་རྒྱའི་བཙུན་པ་ཐན་ཡའོ་གཉིས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་བའི་སྡེ་སྣོད་གང་ལ་བརྟེན་ནས་བྱུང་བའི་གཏད་རབས་ནང་དུ་སྒྲ་གཅན་འཛིན་འཕགས་པ་ལྷའི་སློབ་མ་ཡིན་སྐོར་གསལ་བར་གསུངས་པས། གལ་ཏེ་དེ་དག་བདེན་ན་སློབ་དཔོན་གྱིས་སློབ་མའི་ལུང་འདྲེན་པ་འཐད་དཀའ་བས༌། འོ་ན་ནི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བོད་འགྱུར་དུ་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པར་གསུངས་པ་དེའང་ཁུངས་མེད་ཅིག་མིན་པར་སེམས་སོ། །

མདོར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་ལུང་འདྲེན་བྱས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྒྱ་ནག་དཔེ་དེ་ཀླུ་སྒྲུབ་ཀྱིས་མཛད་པ་མིན་པའི་སྒྲུབ་བྱེད་དུ་འགྲོ་བ་ནི་རེ་ཞིག་འཐད་དཀའོ། །འདི་དག་ནི་ས་བཅད་ཉེར་གཅིག་པ་ཀླུ་སྒྲུབ་འདས་པའི་རྗེས་སུ་འཕགས་ཡུལ་ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་དེའི་ལྷ་ཁང་བརྩིགས་ཏེ་བསྙེན་བཀུར་བྱས་པའི་སྐོར་ལས་འཁོར་སློབ་རྣམས་ཀྱིས་དེའི་ལུགས་བཟང་ཇི་ལྟར་རྒྱས་པར་བྱས་པའི་ཚུལ་ལོ། །

ཡང་ཚིག་གསལ་ལས།

དབུ་ནི་དོན་དུ་གཉེར་བ་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩོལ་མཛད་ནས། །

བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །

གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །

དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །

ཅེས་པའི་ཤླཽཀ་འདིའི་ནང་དུ་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་འབྲེལ་བའི་དོན་ཆེན་བཞི་གསུངས་ཏེ།

དང་པོ་ནི། ཀླུ་སྒྲུབ་སྐུ་གཤེགས་པའི་ཚེ་གཞོན་ནུ་སྲོག་གིས་ནི་སློབ་དཔོན་ཀླུ་སྒྲུབ་སྒྲུབ་ཁང་སྟོང་པ་ཞིག་ཏུ་བཞུགས་ནས་ཉིན་མང་པོར་ཕྱིར་མ་ཕེབས་པ་ན། སློབ་མ་རྣམས་ནས་སྒོ་བཙན་གྱིས་ཕྱེས་ནས་བལྟས་པས། འབུ་སྲིན་ཤུན་པ་ལས་ཐོན་པ་ལྟར་ཞི་བར་གཤེགས་ཟིན་ཏོ། །ཞེས་གསུངས་ཀྱང་འདིར་གོང་གི་གསུང་ཚུལ་དང་ཅུང་ཟད་མི་འདྲ་བར། དབུ་དོན་དུ་གཉེར་ནས་སློང་མཁན་བྱུང་བ་ལ་ཐུགས་རྗེའི་དབང་གིས་དབུ་བཅད་ནས་སྦྱིན་པ་བསྩལ་བས་རྐྱེན་བྱས་ཏེ་འདས་པར་གསུངས།

གཉིས་པ་ནི།

བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་ཞེས་སྐུ་གཤེགས་ནས་བདེ་བ་ཅན་དུ་ཕེབས་པར་གསུངས། འདི་དག་ནི་ས་བཅད་བཅུ་དགུ་པ་ཐེག་དམན་གྱི་དགེ་སློང་ཞིག་གིས་གསོལ་ནས་ཞི་བར་གཤེགས་པའི་ཁུངས་སུ་གཏོགས་པའི་གསུང་ཚུལ་མི་འདྲ་བ་ཞིག་གོ །

གསུམ་པ་ནི།

དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །ཅེས་ཀླུ་སྒྲུབ་འདས་ནས་དེས་མཛད་པའི་གཞུང་ཆེན་རྣམས་དང༌། དེའི་ཆོས་རྒྱུན་འཛིན་པའི་སློབ་མའི་ཚོགས་དེ་དག་ཀྱང་དུས་ཡུན་རིང་པོར་ཉམས་སོ་གསུངས་པས། རང་རེ་བོད་རྣམས་ལ་ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་གྲགས་པ་ནི་དོན་ལ་མི་གནས་པར་མ་ཟད་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ཀྱང་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པས། དེ་དག་མ་ཕེབས་གོང་དུའང་དབུ་མའི་ཆོས་རྒྱུན་ལ་ཉམས་ཆག་ཡུན་རིང་བྱུང་མྱོང་ཡོད་པར་རྟོགས་སླའོ། །

བུ་སྟོན་ཆོས་འབྱུང་དུ་ལང་ཀར་གཤེགས་པའི་འགྲེལ་བ་དྲངས་པའི་ནང་ནས། དེས་ཀླུ་སྒྲུབ་ལ། དེས་ཨཱརྱ་དེ་བ་ལ། དེས་རཱ་ཧུ་ལ་སྒྲ་གཅན་འཛིན་ལ། དེས་སཾ་གྷཱནྟི་ལ། དེས་དགེ་སློང་སྒྲ་བཅོམ་ལ། དེས་གྷ་ལ་ཤ་ལ། དེས་ཀུ་མཱ་ར་ཏ་ལ། དེས་ཤ་ཡ་ཏ་ལ། དེས་བ་སུ་བནྡྷུ་ལ། དེས་མ་ནོ་ཏ་ལ། དེས་ཧ་ཀ་ལི་ཀ་ན་ཡ་ན་ཤ་ལ། དེས་དགེ་སློང་སེང་གེ་ལ་བསྟན་པ་གཏད་པར་བཤད་དོ་ཞེས་གསུངས་པའི་སློབ་དཔོན་འདི་དག་ཀླུ་སྒྲུབ་ནས་སངས་རྒྱས་བསྐྱངས་ཀྱི་བར་དུ་བྱུང་བའི་བླ་མའི་བརྒྱུད་པ་ཡིན་ནམ་སྙམ་སྟེ་བརྟག་པར་བྱའོ། །དབུ་མའི་འགྲེལ་བ་ག་ལས་འཇིགས་མེད་ཀྱི་མཛད་པ་པོ་དང༌། སངས་རྒྱས་བསྐྱངས་ཀྱི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ལས་ནི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང༌། སློབ་དཔོན་འཕགས་པ་ལྷ་དང༌། སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་དང༌། སློབ་དཔོན་འཕགས་པ་འཇིགས་མེད་བཞིའི་ལུང་འདྲེན་མཛད་པ་ལས་གོང་གི་སློབ་དཔོན་གཞན་རྣམས་མི་གསལ་ལོ། །

གཞན་ཡང་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་འགྲེལ་བ་རྟོག་གེ་འབར་བར་ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང༌། དབྱིག་གཉེན་ལ་སོགས་པ་གཞན་དག་ནི།

ཞེས་གསུངས་པས་ཀྱང་ལེགས་ལྡན་འབྱེད་ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུ་ཕེབས་པར་གྲུབ་པས། ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་ཐེ་ཚོམ་མེད་དོ། །འོ་ན་ཇོ་བོ་རྗེས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །ཞེས་མ་གསུངས་སམ་ཞེ་ན། སློབ་མ་ཡིན་ན་དངོས་སློབ་ཡིན་པས་མ་ཁྱབ་བོ་ཞེས་ཞུའོ། །

བཞི་པ་ནི།

དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །ཅེས་པའི་དོན་ནི། སྔར་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ལུགས་གསལ་ཞིང་རྒྱས་པ་དེ་དག་ནི་དེང་སང་གང་ནའང་མེད་ཅིང་མི་རྙེད་པར་གསུངས་པས། དཔལ་ལྡན་ཟླ་བས་ཀྱང་གང་ནའང་མ་རྙེད་པའི་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཤིན་ཏུ་གསལ་ཞིང་རྒྱས་པ་དག་ཡོད་པར་གསལ་ལོ། མཁས་པ་ལ་ལ་ན་རེ། ཟླ་བ་གྲགས་པ་མ་འཁྲུངས་གོང་གི་ལོ་ཉིས་བརྒྱ་ལྔ་བཅུ་ཙམ་གྱི་སྔོན་དུ་ཕེབས་པའི་པཎྜིཏ་གཞོན་ནུ་སྲོག་གིས་རྒྱ་ཡིག་ཏུ་བསྒྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མན་ངག་ཤླཽཀ་འབུམ་ཡོད་པ་དང༌།

རྒྱ་གར་གྱི་པཎྜིཏ་དྷརྨ་གུཔྟ་འམ་ཆོས་སྦས་ཀྱིས་སྤྱི་ལོ་༥༩༠་ཡི་རྗེས་ཙམ་ལ་བསྒྱུར་བའི་སངས་རྒྱས་ལམ་གྱི་རྒྱན་ནམ་བྱང་ཆུབ་རྒྱུ་ཚོགས་ཀྱི་བསྟན་བཅོས་རང་འགྲེལ་དང་བཅས་པ་ཤླཽཀ་ལྔ་སྟོང་ཅན་དང༌། དེ་བཞིན་པཎྜིཏ་གཞོན་ནུ་སྲོག་གིས་ཀླུ་སྒྲུབ་ཀྱི་རྣམ་ཐར་དུ་མཚན་བྱང་བཀོད་པའི་སྙིང་རྗེ་ཆེན་པོའི་ཐབས་ཀྱི་བསྟན་བཅོས་ཤླཽཀ་ལྔ་སྟོང་ཅན་ལ་སོགས་པ་ནི་ཀླུ་སྒྲུབ་ཀྱིས་མ་མཛད་དེ། དེ་དག་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པས་ལུང་འདྲེན་མ་མཛད་པའི་ཕྱིར་གསུངས་པ་ལ་མ་ཁྱབ་པའི་ལན་ཕུལ་ན་འགྲིག་པར་སེམས་སོ། །

ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མན་ངག་གི་གཞུང་འདི་ཀླུ་སྒྲུབ་ཀྱི་མིན་པའི་སྒྲུབ་བྱེད་གཅིག་ལ་དེའི་ནང་དུ།

ཞི་སྒོ་གཉིས་པ་མེད་པ་དང༌། །ལྟ་བ་ངན་རྣམས་འཇིག་བྱེད་ཅིང༌། །

སངས་རྒྱས་ཀུན་གྱི་ཡུལ་འགྱུར་པ། །དེ་མིང་བདག་མེད་པ་ཡི་ཆོས། །

འདི་རྒྱ་འགྱུར་གྱི་ཤེར་ཕྱིན་མན་ངག་ལས་ཐད་ཀར་བསྒྱུར་བ་ཡིན་པས་བོད་འགྱུར་གྱི་བཞི་བརྒྱ་པའི་རྩ་ཚིག་དང་བསྡུར་ན་ཅུང་ཟད་མི་འདྲའོ། །

ཞེས་བཞི་བརྒྱ་པའི་ལུང་འདྲེན་མཛད་པས་སོ་གསུངས་པ་ལ་ཡང་དོགས་གཞི་ཡོད་དེ། ལུང་དེའི་གོང་འོག་གི་ཚིག་དོན་གྱི་འབྲེལ་བབས་ལ་ལེགས་པར་བརྟག་ན། དེར་བཞི་བརྒྱ་པའི་ལུང་འདྲེན་པར་མི་འཐད་ཅིང༌། བཞི་བརྒྱ་པར་ཚིགས་བཅད་འདི་ཐད་ཀར་ལུང་འདྲེན་པར་ཁས་ལེན་ན་འཐད་པའི་རྒྱུ་མཚན་རྣམ་པ་ལྔ་དང་ལྡན་པས་སོ། །

དེ་ལ་རྒྱུ་མཚན་དང་པོ་ནི།

ཚིགས་བཅད་དེའི་གོང་འོག་དེ་མ་ཐག་ཏུ་བྱུང་བའི་ཚིགས་བཅད་དག་ནི་བཞི་བརྒྱ་པའི་ལུང་ཚིག་མིན་པས། ལུང་དེའི་གོང་འོག་ཚང་བར་དྲངས་ན་འདི་ལྟར། ཤེར་ཕྱིན་མན་ངག་ལས།

དབུ་མ་རྩ་བའི་ཚིག་ལེའུར་བྱེད་པ་ལས།

གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །

སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །

མི་སྟོང་པ་ཡང་མི་རྙེད་ན། །

སྟོང་པ་རྙེད་པར་ག་ལ་འགྱུར། །

བྱིས་པས་མི་སྟོང་པ་ཉིད་ལྟ། །

དེ་བཞིན་སྟོང་པའང་ལྟ་བར་འགྱུར། །

ལྟ་དང་ལྟ་མིན་མི་ལྟ་བ། །

དེ་མིང་མྱ་ངན་འདས་པ་ཉིད། །

ཞི་སྒོ་གཉིས་པ་མེད་པ་དང༌། །

ལྟ་བ་ངན་རྣམས་འཇིག་བྱེད་ཅིང༌། །

སངས་རྒྱས་ཀུན་གྱི་ཡུལ་གྱུར་པ། །

དེ་མིང་བདག་མེད་པ་ཡི་ཆོས། །

བདག་དོན་མདོར་བསྡུས་གསུངས་པ་གང༌། །

ཐོས་པས་དེང་འདིར་བཤད་པར་བགྱིས། །

ཞེས་གསུངས་པས་གོང་འོག་གི་ཚིགས་བཅད་རྣམས་ཚིག་དོན་གཉིས་ཀའི་ཆ་ནས་གཞུང་གཅིག་ལས་བྱུང་བ་ཤིན་ཏུ་གསལ་སྟེ། ཚིག་གི་ཆ་ནས་གོང་དེ་མ་ཐག་གི་ཚིག་རྐང་ཐ་མར། དེ་མིང་མྱ་ངན་འདས་པ་ཉིད། །ཅེས་དང༌། ཚིག་རྐང་འདིའི་ཐ་མར། དེ་མིང་བདག་མེད་པ་ཡི་ཆོས། །ཞེས་གསུངས་པ་དང༌། དོན་གྱི་ཆ་ནས་གོང་གི་ཤླཽཀ་དང་པོས་་ཡུལ་བདེན་པ་གཉིས་ལ་བདེན་ཞེན་བཀག་པ་དང༌། ཤླཽཀ་གཉིས་པས་ཡུལ་ཅན་ལྟ་བ་ལ་བདེན་ཞེན་བཀག་པ་དང༌། ཤླཽཀ་འདིས་ནི་གོང་གི་ཡུལ་དང་ཡུལ་ཅན་ལ་བདེན་ཞེན་བཟློག་པའི་བདག་མེད་དེ་ནི་ཞི་སྒོ་གཅིག་པུ་དང༌། ལྟ་ངན་གྱི་གཉེན་པོ་དང༌། སངས་རྒྱས་ཀུན་གྱིས་གང་མངོན་དུ་བྱ་བའི་སྤྱོད་ཡུལ་ཡིན་པར་གསུང་པས། ཚིག་དོན་གཉིས་ཀའི་ཆ་ནས་འདི་འདྲའི་གཅིག་མཐུན་བྱུང་བས་ནི་རྩོམ་པ་པོ་གཅིག་གིས་དུས་གཅིག་ཏུ་ཐར་ཆགས་སུ་བྲིས་པར་ཤིན་ཏུ་གསལ་ལོ། །

རྒྱུ་མཚན་གཉིས་པ་ནི།

མགོར་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ལས། ཞེས་ལུང་དེ་དག་གང་ནས་བྱུང་བའི་ཁུངས་བཀོད་ཡོད་པས། གལ་ཏེ་ཞི་སྒོ་གཉིས་པ་ཞེས་པའི་ཚིགས་བཅད་དེའི་ལུང་ཁུངས་ཐ་དད་ཡིན་ན་བཀོད་རིགས་པ་ལ་མ་བཀོད་པའི་ཕྱིར་དང༌།

རྒྱུ་མཚན་གསུམ་པ་ནི།

དེའི་ནང་གི་ཤླཽཀ་དང་པོ་དེ་ད་ལྟའི་དབུ་མ་རྩ་བའི་རབ་བྱེད་བཅུ་གསུམ་པ་འདུ་བྱེད་བརྟག་པར་ཡོད་ལ། ཞི་སྒོ་གཉིས་པ་ཞེས་པའི་ཚིགས་བཅད་དེ་བཞི་བརྒྱ་པར་ཡོད་ཀྱང༌། དེ་མིན་གྱི་ཤླཽཀ་གཅིག་དང་ཕྱེད་ནི་ད་ལྟའི་དབུ་མ་རྩ་བར་མི་བཞུགས་ཤིང༌། བཞི་བརྒྱ་པར་ཡང་མི་བཞུགས་པས། གལ་ཏེ་ཚིགས་སུ་བཅད་པ་འདི་དག་ཐར་ཆགས་སུ་བྲིས་པའི་གཞུང་ཞིག་མེད་ན་ནི། ཤླཽཀ་གཅིག་དང་ཕྱེད་ཀ་འདི་ལ་ཕ་ཡུལ་མེད་པར་འགྱུར་རོ། །

རྒྱུ་མཚན་བཞི་པ་ནི།

པཎྜིཏ་གཞོན་ནུ་སྲོག་གིས་བསྒྱུར་བའི་ཀླུ་སྒྲུབ་རྣམ་ཐར་ལས། འཇིགས་པ་མེད་པའི་བསྟན་བཅོས་ཤླཽཀ་འབུམ་ཡོད་པ་ཞིག་བརྩམས་ཏེ་དབུ་མ་རྩ་བའི་ཚིག་རྣམས་ཀྱང་དེའི་ནང་ནས་ཕྱུང་ངོ། །གསུང་ཚུལ་ལ་དཔག་ན་དབུ་མ་རྩ་བའི་གཞུང་ལའང་རྒྱས་བསྡུས་སྣ་ཚོགས་ཡོད་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །

རྒྱུ་མཚན་ལྔ་པ་ནི།

གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མན་ངག་འདི་སྤྱི་ལོ་༤༠༡ཙམ་ལ་རྒྱ་ནག་ཏུ་ཕེབས་པའི་པཎྜིཏ་གཞོན་ནུ་སྲོག་རང་ཉིད་ཀྱིས་བརྩམས་ནས་ཀླུ་སྒྲུབ་ལ་ཁ་གཡར་བའོ་ཞེ་ན། དེའི་རྗེས་ཀྱི་ལོ་བདུན་བཅུ་ཙམ་ལ་རྒྱ་ནག་ཏུ་ཕེབས་པའི་ལི་ཡུལ་གྱི་སློབ་དཔོན་ཀིངྐར་དང་རྒྱའི་བཙུན་པ་ཐན་ཡའོ་གཉིས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་བའི་ཆོས་ཀྱི་མཛོད་གང་ལ་བརྟེན་ནས་བྱུང་བའི་གཏད་རབས་ནང་དུའང་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་གྱི་བསྟན་བཅོས་ཤླཽཀ་འབུམ་ཡོད་པ་ཞིག་མཛད་པར་བཤད་པས།

གལ་ཏེ་གཞོན་ནུ་སྲོག་གིས་མཛད་པ་ཡིན་ན། བརྩམས་ནས་ལོ་ངོ་བདུན་ཅུ་ཙམ་ལས་མ་ལོན་པའི་བསྟན་བཅོས་ཤིག་རྒྱ་ནག་ཏུ་སུས་མཛད་ངོས་མི་ཟིན་པར་སྲིད་ནའང༌། ལི་ཡུལ་གྱི་སྡེ་སྣོད་འཛིན་པའི་ཁྲོད་དུའང་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་མིན་ལ་དོགས་པ་མི་ཟ་བ་ནི་ཤིན་ཏུ་དཀའ་བས། ལི་ཡུལ་གྱི་སློབ་དཔོན་ཀིངྐརས་བདེན་དཔང་བྱས་ཀྱང་ད་དུང་དོགས་པ་མི་ཆོད་ན། གཞན་རྣམས་ཐམས་ཅད་རྫུན་པའི་གྲལ་དུ་སྐྱོལ་ལ་རང་ཉིད་གཅིག་པུ་བདེན་པའི་གྲལ་དུ་སྡོད་ཅིག

ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མན་ངག་གི་སྨད་ཙམ་ལས།

གལ་ཏེ་བདག་མེད་རྟོགས་པ་ཡི། །སྐྱེ་བོ་དེ་འདྲ་ཡོད་ན་ནི། །

ཆོས་ཡོད་ཐོས་པས་མི་དགའ་ཞིང༌། །ཆོས་མེད་པས་ཀྱང་སྐྱོ་བ་མིན། །

འདི་ཡང་རྒྱ་འགྱུར་གྱི་ཤེར་ཕྱིན་མན་ངག་ལས་ཐད་ཀར་བསྒྱུར་བ་ཡིན་པས་བོད་འགྱུར་གྱི་བཞི་བརྒྱ་པའི་རྩ་ཚིག་དང་བསྡུར་ན་ཅུང་ཟད་མི་འདྲའོ། །

ཞེས་པའི་བཞི་བརྒྱ་པའི་ཚིག་དྲངས་པའི་ཕྱིར་རོ་གསུངས་མོད། གལ་ཏེ་ལུང་གོང་མར་དོགས་པ་མ་ཆོད་ན་འདི་ཡང་གང་ལས་གང་དུ་དྲངས་པའི་དོགས་པ་མི་ཆོད་དོ། །འོ་ན་ཤླཽཀ་འདི་དང་གོང་དེ་མ་ཐག་གི་ཚིགས་བཅད།

ཆོས་འདི་གང་གིས་ཤེས་གྱུར་པ། །དེ་ནི་གཞན་ལ་མི་དགའ་སྟེ། །

དེས་ན་བདག་ལ་ཆོས་འདི་ནི། །འཇིགས་པའི་སྒོ་དང་འདྲ་བར་སྣང༌། །

ཞེས་པ་གཉིས་ཀྱང་ཚིག་དོན་གྱི་འབྲེལ་བབས་ལ་ལེགས་པར་བརྟག་ན། གཅིག་མཐུན་འབྱུང་བས། རྩོམ་པ་པོ་གཅིག་གིས་དུས་གཅིག་ཏུ་ཐར་ཆགས་སུ་བྲིས་པར་ཁས་ལེན་དགོས་ལ། དེ་ལྟར་མིན་ན་གོང་དུའང་རྟགས་མ་གྲུབ་བོ་ཞེ་ན། དེ་གཉིས་མི་འདྲ་སྟེ། གོང་གི་དེ་ནི་ཤླཽཀ་ཐམས་ཅད་ལུང་དྲངས་པ་ཡིན་པས་གལ་ཏེ་ལུང་ཁུངས་ཐ་དད་ཡིན་ན། ཚིག་དོན་གཉིས་ཀར་རྩོམ་ཉམས་གཅིག་མཐུན་འབྱུང་བ་ཤིན་ཏུ་དཀའ་ལ། འདིར་ནི་ཤླཽཀ་འོག་མ་ལུང་འདྲེན་དང་ཤླཽཀ་གོང་མ་འཕགས་པ་ལྷས་བརྩམས་པ་ཡིན་པས་ལུང་གི་རྩོམ་ཉམས་དང་མཐུན་པར་བྱེད་དུ་ཡོད་པས་སོ། །

འོན་ཀྱང་ཤེར་ཕྱིན་མན་ངག་གི་གཞུང་ཚིག་ཡོངས་རྫོགས་ཀླུ་སྒྲུབ་ཀྱི་ཡིན་པའི་ངེས་པ་ནི་མེད་དེ། སྔོན་གྱི་དཔེ་ཆ་ཐམས་ཅད་བྲིས་མ་ཤ་སྟག་ཡིན་པས། ཡི་གེར་ཆད་ལྷག་དང༌། རྩ་ཚིག་ལ་མཆན་འགྲེལ་ཡོད་པ་རྣམས་འབྲི་བཤུས་སྐབས་ཡི་གེ་ཆེ་ཆུང་གི་ཁྱད་པར་མ་ཕྱེད་པར་ཐད་ཀར་བྲིས་པ་མ་དག་རྒྱུན་འབྱམས་སུ་སོང་བས་རྩ་འགྲེལ་དབྱེར་མེད་དུ་འདྲེས་པར་གྱུར་པ། སཾསྐྲྀཏའི་རྒྱ་དཔེ་རྙིང་པ་རྣམས་ཀྱང་གཅིག་མཐུན་མིན་པ་ཤིན་ཏུ་མང་སྟེ།

དོན་འདི་ལ་དགོངས་ནས་སློབ་དཔོན་སེང་གེ་བཟང་པོས་ཉི་ཁྲི་ལེའུ་བརྒྱད་མ་ལས།

ལྟ་བ་མང་པོས་ཀུན་དུ་དཀྲུགས་པས་དེ་ལྟར་རྩོད་པའི་དུས་འདིར་ཀློག་པའང་ཤིན་ཏུ་ཉུང༌། །

གླེགས་བམ་དུ་མའི་ཚིག་རྣམས་མི་མཐུན་ཐ་དད་གྱུར་པ་མཐོང་ནས་དད་པས་འདིར། །

རྒོལ་བའི་གླང་པོའི་དབང་པོ་ཁྲོས་པས་འོངས་བའི་ཀླད་འགེམས་སེང་གེ་བཟང་པོ་བདག །

གང་གིས་དག་པར་གཏུགས་པ་འཇིག་རྟེན་དོན་དུ་མཉམ་པར་བཞག་པ་མཁས་པས་བླང་བར་གྱིས། །

ཞེས་གསུངས་སོ། །འོ་ན་ཉི་ཁྲི་ལེའུ་བརྒྱད་མ་དེ་སློབ་དཔོན་སེངྒེ་བཟང་པོས་དག་པར་གཏུགས་པ་ཙམ་ཡིན་པར་གསུངས་ན་ཅིའི་ཕྱིར་བཀའ་འགྱུར་གྱི་གྲལ་དུ་མི་འཇོག་ཅེ་ན། འདི་ལ་རྒྱུ་མཚན་གཉིས་ཡོད་པར་སྙམ་སྟེ། རྒྱུ་མཚན་དང་པོ་ནི། དེའི་དུས་ཀྱི་ཡུམ་བར་མའི་གླེགས་བམ་ཕན་ཚུན་བར་དུ་ཚིག་གི་གོ་རིམ་དང་ཚིག་སྣ་རིང་ཐུང་དང་། ཚིག་དང་ལེའུ་མང་ཉུང་ལ་ཅུང་ཟད་མི་མཐུན་པ་ཤིན་ཏུ་མང་བ་ནི། རང་རེ་བོད་ཀྱི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་ཡུམ་བར་མ་ལོ་ཆེན་ཡེ་ཤེས་སྡེ་ལ་སོགས་པའི་དུས་སུ་བོད་ཡིག་ཏུ་བསྒྱུར་བ་ལེའུ་བདུན་ཅུ་རྩ་དྲུག་ཡོད་པ་དང༌། ལོ་ཆེན་ཞོན་ཙང་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ཡུམ་བར་མ་ལ་ལེའུ་བརྒྱད་ཅུ་གྱ་ལྔ་ཡོད་པ་དང༌། ལོ་ཆེན་གཞོན་ནུ་སྲོག་གིས་རྒྱ་ཡིག་ཏུ་བསྒྱུར་བའི་ཡུམ་བར་མ་ལ་ལེའུ་དགུ་བཅུ་ཡོད་པ་དང༌།

རྒྱ་གར་གྱི་པཎྜིཏ་ཞི་བ་བཟང་པོ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་བོད་ཡིག་ཏུ་བསྒྱུར་བའི་ཉི་ཁྲི་ལེའུ་བརྒྱད་མ་ལ་ལེའུ་བདུན་ཅུ་ཡོད་པ་རྣམས་བསྡུར་ནས་གཟིགས་ན་གསལ་བས། ཉི་ཁྲི་ལེའུ་བརྒྱད་མ་འདིའི་ཚིག་གི་ཚོགས་ནི་ཤིན་ཏུ་རྒྱས་ཤིང་ཕུན་སུམ་ཚོགས་པར་ཡོད་པས་དཔེ་གཅིག་གི་ནང་དུ་མ་ཚང་བ་རྣམས་དཔེ་གཞན་ནས་བསྡུས་ཏེ་བསྣན་པ་ཡིན་གྱི། མར་འཕྲི་ནས་ཇེ་ཉུང་དུ་གཏོང་བ་ནི་ཡིན་ཚོད་མི་གདའོ། །དེས་ན་མ་དཔེ་ལ་མཆན་འགྲེལ་ཡོད་པ་རྣམས་འབྲི་བཤུས་སྐབས་ཡི་གེ་ཆེ་ཆུང་གི་ཁྱད་པར་མ་ཕྱེད་པར་ཐད་ཀར་བྲིས་པའང་སྲིད་པས་ཐམས་ཅད་རྩ་གཞུང་ཡིན་པའི་ངེས་པ་མེད་དམ་སྙམ་མོ། །འོན་ཀྱང་ཉི་ཁྲི་ལེའུ་བརྒྱད་མ་འདིའི་ལེའུ་ཡི་གྲངས་ཚད་ནི་ཉུང་ཤོས་ཡིན་པས་རྒྱ་ནག་དང་བོད་ཀྱི་འགྱུར་གཞན་རྣམས་འདི་ལས་མང་བ་ཤ་སྟག་བྱུང་ངོ། །དེས་ན་ཉི་ཁྲི་ལེའུ་བརྒྱད་མ་འདི་མདོ་ཕན་ཚུན་བསྡུ་སྒྲིག་བྱས་ཤིང༌། མ་ཚང་བ་རྣམས་བསྣན་ནས་དག་པར་གཏུགས་པ་ཡིན་པས་བཀའ་འགྱུར་གྲལ་དུ་མ་བཞག་པ་ཡིན་ཏེ། དཔེར་ན་དགྲ་བཅོམ་པ་ཆོས་སྐྱབས་བཟང་པོས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་ཚིགས་སུ་བཅད་པ་རྣམས་བསྡུ་སྒྲིག་མཛད་པའི་ཆེད་དུ་བརྗོད་པའི་ཚོམས་ཞེས་པ་དེ་བསྟན་འགྱུར་གྲལ་དུ་འཇོག་པ་ལས་བཀའ་འགྱུར་གྲལ་དུ་མི་འཇོག་པ་བཞིན་ནོ། །

རྒྱུ་མཚན་གཉིས་པ་ནི། ཉི་ཁྲི་ལེའུ་བརྒྱད་མ་འདི་ནི་ཡུམ་གྱི་སྦས་དོན་མངོན་པར་རྟོགས་པ་བརྒྱད་གཏན་ལ་ཕབས་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་དགོངས་པ་ལྟར། ཡུམ་གྱི་སྦས་དོན་མཁྱེན་པ་གསུམ༌། སྦྱོར་བ་བཞི། འབྲས་བུ་ཆོས་སྐུ་དང་བཅས་པའི་དངོས་པོ་བརྒྱད་དེ། དོན་བདུན་ཅུའམ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གྱི་རྣམ་བཞག་རྒྱས་པར་ཕྱེ་ནས་དེ་དག་གི་མདོ་ཚན་རྣམས་མ་ནོར་བར་སོ་སོར་བཅད་དེ། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་རིལ་པོའི་གོ་རིམ་དང་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བརྒྱད་ཀྱི་གོ་རིམ་མ་འཁྲུག་པར། ཚིག་དང་དོན་ཡོངས་སུ་རྫོགས་པ་ལེགས་པར་སྦྱར་ནས་སྒྲིག་པའམ་རྩོམ་པའི་བསྟན་བཅོས་ཡིན་གྱི་མདོའི་གྲལ་དུ་འཇོག་པ་མི་འཐད་དེ། རྗེ་བླ་མའི་ལེགས་བཤད་གསེར་ཕྲེང་ལས།

དེ་རྗེས་སློབ་དཔོན་གྱིས་བསྡུས་དོན་འགྲེལ་པ་ཉི་ཁྲི་ལེའུ་བརྒྱད་མ་མཛད་ནས་སྦྱར་རོ། །ཞེས་མཛད་པ་པོ་སློབ་དཔོན་སེངྒེ་བཟང་པོ་ཡིན་པར་གསུངས་སོ། །གཞན་ཡང་བུ་སྟོན་ཆོས་འབྱུང་དུའང༌། དེའི་ཚེ་སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་ཁྱད་པར་དུ་ཡུམ་གྱི་དོན་ལ་རིང་དུ་གོམས་པ་ཞིག་བྱུང་སྟེ། དེས་རང་གི་མཁན་པོ་རྣམ་སྣང་བཟང་པོ་ལ་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། རྨི་ལམ་དུ་དགེ་སློང་གུར་ཀུམ་གྱི་མདོག་ཅན་སྤྱོད་ལམ་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁརས་པཱ་ཎིར་སོང་ཞིག །ཅེས་ལུང་བསྟན་ནོ། །སད་དེ་དེར་སོང་ནས་ཞག་གསུམ་དུ་སྨྱུང་གནས་བྱས་ཏེ། རྨི་ལམ་བརྟགས་པས་ཐོ་རངས་རྨི་ལམ་ན། ཨོ་ཏྱནྟ་པུ་རི་བི་ཧ་རིའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་འཐུག་པོ་ཞིག་གི་གསེབ་ན། ལྷའི་ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ། ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པ་བརྒྱད་སྟོང་པ་གསུང་བ་ལ་མཆོད་པ་བྱེད་པ་ཡིན་ཟེར་ཏེ། རིང་དུ་བལྟས་པས་རྗེ་བཙུན་ཞལ་གསེར་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཙམ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་ལ་དེང་སང་འགྲེལ་པ་མང་དུ་མཆིས་ན། གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ། འཐད་པ་བསྡུས་ཏེ། ཁྱོད་ཀྱིས་ཕྱོགས་གཅིག་ཏུ་རྩོམས་ཤིག །ཅེས་གནང་བ་ཐོབ་བོ། །སད་དེ་མཆོད་པ་བྱས་ཏེ། བསྟན་བཅོས་རྩོམ་པའི་སྦྱིན་བདག་བཙལ་པའི་ཕྱིར། ཤར་ནས་ནུབ་ཏུ་བྱོན་པ་ན། རྒྱལ་པོ་ས་སྐྱོང་གིས་ཡུམ་འཆོད་པ་ལ། སློབ་དཔོན་སེང་གེ་བཟང་པོ་མཁས་པར་ཐོས་ནས། གདན་འདྲེན་དུ་བཏང་པའི་ཕོ་ཉ་དང་པྲད་ནས་གདན་དྲངས་ཏེ། འཕགས་པའི་འགྲེལ་པ་དང་མཐུན་པ་ཉི་ཁྲིའི་བསྡུས་དེན་ལེ་བརྒྱད་མ་དང་བརྒྱད་སྟོང་འགྲེལ་ཆེན་དང་། དོན་གསལ་འགྲེལ་པ་དང་། སྡུད་འགྲེལ་རྟོགས་པར་སླ་བ་དང་། ཤེས་ཕྱིན་སྒོམ་པ་ལ་སོགས་པ་མཛད་དོ། །ཞེས་གསུངས་ཏེ། འདི་དག་གིས་ནི་ས་བཅད་ཉི་ཤུ་པ་ཀླུ་སྒྲུབ་འདས་ནས་རྣམ་ཐར་འདི་བརྩམས་པའི་བར་ལོ་བརྒྱ་ཙམ་སོང་བའི་རིང་ལ་དབུ་མའི་བསྟན་པ་དར་ཞིང༌། དེའི་རྗེས་སུ་རིམ་བཞིན་ཇི་ལྟར་ཉམས་པའི་སྐོར་གསུངས་སོ། །

ཡང་ཚིག་གསལ་ལས།

མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང༌། །

འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང༌། །

རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང༌། །

གང་ཡང་རྩོད་པ་རྣམ་པརབཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཞིང༌། །

ཞེས་པས་ནི་ཟླ་བ་གྲགས་པས་དངོས་སུ་གཟིགས་མྱོང་བའི་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་གཙོ་བོ་དག་གི་མཚན་ཐོ་བཀོད་པར་མཛད་དེ། ༡མདོ་སྡེ་ཀུན་ལས་བཏུས་པ་དང༌། ༢དབུ་མ་རིན་ཆེན་ཕྲེང་བ། ༣ཡང་དག་བསྟོད་པ། ༤དབུ་མ་རྩ་བའི་ཚིག་ལེའུ་བྱས་པ་ཤེས་རབ། ༥རིགས་པ་དྲུག་ཅུ་པ། ༦ཞིབ་མོ་རྣམ་པར་འཐག་པ། ༧སྟོང་ཉིད་བདུན་ཅུ་པ། ༨རྩོད་པ་བཟློག་པ་དང་བཅས་པ་སྟེ། རིགས་ཚོགས་དྲུག་གི་སྟེང་དུ་མདོ་བཏུས་དང་ཡང་དག་བསྟོད་པ་གཉིས་བསྣན་པས་བརྒྱད་དུ་གསུངས་པས། འདི་དག་ནི་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་གཞུང་ཁུངས་མ་ཡིན་པར་གྲུབ་པས། ས་བཅད་བཅོ་ལྔ་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཀྱི་མཚན་ཐོའི་ནང་དུ་ཡོད་པ་དང་བསྣན་དགོས་ཅི་རིགས་པ་དག་གོ།

སྨྲས་པ།

དཔ༵ལ་ལྡན་ཟླ་བའི་གཞུང་ལ་ཁུངས་བཅོལ་ནས། །

དཔ༵ལ་མགོན་ཀླུ་ཡི་རྣམ་ཐར་ལ་དཔྱོད་ན། །

དཔ༵ལ་མཆོག་བློ་གྲོས་དོན་གཉེར་སྐྱེས་བུ་ལ། །

དཔ༵ལ་གྱི་ཡོན་ཏན་འཐོབ་པར་གདོན་མི་ཟ། །

ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །


 

བཞི་པ་སྤྱི་ལོ་༦༠༢ནས་༦༦༤བར་དུ་ཕེབས་པའི་ལོ་ཆེན་ཞོན་ཙང་འཕགས་ཡུལ་དུ་ཕེབས་པའི་༼སྤྱི་ལོ་༦༢༧ནས་༦༤༥༽དུས་སུ་ཇི་ལྟར་གྲགས་པ་ནི།

ལོ་ཆེན་ཞོན་ཙང་གིས་མཛད་པའི་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ནང་དུ་འཁོད་པ་རྣམས་ཕལ་ཆེར་དཔལ་ལྡན་ཟླ་བའི་གསུངས་དང་འདྲ་བ་ལ་དེ་ལས་ཤིན་ཏུ་རྒྱས་པར་ཡོད་ཅིང༌། དེ་ནི་དུས་དེའི་རྒྱ་གར་གྱི་ཡུལ་དང་གནས་ཆེན་སོ་སོའི་གཙུག་ལག་ཁང་དང་མཆོད་རྟེན་ནམ་དེ་དག་གི་རྗེས་ཤུལ། དེ་དག་ཏུ་ཕེབས་ཟིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་དུས་དེར་གྲགས་ཚོད་ལྟར་ལེགས་པར་བཀོད་པའི་ཆོས་འབྱུང་གི་ལོ་རྒྱུས་ཆེས་གལ་ཆེན་ཞིག་ཡིན། དེ་སྔར་ཆོས་འབྱུང་དེ་གུང་མགོན་པོ་སྐྱབས་ཀྱིས་རྒྱ་ནག་སྐད་ནས་བོད་སྐད་དུ་བསྒྱུར་བ་ཞིག་འདུག་ཀྱང་། འགྱུར་དེ་ཙམ་མི་ལེགས་ཤིང༌། ཚིག་མང་པོ་མི་ཚང་ལ་དོན་ཤིན་ཏུ་བསྡུས་པས་དེའི་བསྡུས་དོན་རགས་བཤད་ཙམ་དུ་སོང་བ་དང༌། ཚིག་སྦྱོར་ལ་ལ་རྒྱ་ནག་སྐད་དང་ཅུང་ཟད་ཧེ་བག་བྱུང་ལ་བོད་ཀྱི་བརྡ་སྤྲོད་དང་མི་མཐུན་པའང་ཅི་རིགས་འདུག་པས། ཁོ་བོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་འབྲེལ་བ་ཡོད་པའི་ལེ་ཚན་འགའ་ཤས་གཟབ་ནན་གྱིས་གསར་དུ་བསྒྱུར་བ་ཡིན་རུང་ད་དུང་ནོར་བ་རེ་གཉིས་ཅིས་ཀྱང་ཡོད་ངེས་པས། མཁྱེན་ལྡན་རྣམས་ཀྱིས་འགྱུར་བཅོས་གནང་བར་ཞུའོ། །

ཁོ་བོས་བསྒྱུར་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་འབྲེལ་ཡོད་ཀྱི་ལེ་ཚན་ཀོ་ས་ལའི་རྒྱལ་ཁབ་ཀྱི་སྐོར་འདི་ལྟར།

कोसलཀོ་ས་ལའི་རྒྱལ་ཁབ་ཅེས་བྱ་བ་ཞིག་ཡོད་དེ། ཡུལ་དེའི་ཐ་གྲུའི་རྒྱ་ཁྱོན་ནི་ལེ་དབར་དྲུག་སྟོང་ལྷག་ཡོད་ཅིང༌། ཁོར་མོ་ཡུག་ཏུ་རི་བོས་བསྐོར་བས་ནགས་ཚལ་རྣམས་ནི་ཕན་ཚུན་དུ་འདབ་འབྲེལ་བར་གྱུར་ཏོ། །

རྒྱལ་ཁབ་དེའི་གྲོང་ཁྱེར་གྱི་ཁྱོན་ནི་ལེ་དབར་བཞི་བཅུ་ལྷག་ཡོད་དེ། ས་གཞི་སྣུམ་ཞིང་རྩི་བཅུད་ཕུན་སུམ་ཚོགས་ལ་གྲོང་རྡལ་ཕན་ཚུན་དུ་མཐོང་ཞིང་མི་ཁྱིམ་འབྱོར་ཕྱུག་དང་ལྡན་པས་གང་བ། སྐྱེ་བོ་རྣམས་ནི་ལུས་སྟོབས་ཆེ་ཞིང་མདོག་གནག་པ་ཡུལ་གཤིས་རྩུབ་ཅིང་དཔའ་རྒོད་འཛོམས་པ་དང༌། ཕྱི་ནང་གི་ཆོས་གང་ལའང་མོས་ཤིང་སྒྱུ་རྩལ་ཕུལ་དུ་བྱུང་བ་དག་གོ།

ཡུལ་དེའི་རྒྱལ་པོ་ནི་རྒྱལ་རིགས་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ལ་ལྷག་པར་གུས་ཤིང་དགོངས་པ་ཟབ་ལ་བྱམས་སེམས་ཆེ་བ་ཞིག་ཡོད་དོ། ཕྱོགས་དེར་གཙུག་ལག་ཁང་ནི་བརྒྱ་ལྷག་ཙམ་ལ་དགེ་འདུན་ནི་ཁྲི་ལ་ཉེ་བ་ཡོད་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོར་སློབ་པ་ཤ་སྟག་གོ། ལྷའི་མཆོད་སྦྱིན་གྱི་གནས་ཀྱང་བདུན་ཅུ་ལྷག་ཡོད་དེ། ཕྱི་རོལ་མུ་སྟེགས་ཀྱི་རིགས་མི་གཅིག་པ་དག་འདྲེས་ནས་འཁོད་དོ། །གྲོང་ཁྱེར་དེའི་ལྷོ་ཕྱོགས་མི་རིང་བ་ཞིག་ན་གཙུག་ལག་ཁང་རྙིང་པ་ཞིག་ཡོད་ཅིང༌། དེའི་ཉེ་འགྲམ་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་ཞིག་ཡོད་དེ། གནས་འདི་ནི་སྔོན་དེ་བཞིན་གཤེགས་པས་ཆོ་འཕྲུལ་ཆེན་པོ་བསྟན་ནས་མུ་སྟེགས་སྟོན་པ་རྣམས་གང་དུ་བཏུལ་བའི་གནས་དེ་ཡིན་པས། ཕྱིས་སུ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱང་གཙུག་ལག་ཁང་འདིར་བཞུགས་སོ། །

དེའི་དུས་ཀྱི་རྒྱལ་པོའི་མཚན་ནི་सातवाहन་སཱ་ཏ་ཝཱ་ཧ་ན་སྟེ་བདེ་སྤྱོད་བཟང་པོ་ཞུ་ཞིང༌། ཀླུ་སྒྲུབ་ལ་ལྷག་པར་གུས་ཤིང་གཅེས་པས། བསྙེན་བཀུར་གྱི་སླད་དུ་ཁོར་ཡུག་གི་སྒོར་སྲུང་མ་དག་བཞག་གོ།

དུས་དེར་བྱང་ཆུབ་སེམས་དཔའ་ཨཱརྱ་དེ་ཝ་སིངྒ་ལའི་ཡུལ་ནས་རྩོད་པའི་ཕྱིར་དུ་ལྷག་སྟེ། སྒོ་སྲུང་བ་ལ་མཇལ་འཕྲད་ཡོང་བར་སྦྲོན་ཅིག་ཅེས་སྨྲས་པས། དེ་ནས་སྒོ་བས་དོན་དེ་ཀླུ་སྒྲུབ་ལ་ཞུས་པར། ཀླུ་སྒྲུབ་ཀྱིས་དེའི་སྙན་གྲགས་མཁྱེན་ནས༌། ལྷུང་བཟེད་ཆུས་གང་བ་སློབ་མ་ལ་གཏད་ནས་ཁྱོད་ཀྱིས་ཆུ་འདི་ཁྱེར་ནས་ཨཱརྱ་དེ་ཝ་ལ་སྟོན་ཅིག་ཅེས་བསྒོས་སོ། །དེ་ནས་ཨཱརྱ་དེ་ཝས་ཆུ་ལ་གཟིགས་ནས་ཅང་མི་སྨྲ་བར་ཁབ་ཅིག་ལྷུང་བཟེད་ཀྱི་ནང་དུ་དོར་རོ། །སློབ་མས་ལྷུང་བཟེད་ཁྱེར་ནས་དོགས་པ་དང་བཅས་ཏེ་ཕྱིར་ལོག་གོ། ཀླུ་སྒྲུབ་ཀྱིས་དེས་ཅི་ཞིག་བརྗོད་དམ་ཞེས་དྲིས་པས། ལན་དུ་སྨྲས་པ། ཅང་མི་སྨྲ་ཞིང་ཁབ་ཅིག་ཆུ་ནང་དུ་དོར་བ་ལགས་སོ། །ཀླུ་སྒྲུབ་ཀྱིས་སྨྲས་པ། ཨེ་མ་དེ་འདྲའི་ཤེས་རབ་མཆོག་དང་ལྡན་པའི་སྐྱེས་བུ་ཞིག་གདའ་སྟེ། འདི་ནི་མཁྱེན་པ་རྨད་དུ་བྱུང་ཞིང་རྣམ་དཔྱོད་འཕགས་པ་དང་མཉམ་པ་ཞིག་ན། དེ་ལྟ་བུའི་ཡོན་ཏན་ཅན་དེ་མྱུར་བར་ནང་དུ་བོས་ཤིག་ཅེའོ། །དེ་ལ་ལན་དུ་སྨྲས་པ། ཅིའི་སླད་དུ་ལགས། རྩོད་པའི་ལན་མི་སྨྲ་བ་ཉིད་ཀྱིས་ལགས་སམ། སློབ་དཔོན་གྱིས་སྨྲས་པ། ཆུ་ནི་སྣོད་ཀྱི་ཁྱད་པར་ལས་གྲུ་བཞི་དང་ཟླུམ་པོར་འགྱུར་ཞིང༌། དངོས་པོའི་ཁྱད་པར་ལས་དྭངས་རྙོགས་སུ་འགྱུར་ལ། གང་ལ་བར་འཚམས་མེད་པ་དང་གསལ་དྭངས་གཞལ་དུ་མེད་པ་ཉིད་ཀྱི་ཕྱིར། དེས་བཀང་སྟེ་བསྟན་པས་ནི་བདག་ཉིད་སྦྱོང་བའི་ཤེས་རབ་ཡོངས་སུ་རྫོགས་པ་མཚོན་ནོ། །དེས་ཁབ་འདོར་བས་ནི་དེའི་དོན་རྫོགས་པར་གོ་བ་མཚོན་ཏེ། མི་དེ་ནི་སྐྱེ་བོ་ཕལ་པ་ཤིག་མིན་པས་མྱུར་བར་ནང་དུ་བོས་ཤིག་ཅེའོ། །དེ་ལ་ཀླུ་སྒྲུབ་ནི་གཟི་བྱིན་གྱི་ཉམས་རྨད་དུ་བྱུང་བས་སྐྱེ་བོ་རྣམས་ཀྱིས་མཇལ་བ་ཙམ་གྱིས་གུས་ཤིང་དཔའ་ཞུམ་པར་འགྱུར་བ་ཞིག་སྟེ། གང་དག་གླེང་མོལ་ཞུགས་པ་རྣམས་ཀྱང་མགོ་བོ་ས་ལ་དུད་པར་འགྱུར་བ་ཤ་སྟག་གོ། ཨཱརྱ་དེ་ཝ་ཉིད་ཀྱང་རྟག་ཏུ་གང་གིས་ཀྱང་ཐུགས་གཡོ་བར་མི་ནུས་པ་ཞིག་ཡིན་ལ། རིང་མོ་ཞིག་ནས་ཀླུ་སྒྲུབ་ལ་གཞུང་དོན་འདྲི་བར་ལྷག་པར་མོས་པས་དེའི་དྲུང་དུ་སློབ་པ་ལྷུར་ལེན་པར་འདོད་མོད། འོན་ཏེ་ཐོག་མར་རང་ཉིད་ཀྱི་ཤེས་རབ་དང་སྤྱོད་པ་མངོན་པར་བྱ་བའི་སླད་དུ། ནང་དུ་ཕྱིན་ཏེ་མདུན་ཟུར་གྱི་གྲལ་ལ་ཉེ་བར་འཁོད་ནས་ཉིན་གང་པོར་ལེགས་བཤད་ཀྱི་གཏམ་སྒྲོག་པར་བྱེད་དེ། གང་སྨྲས་པ་དེ་དག་ཀྱང་ཚིག་སྙན་ཞིང་དོན་བཟང་བ་ཤ་སྟག་གོ། དེ་ནས་ཀླུ་སྒྲུབ་ཀྱིས་སྨྲས་པ། ཉིད་ཀྱི་ལེགས་བཤད་འདི་དག་ནི་སྔོན་བྱུང་གསལ་བྱེད་དང་རྗེས་འཇུག་མཁས་པའི་གཙུག་རྒྱན་དུ་གྱུར་པས། ང་རྒས་ཤིང་འཁོགས་པ་ཞིག་ལ་ཕུལ་དུ་བྱུང་བའི་གཞོན་ནུ་ཁྱེད་དང་འཕྲད་པ་ནི་བུམ་ཆུ་བྱོ་ས་རྙེད་ཅིང་མར་མེའི་རྒྱུན་མི་ཆད་བྱ་བ་དེ་ཡིན་པས༌། མི་ཁྱོད་འདྲ་བ་ལ་བརྟེན་ནས་བསྟན་པ་རྒྱས་པར་བྱེད་དགོས་པ་ཡིན། དོན་ཟབ་ཀྱི་གཏམ་དེ་དག་ཐོས་པ་ཤིན་ཏུ་ལེགས་སོ་ཞེས་གསུངས་སོ། །ཨཱརྱ་དེ་ཝས་གསུང་དེ་ཐོས་པས་སེམས་ལ་ང་རྒྱལ་སྐྱེས་ཏེ། དོན་བཟང་གི་གླིང་དུ་འགྲོ་བ་ལ་ཐོག་མར་རྩོད་པའི་ར་བ་ལས་བརྒལ་དགོས་པར་དགོངས་ནས། དཀའ་བའི་གནད་རྣམས་ཐུགས་སུ་ཆུད་པར་བྱས་ནས་མགོ་བོ་བཏེགས་ཏེ་འདྲི་བར་རྩོམ་པ་ན། ཀླུ་སྒྲུབ་ཀྱི་གཟི་བྱིན་མ་བཟོད་པར་མཇལ་བ་ཙམ་གྱིས་གང་འདྲི་བའི་ཚིག་རྣམས་བརྗེད་ནས་སྨྲ་མི་ནུས་པར་གྱུར་ཏེ་རང་ཉིད་ལ་འཁང་བཞིན་དུ་སླར་ཟུར་དུ་འདུག་ནས་གདམས་ངག་ཞུ་བར་རྩོམ་མོ། །དེ་ལ་ཀླུ་སྒྲུབ་ཀྱིས་སྨྲས་པ། སླར་བཞུགས་ཤིག          དེང་ཁྱེད་ལ་ཆོས་ཀྱི་རྒྱལ་པོའི་གདམས་ངག་བདེན་པའི་དོན་ཉིད་དང་ཡང་དག་པའི་དོན་ཉིད་གང་ཡིན་པ་དེ་སྟོན་པར་བྱའོ་ཞེའོ། །

དེ་ནས་ཨཱརྱ་དེ་ཝས་ཡན་ལག་ལྔ་ས་ལ་ཕབས་པའི་ཕྱག་དང་བཅས་ཏེ་རྩེ་གཅིག་ཏུ་གུས་པས་སྨྲས་པ། བདག་གིས་དེང་ནས་བཟུང་སྟེ་ལེགས་པར་མཉན་པར་བགྱི་ལགས་སོ་ཞེའོ། །བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ནི་གསོ་བའི་གནད་ལ་ཤིན་ཏུ་མཁས་པས། སྨན་གྱི་སྦྱོར་བ་ལ་བརྟེན་ནས་ལུས་གསོ་བའི་ཐབས་མཛད་དེ། དགུང་ལོ་བརྒྱ་ཕྲག་མང་པོ་འདས་ཀྱང་ལང་ཚོ་མི་ཉམས་ཤིང་ཤེས་རབ་ཤིན་ཏུ་གསལ་བ་ཞིག་གོ། རྒྱལ་པོ་བདེ་སྤྱོད་བཟང་པོར་ཡང་སྨན་མཆོག་དེ་ཐོབ་པས་ལོ་ངོ་བརྒྱ་ཕྲག་བརྒལ་ལོ། །རྒྱལ་པོ་དེ་ལ་ན་ཚོད་མ་སྨིན་པའི་རྒྱལ་བུ་ཐ་ཆུང་ཞིག་ཡོད་དེ། དེས་མ་ལ་སྨྲས་པ། བདག་གིས་ནམ་ཞིག་རྒྱལ་སྲིད་བཟུང་བར་འགྱུར། མས་ལན་དུ་སྨྲས་པ། ད་ལྟའི་གནས་བབས་ལ་བརྟག་ན་ཁྱེད་ལ་དེའི་གོ་སྐབས་མེད་དེ་ཡབ་རྒྱལ་པོ་ནི་ལོ་ངོ་བརྒྱ་ཕྲག་བརྒལ་ཞིང་བུ་ཚ་འཆི་ཟིན་པའང་མང་དུ་ཡོད་ཀྱང༌། ད་དུང་འཚོ་ཞིང་གཞེས་པ་དེ་ནི་ཀླུ་སྒྲུབ་ཀྱི་བསོད་ནམས་སྟོབས་ལས་བྱུང་ཞིང་སྨན་མཆོག་གི་སྦྱོར་བ་ལ་བརྟེན་པ་ཡིན་པས། གལ་ཏེ་བྱང་ཆུབ་སེམས་དཔའ་ཞི་བར་གཤེགས་ན་རྒྱལ་པོའང་གྲོངས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ནི་ཤེས་རབ་ཆེ་ཞིང་བྱམས་པ་དང་སྙིང་རྗེ་ཤིན་ཏུ་ཟབ་པ། འགྲོ་བ་ཀུན་ལ་སྲོག་ཀྱང་ཕངས་མེད་དུ་སྦྱིན་པར་མཛད་པ་ཞིག་ལགས་པས། གལ་ཏེ་ཁྱོད་དེར་སོང་ནས་དབུ་སློང་བར་ནུས་ན་ནི་ཁྱོད་ཀྱི་རེ་བ་དེ་འགྲུབ་པའང་སྲིད་དོ་ཞེའོ། །དེ་ནས་རྒྱལ་བུས་མའི་བཀའ་དང་དུ་བླངས་ཏེ་གཙུག་ལག་ཁང་ག་ལ་བ་དེར་སོང་ངོ༌། །གཙུག་ལག་ཁང་གི་སྒོ་སྲུང་བ་ནི་རྒྱལ་བུར་གུས་ཤིང་འཇིགས་པས་ནང་དུ་ཚེགས་མེད་དུ་ཐར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་བསྟོད་ཚོགས་ཁ་ཏོན་གནང་བཞིན་བསྐོར་བ་མཛད་པ་དང་ཐུག་སྟེ་གློ་བུར་དུ་རྒྱལ་བུ་ཕེབས་པ་གཟིགས་ནས་ས་དེ་ཉིད་དུ་ལངས་ཏེ་དྲིས་པ། དགོང་མོའི་ཕྱི་ཐུན་འདི་འདྲ་ལ་ཚབ་ཚུབ་ཏུ་ཕེབས་དོན་ཅི་ཞིག་ཡིན་ནམ། འཇིགས་པའམ་དངངས་པས་མ་ལགས་སམ་ཞེའོ། །ལན་དུ་སྨྲས་པ། བདག་གིས་མ་བྱམས་སེམས་ཅན་དེ་བསྙེན་བཀུར་བྱེད་པའི་དུས་སུ། སྦྱིན་པར་སྤྱོད་པའི་སྐྱེས་བུའི་གཏམ་གླེང་བ་ན། བདག་གིས་སྐྱེ་བོ་རྣམས་ནི་སྲོག་ལ་ནོར་བུ་ལྟར་གཅེས་པར་འཛིན་ཅིང༌། མདོ་དང་ཆེད་བརྗོད་སོགས་གང་ནའང་རྣམ་སྨིན་གྱི་ལུས་འདིའི་ཉེས་དམིགས་བལྟས་ཏེ་དོན་དུ་གཉེར་བ་ལ་སྦྱིན་པ་གཏོང་དགོས་སོ་ཞེས་མ་གསུངས་སོ་ཞེས་ཞུས་པར། མ་བྱམས་སེམས་ཅན་མ་དེས་སྨྲས་པ། དེ་ལྟར་མ་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང༌། ཐོག་མར་སེམས་བསྐྱེད་ནས་མཐར་འབྲས་བུ་མངོན་དུ་གྱུར་པའི་བར་དུ་གཅིག་ཏུ་བརྩོན་པས་སངས་རྒྱས་ཀྱི་ལམ་དོན་དུ་གཉེར་ཞིང༌། ཚུལ་ཁྲིམས་དང་བཟོད་པ་སོགས་ཉམས་སུ་བླངས་པ་ཡིན་ཏེ། ལ་ལས་གཅན་གཟན་ལྟོགས་པར་རང་ལུས་སྦྱིན་པ་དང༌། ལ་ལས་རང་ཤ་བཅད་དེ་ཕུག་རོན་སྐྱོབ་པ་དང༌། རྒྱལ་པོ་ཟླ་འོད་ཀྱིས་བྲམ་ཟེ་ལ་རང་གི་དབུ་སྦྱིན་པ་གཏོང་བ་དང༌། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལ་རང་གི་ཁྲག་འབྱིན་དུ་བཅུག་པ་དང༌། དེ་དང་དེ་ལྟ་བུའི་རིགས་ཤིན་ཏུ་མང་བས་རེ་རེ་ནས་བརྗོད་པར་མི་ནུས་སོ། །སྔོན་གྱི་དུས་སུ་སྐྱེས་བུ་དེ་འདྲ་བ་ཤིན་ཏུ་མང་བ་བྱུང་ལ། དེང་གི་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱང་དེ་ལྟ་བུའི་ཐུགས་བསྐྱེད་དང་ལྡན་ནོ་ཞེས་གསུངས་པས༌། བདག་ནི་མགོ་ཞིག་དོན་དུ་གཉེར་ནས་ལོ་མང་པོར་སློང་ནའང་གཏོང་བ་པོ་མ་རྙེད་ལ། གལ་ཏེ་བསད་ནས་མགོ་བོ་བླངས་ན་ནི་སྡིག་པ་ཤིན་ཏུ་ཆེ་ཞིང༌། དོན་མེད་དུ་གཞན་ལ་གནོད་པ་བྱེད་པས་མ་རབས་ཀྱི་སྤྱོད་པའང་མངོན་པར་འགྱུར་བས། དེས་ན་བྱང་ཆུབ་སེམས་དཔའ་ཁྱེད་ཁོ་ན་འཕགས་པའི་ལམ་ཉམས་སུ་བླངས་ཤིང་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ། སེམས་ཅན་ཀུན་ལ་བྱམས་པའི་ཐུགས་ཀྱིས་ཁྱབ་པས་ཕན་བདེ་མཐའ་ཡས་པར་སྒྲུབ་པ་མཛད་ལ། རང་གི་ལུས་འདི་ཆུའི་ལྦུ་བ་ལྟར་སྙིང་པོ་མེད་པ་དང་ཤིང་རུལ་སྡོང་པོ་ལྟར་དམན་པར་གཟིགས་པ་ཞིག་ན། ཉིད་ཀྱིས་ཇི་ལྟར་ཐུགས་བསྐྱེད་པའི་དམ་བཅའ་ལས་མི་འདའ་བར་བདག་གི་རེ་བ་དེ་སྐོང་དུ་གསོལ་ཞེས་ཞུས་སོ། །དེ་ལ་ཀླུ་སྒྲུབ་ཀྱིས་སྨྲས་པ། ཁྱོད་ཀྱིས་སྨྲས་པ་དེ་བདེན་ནོ། །ཁོ་བོ་ནི་སངས་རྒྱས་འཕགས་པའི་འབྲས་བུ་དོན་དུ་གཉེར་ཞིང་སངས་རྒྱས་ཀྱི་གཏོང་བ་ལ་རྗེས་སུ་སློབ་པ་ཞིག་ཡིན། ལུས་འདི་ནི་བྲག་ཆ་དང་ཆུ་བུར་ལྟར་སྙིང་པོ་མེད་ཅིང༌། སྐྱེ་གནས་བཞི་དང་རིགས་དྲུག་གི་གནས་སུ་རྒྱུན་ཆད་མེད་པར་འཁོར་བས། ཁོ་བོས་རིང་མོ་ཞིག་ནས་དེ་ལྟར་བྱེད་པར་དམ་བཅས་པ་ཡིན་པས། ཁྱོད་ཀྱི་འདོད་པའི་དངོས་པོ་ལས་མི་བཟློག་མོད། འོན་ཏེ་རྒྱལ་བུ། དོན་གཅིག་གིས་མ་ལེགས་ཏེ། གལ་ཏེ་བདག་དུས་ལས་འདས་པ་ན་ཁྱོད་ཀྱི་ཕ་ཡང་འཆི་བར་འགྱུར་བས། དེ་ནི་གང་གིས་སྐྱོབ་པར་དགོངས་ཤིག་ཅེའོ། །དེ་ནས་ཀླུ་སྒྲུབ་ཀྱིས་རང་གི་སྲོག་གཅོད་པའི་ཐབས་ལ་ཕྱོགས་ཀུན་ཏུ་གཟིགས་པ་ན། རྩྭ་མཆོག་སྐམ་པོ་ཞིག་རྙེད་དེ། དེས་རང་གི་མགུལ་རལ་གྲི་རྣོན་པོས་གཅོད་པ་ལྟར་མཛད་དེ་དབུ་དང་ལུས་ཐ་དད་དུ་ཆད་དོ། །རྒྱལ་བུས་མཐོང་བས་འཇིགས་ཤིང་སྐྲག་ནས་བྲོས་སོ། །སྒོ་སྲུང་བས་གོང་དུ་ཞུས་པས། རྒྱལ་པོས་དོན་དེ་ཐོས་པས་ཐུགས་ཤིན་ཏུ་སྐྱོ་ནས་གྲོངས་སོ། །

རྒྱལ་ཁབ་དེའི་ལྷོ་ནུབ་ཏུ་ལེ་དབར་སུམ་བརྒྱ་ཙམ་ན་རི་ནག་པོ་ཞེས་བྱ་བ་ཞིག་ཡོད་དེ། རི་དེ་མཐོ་ཞིང་བརྗིད་ལ་གཅིག་པུར་འགྲེང་བ། འཕྲང་ཤིན་ཏུ་དོག་ལ་རིའི་ངོགས་ཀུན་ཏུ་འབུར་ཀོང་དང་བྲལ་བས་ཕ་བོང་དུམ་བུ་གཅིག་པ་ལྟ་བུ་ཞིག་ཡོད་དེ། རྒྱལ་པོ་བདེ་སྤྱོད་བཟང་པོས་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་ཆེད་དུ། རི་དེ་བརྐོས་ནས་གཙུག་ལག་ཁང་བྱེད་དེ། རི་དེའི་ཉེ་འཁོར་གྱི་ལེ་དབར་བཅུ་གྲངས་མཚམས་ནས་བགྲོད་ལམ་བརྐོས་ཏེ་རི་འདབས་སུ་སླེབས་པ་ན། རི་མདུན་ནས་གྱེན་དུ་བརྐོས་པ་ལས་བྱུང་བའི་རྡོ་ལྷག་རྣམས་ནི་ས་གཞན་དུ་བསྐྱལ་ཏོ། །གཙུག་ལག་ཁང་དེའི་ཁོར་མོ་ཡུག་དུ་ཁྱམས་རིང་ཡངས་ཤིང་བྱ་འདབ་དང་ལྡན་པས་བསྐོར་ཞིང་སྟེགས་བུ་རིམ་རྩེག་ཅན་དག་བསྐྲུན་ཏེ། དེ་ལ་ཐོག་རྩེག་རིམ་པ་ལྔ་དང་ཐོག་རྩེག་རེ་རེར་ཁང་ཆེན་བཞི་བཞི་ཡོད་ཅིང༌། མཆོད་ཁང་སོ་སོར་གསེར་བཟང་ལས་གྲུབ་པའི་བདེ་བར་གཤེགས་པའི་སྐུ་གཟུགས་སངས་རྒྱས་ཀྱི་སྐུ་ཚད་དང་མཉམ་པ་ལ་བཟོ་རྩལ་ཕུལ་དུ་བྱུང་བ་ཤ་སྟག་བཞེངས་ཏེ། དེ་དག་ལའང་རིན་པོ་ཆེ་དང་གསེར་གྱི་རྒྱན་ཕུལ་དུ་བྱུང་བས་བརྒྱན་ཏོ། །རི་དེའི་རྩེ་མོ་ནས་ཐུར་དུ་དྭངས་གཙང་གི་ཆུ་རྒྱུན་མཛེས་པར་འབབ་པས་རྩེག་རིམ་གྱི་ཐ་གྲུ་ཀུན་ཏུ་བསྐོར་ནས་རྒྱུག་པ་དང༌། གཙུག་ལག་ཁང་དེའི་ཕྱི་རོལ་ནས་སྒེའུ་ཁུང་མང་པོས་བསྐོར་བས་ནང་གི་མཐའ་དབུས་ཀུན་ཏུ་འོད་སྣང་གིས་ཁྱབ་པར་གྱུར་ཏོ། །

རྒྱལ་པོ་བདེ་སྤྱོད་བཟང་པོས་ཐོག་མར་གཙུག་ལག་ཁང་བཞེངས་པ་ན། རེ་ཞིག་ནས་མི་ནོར་གཉིས་ཀ་སྟོང་ལ་ཉེ་བར་གྱུར་ཅིང༌། ལས་དེ་ནི་ཕྱེད་ཙམ་ལས་མ་འགྲུབ་པས་ཐུགས་ངལ་ཆེན་པོ་འཁྲུངས་པ་ན། ཀླུ་སྒྲུབ་ཀྱིས། རྒྱལ་པོ་ཆེན་པོ་ཅི་ཡི་སླད་དུ་སེམས་ངལ་བྱེད་ཅེས་སྨྲས་པར། རྒྱལ་པོས་ལན་དུ་ཞུས་པ། བདག་གིས་ནི་ཡང་ནས་ཡང་དུ་སེམས་རླབས་པོ་ཆེ་བསྐྱེད་དེ། བསོད་ནམས་ཀྱི་ཞིང་མཆོག་འདི་བསྐྲུན་ནས་དུས་རིང་དུ་བརྟན་པར་བགྱི་སྙམ་སྟེ། ཇི་སྲིད་བྱམས་པ་མགོན་པོ་ཕེབས་པའི་བར་དུ་གནས་པར་འདོད་ཀྱང༌། དགེ་བའི་ལས་དེ་མཐར་མ་ཕྱིན་པར་ནོར་རྣམས་ཟད་པས། དོན་དེ་དྲན་རེས་སུ་གློ་བ་མི་དགའ་ནས་ཇི་སྲིད་ནམ་མ་ལངས་བར་དུ་གཉིད་མི་ཉལ་བར་གནས་སོ་ཞེའོ། །ཀླུ་སྒྲུབ་ཀྱིས་སྨྲས་པ། ཁྱོད་ཀྱིས་སེམས་ངལ་མ་མཛད་ཅིག ཕུལ་དུ་བྱུང་བའི་བསོད་ནམས་དང་མཆོག་ཏུ་དགེ་བའི་ལས་ཀྱི་འབྲས་བུ་ནི་ཟད་དུ་མེད་ཅིང༌། ཐུགས་བསྐྱེད་རླབས་པོ་ཆེ་དང་ལྡན་པ་ལ་ཡིད་ལ་གནག་པའི་དོན་རྣམས་སྒྲུབ་མི་ནུས་པ་ཅི་ཡང་མེད་པས། དེ་རིང་ཕོ་བྲང་དུ་སོང་ལ་བདེ་བར་རོལ་ཅིག གནང་གི་ཞོགས་པར་རི་བོའི་ཁྲོད་དུ་སྐོར་གཡེང་སོང་ནས་འདིར་ཤོག བདག་ཅག་གཙུག་ལག་ཁང་བཞེངས་པའི་གྲོས་བྱའོ་ཞེའོ། །རྒྱལ་པོས་བཀའ་དང་དུ་བླངས་ནས་སླར་ལོག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་རྫས་སྨན་ཀྱི་ཐིགས་པ་རྡོའི་སྟེང་དུ་བྱུག་པས་རྡོ་ཐམས་ཅད་གསེར་དུ་བསྒྱུར་ནས་བཞག་གོ །རྒྱལ་པོས་རི་གསེབ་ཏུ་གསེར་དེ་དག་མཐོང་བས་སེམས་ཀྱི་གཏིང་ནས་ཤིན་ཏུ་སྤྲོ་བར་གྱུར་ཏེ། ཀླུ་སྒྲུབ་ཀྱི་དྲུང་དུ་ཕྱིན་ནས་སྨྲས་པ། དེང་རིའི་གསེབ་ཏུ་སྐོར་བར་ཕྱིན་པས་ནགས་རིའི་གསེབ་ན་གསེར་གྱི་ཕུང་པོ་དག་མཐོང་སྟེ་ལྷ་འདྲེས་བསླུས་པའམ་གང་ཞིག་ཡིན་པ་མ་ཤེས་སོ་ཞེའོ། །ཀླུ་སྒྲུབ་ཀྱིས་སྨྲས་པ། དེ་ནི་འདྲེས་བསླུས་པ་མ་ཡིན་གྱི། གསེར་དེ་དག་ནི་དད་པའི་སྟོབས་ལས་བྱུང་བ་ཡིན་པས་དུས་ལས་མ་འགྱངས་པར་མཆོག་ཏུ་དགེ་བའི་ལས་དེ་བསྐྲུན་པར་རིགས་སོ་ཞེའོ། །དེ་ནས་གཙུག་ལག་ཁང་བཞེངས་པས་དེ་དག་ཡོངས་སུ་རྫོགས་པར་གྲུབ་པ་ན་ནོར་ནི་ད་དུང་མ་ཟད་པས། ཐོག་བརྩེགས་ལྔའི་གཙུག་ལག་ཁང་སོ་སོའི་ནང་དུ་གསེར་ལས་གྲུབ་པའི་སྐུ་གཟུགས་ཆེན་པོ་བཞི་བཞི་དག་བཞེངས་སོ། །དེ་ལས་ཀྱང་ལུས་པའི་ནོར་གྱི་ལྷག་མ་རྣམས་ནི་མཛོད་དུ་བཞུག་གོ། གནས་དེར་དགེ་འདུན་སྟོང་ཕྲག་བསྡུས་ཏེ་ཕྱག་དང་ཁ་ཏོན་ལ་བརྩོན་པར་མཛད་ཅིང༌། བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་རྒྱལ་བས་གསུངས་པའི་ལུང་གི་ཆོས་རྣམས་དང་བྱང་ཆུབ་སེམས་དཔས་གསུངས་པའི་བསྟན་བཅོས་རྣམས། སྡེ་ཚན་སོ་སོར་ཕྱེ་ནས་གཙུག་ལག་ཁང་དེའི་ནང་དུ་བཞུགས་སུ་གསོལ་ལོ། །ཐོག་བརྩེགས་གོང་མར་སངས་རྒྱས་ཀྱི་སྐུ་དང་གསུང་རབ་ཁོ་ན་འཇོག་པར་མཛད་ལ། ཐོག་བརྩེགས་འོག་མ་སྟེ་ལྔ་པར་དགེ་བསྙེན་ཞལ་ཏ་བ་རྣམས་འཁོད་དོ། །བར་གྱི་ཐོག་བརྩེགས་གསུམ་དུ་ནི་རབ་ཏུ་བྱུང་བ་དག་གི་གནས་ཁང་བྱས་སོ། །ཞེས་གསུངས་སོ། །

གོང་གི་རྣམ་ཐར་འདི་ལས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཀྱི་རྣམ་པར་ཐར་པ་གསལ་བར་གསུངས་ཏེ། རགས་ཙམ་ཕྱེ་ན་དོན་ཚན་བརྒྱད་དུ་འདུ་བ་འདི་ལྟར། དང་པོ་ནི་ཀླུ་སྒྲུབ་སྐུ་ཚེ་སྨད་དུ་གང་ལ་བཞུགས་པའི་གནས་ཀོ་ས་ལའི་ཡུལ་གྱི་ཁྱད་པར་དང༌། གཉིས་པ་ནི་ཡུལ་དེའི་རྒྱལ་པོ་བདེ་སྤྱོད་བཟང་པོས་ཀླུ་སྒྲུབ་ལ་བསྙེན་བཀུར་ཇི་ལྟར་ཞུས་པ་དང༌། གསུམ་པ་ནི་ཨཱརྱ་དེ་ཝ་སིངྒ་ལ་ནས་ཕེབས་ཏེ་ཀླུ་སྒྲུབ་ཀྱི་སློབ་མའི་གཙོ་བོར་གྱུར་པའི་སྐོར་དང༌། བཞི་པ་ནི་གསོ་བའི་གནས་ལ་མཁས་པས་སྨན་སྦྱོར་གྱིས་རང་དང་རྒྱལ་པོའི་ཚེ་བསྲིངས་བ་དང༌། ལྔ་པ་ནི་རྒྱ་བུ་ཐ་ཆུང་ལ་མས་བསྐུལ་ནས་ཀླུ་སྒྲུབ་ཀྱི་དྲུང་ནས་དབུ་སློང་བས་སྐུ་གཤེགས་པ་དང༌། དྲུག་པ་ནི་རྒྱལ་ཁབ་དེའི་ལྷོ་ནུབ་ཀྱི་རི་ནག་པོ་ཞེས་བྱ་བར་རྒྱལ་པོས་སྦྱིན་བདག་བྱས་ཏེ་གཙུག་ལག་ཁང་བཞེངས་པ་དང༌། བདུན་པ་ནི་གསེར་འགྱུར་རྩི་ལ་བརྟེན་ནས་རྒྱལ་པོའི་ཆོས་མཐུན་གྱི་རེ་བ་བསྐོངས་བ་དང༌། བརྒྱད་པ་ནི་བྲག་གི་ངོས་ལ་བརྐོས་པའི་གཙུག་ལག་ཁང་ཐོག་བརྩེགས་ལྔ་པ་ཅན་རྟེན་དང་བརྟེན་བཅས་པ་གྲུབ་ནས་དཀོན་མཆོག་གསུམ་གྱི་མཆོད་རྒྱུན་རྒྱ་ཆེར་ཚུགས་པ་དང་བཅས་པ་གསལ་བར་གསུངས་པས། འདི་དག་ལས་དོན་ཚན་ལྔ་པ་ནི་གོང་དུ་སྒྲིག་པའི་ས་བཅད་བཅུ་དགུ་པའི་ཁོངས་སུ་གཏོགས་ལ་ལྷག་མ་རྣམས་ནི་ས་བཅད་བཅོ་བརྒྱད་པའི་རྒྱས་བཤད་དུ་སོང་ངོ། །

སྨྲས་པ།

རྒྱ༵་ནག་ཆེན་པོའི་མཚུངས་བྲལ་ལོ་ཆེན་དེས། །

རྒྱ༵་མཚོའི་དཀའ་བས་འཕགས་ཡུལ་པཎ་ཆེན་སྐོར། །

རྒྱ༵་ཆེར་བཀོད་པའི་དམ་པའི་ལེགས་བཤད་གང༌། །

རྒྱ༵་ཡི་སྐད་ལས་བསྒྱུར་འདིའང་སྐལ་བ་བཟང༌། །

ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །


 

ལྔ་པ་སྤྱི་ལོའི་དུས་རབས་བདུན་པ་༦༨༠་ཙམ་ལ་ཕེབས་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཇི་ལྟར་གསུངས་པ་ནི།

སློབ་དཔོན་འདི་ཉིད་དཔལ་ལྡན་ཟླ་བ་གྲགས་པ་ལས་ཅུང་ཟད་འཕྱི་བས། ཟླ་བ་གྲགས་པ་འདས་ཟིན་པའི་རྗེས་ཙམ་ལ་ཕེབས་པ་ཡིན་ནམ་སྙམ་མོ། །དེས་མཛད་པའི་དབུ་མ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་ལས།

ད་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་བདུན་དང་ཚིག་ལེའུར་བྱས་པ་བཞི་བརྒྱ་ཞེ་དགུ་པ་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མ་ཞེས་བྱ་འདི་བྱས་པའི་ཚུལ་བསྟན་པ་དང༌། དེ་བྱས་པའི་དགེ་བའི་རྩ་བ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བདག་དང་གཞན་ལ་བསྔོ་བའི་ཚུལ་བསྟན་པའི་ཕྱིར་སྟག་རྣམ་པར་རྩེན་པ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་སྟོན་ཏེ།

ཞེས་གསུངས་པས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྟག་རྣམ་པར་རྩེན་པ་ལྟ་བུའི་ཚིགས་སུ་བཅད་པ་གཉིས་གསུངས་སོ་ཞེས་འགོ་སྨྲོས་ནས། ཚིགས་བཅད་དང་པོ་དེ་འགྲེལ་བའི་ཚེ་ན། དོན་རྣམ་པ་བཅུར་ཕྱེ་ནས་གསུངས་ཏེ། འདི་ལྟར།

དེ་ལ་༡འཇིག་རྟེན་སྣང་མཛད་གཞན་དོན་མཁས་རྣམས་༢སངས་རྒྱས་ཉིད་ཐོབ་མཛད་སླད་དུ།     ། ༣ཤེས་རབ་ཕ་རོལ་ཕྱིན་སོགས་མདོ་སྡེ་གསུངས་༤ཚུལ་གསལ་བར་སྟོན་པ་ན། །

༤ཐུབ་དབང་སྲས་པོ་ཀླུ་སྒྲུབ་གསུངས་པ་༦དབུ་མའི་བསྟན་བཅོས་གང་ཡིན་པ། །

༧དེ་ཡི་རྣམ་བཤད་༨་ལྟ་ངན་ཞི་བྱེད་༩ཤེསརབ་སྒྲོན་མ་༡༠་བདག་གིས་བྱས། །

ཞེས་ཚིགས་སུ་བཅད་པ་དེ་དྲངས་ནས། དང་པོ་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་བརྗོད་པ་ནི། ཞེས་བྱ་བ་འདིས་ནི་བདག་གིས་བྱས་པའི་ཚུལ་བསྟན་ཏེ། འཇིག་རྟེན་སྣང་མཛད་གཞན་དོན་མཁས་རྣམས་ཞེས་བྱ་བ་ནི་ས་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ནི་སྣོད་ཀྱི་འཇིག་རྟེན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་རྒྱན་ཕུན་སུམ་ཚོགས་པས་སྣང་བ་དང༌། སེམས་ཅན་གྱི་འཇིག་རྟེན་བྱང་ཆུབ་སྙིང་པོའི་ཡེ་ཤེས་ཕུན་སུམ་ཚོགས་པས་སྣང་བ་འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་སུ་མཛད་པ་དང༌། མཛད་བཞིན་པ་དང༌། མཛད་པར་འགྱུར་བའི་ཕྱིར་དང༌། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང༌། ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གཞན་གྱི་དོན་མཛད་པ་ལས་ཤེས་རབ་ཀྱིས་དབང་པོའི་རིམ་པ་ལ་སོགས་པ་བརྟག་པ་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་ལ་མཁས་ཤིང་ཐབས་ཀྱིས་བསྡུ་བ་རྣམ་བཞི་ལ་སོགས་པས་རིམ་གྱིས་བསྡུ་བ་དང༌། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་འབྲས་བུ་ལ་སོགས་པ་ལ་འཇོག་པར་མཁས་པ་ཡིན་པའི་ཕྱིན་ཏེ། དེས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་སྟོན་ཏོ། །ཞེས་དང༌།

གཉིས་པ་སངས་རྒྱས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་སླད་དུ་དམ་པའི་ཆོས་སྟོན་པར་མཛད་པ་གསུངས་པ་ནི། སངས་རྒྱས་ཉིད་ཐོབ་མཛད་སླད་དུ། །ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་སངས་རྒྱས་ཉིད་ཐོབ་པར་མཛད་པའི་སླད་དུ་སྟེ། དེ་བཞིན་གཤེགས་པ་པ་ནི་རང་གི་སྲས་ཐུགས་ལས་སྐྱེས་པ་ཞལ་ནས་སྐྱེས་པ་ཆོས་ལས་སྐྱེས་པ་རྣམས་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཉིད་འཐོབ་པར་མཛད་བའི་སླད་དུ་དམ་པའི་ཆོས་སྟོན་པར་མཛད་པ་ཡིན་པའི་ཕྱིར་ཏེ། དེས་ནི་སངས་རྒྱས་ཀྱི་མཛད་པ་བསྟན་ཏོ། །ཞེས་དང༌།

གསུམ་པ་ཁྱད་པར་དུ་གཞན་དོན་ལ་མཁས་པའི་བྱང་སེམས་རྣམས་ཀྱི་ཆེད་དུ་ཡུམ་ཤེར་ཕྱིན་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་གསུངས་ནས་འཇིག་རྟེན་སྣང་བར་མཛད་པ་གསུངས་པ་ལ། ཤེས་རབ་ཕ་རོལ་ཕྱིན་སོགས་མདོ་སྡེ་གསུངས། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་སངས་རྒྱས་ཉིད་ཐོབ་པར་མཛད་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་གསུངས་པ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་ནི་བྱང་ཆུབ་སེམས་དཔའ་འཇིག་རྟེན་སྣང་བར་མཛ་པ་དང༌། གཞན་གྱི་དོན་ལ་མཁས་པ་རྣམས་ཀྱི་ཆེད་ཡིན་པའི་ཕྱིར་ཏེ། དེས་ནི་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཀྱི་ཚུལ་བསྟན་ཏོ། །ཞེས་དང༌།

བཞི་པ་སངས་རྒྱས་ཀྱིས་དངོས་སུ་ལུང་བསྟན་པའི་འཕགས་མཆོག་ཀླུ་སྒྲུབ་ཀྱིས་ཐེག་པ་ཆེན་པོའི་དྲང་བའི་དོན་དང་ངེས་པའི་དོན་རྣམས་ཚུལ་ཇི་ལྟ་བ་བཞིན་དུ་གསལ་བར་སྟོན་པའི་ཆེ་བ་གསུངས་པ་ལ། ཚུལ་གསལ་བར་སྟོན་པ་ན། །ཞེས་བྱ་བ་ནི་སློབ་དཔོན་མཁས་པ་ཀླུ་སྒྲུབ་གྱི་ཞལ་སྔ་ནས། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་གསུངས་པའི་ཚུལ་དྲང་བའི་དོན་དང་ངེས་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་གསལ་བར་སྟོན་པའི་ཚེ་ན་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་ནི་བདེ་བར་གཤེགས་པ་ཡོགས་སུ་མྱ་ངན་ལས་འདས་པའི་འོག་ཏུ་སངས་རྒྱས་ཀྱིས་བསྟན་པའི་ཚུལ་གསལ་བར་སྟོན་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། བདེ་གཤེགས་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་སྟེ། །དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང༌། འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཀྱང༌། ལིཙྪ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་ལུང་བསྟན་པ་ལས་ང་ཡོངས་སུ་མྱ་ངན་ལས་འདས་ནས་འདི་རྒྱལ་པོ་མཐར་འགྲོ་ཞོན་གྱི་དུས་ན། དགེ་སློང་ཀླུ་ཞེས་བྱ་བར་གྱུར་ངའི་བསྟན་པ་གསལ་བར་བྱས་ཏེ། རིམ་གྱིས་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་པར་འགྱུར་རོ་ཞེས་ལུང་བསྟན་པའི་ཕྱིར་སྟེ། དེས་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་ཆེ་བ་ཉིད་བསྟན་ཏོ། །ཞེས་དང༌།

ལྔ་པ་ས་དང་པོ་རབ་ཏུ་དགའ་བ་བརྙེས་པའི་ཀླུ་སྒྲུབ་ཀྱིས་ཐོག་མར་ཡུམ་ཤེར་ཕྱིན་གྱི་དོན་ཟབ་མོ་རང་ཉིད་ཀྱིས་ཐུགས་སུ་ཆུད་ནས། དེ་ནས་གཞན་ལའང་དེ་དེ་བཞིན་དུ་གསུངས་པས། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རབ་ཀྱི་མཐར་ཕྱིན་པའི་མཛད་པ་གསུངས་པ་ལ།

ཐུབ་དབང་སྲས་པོ་ཀླུ་སྒྲུབ་གསུངས་པ་ཞེས་བྱ་བ་ནི་ཐུབ་པའི་དབང་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྲས་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་བརྙེས་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བཅོམ་ལྡན་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་ལས་གསུངས་པའི་ཚུལ་གསལ་བར་སྟོན་པ་ནི་ཉིད་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དེ་ཁོ་ན་གཞན་ལ་ཡང་དེ་བཞིན་དུ་གསུངས་པ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་ནི་བདག་དང་གཞན་གྱི་དོན་སུམ་ཚོགས་པ་རབ་ཀྱི་མཐར་ཕྱིན་པ་བླ་ན་མེད་པ་དད་པ་མཆོག་གིས་སྒྲུབ་པར་མཛད་པ་ཡིན་པའི་ཕྱིར་ཏེ། དེས་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་མཛད་པ་བསྟན་ཏོ། །ཞེས་དང༌།

དྲུག་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་མང་པོ་ཡོད་པ་རྣམས་ཀྱི་ནང་ནས་དཔེ་ཚད་ཆེ་ཤོས་མ་ཡིན་ཡང༌། ཟབ་མོ་སྟོང་པ་ཉིད་ཀྱི་དོན་གཏན་ལ་ཕབས་པའི་རིགས་པ་རྫོགས་པར་བསྟན་པའི་ཆ་ནས་གཙོ་བོར་གྱུར་པ་ནི། དབུ་མའི་བསྟན་བཅོས་ཚིག་ལེའུ་བྱས་པ་ཤེས་རབ་ཅེས་བྱ་བ་རབ་བྱེད་ཉེར་བདུན་དང༌། ཤླཽཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་ཡོད་པ་ཞིག་མཛད་དོ་ཞེས་གསུངས་པ་ལ།

དབུ་མའི་བསྟན་བཅོས་གང་ཡིན་པ། །ཞེས་བྱ་བ་ནི་ཐུབ་དབང་སྲས་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་རྣམ་པ་མང་པོ་དག་གི་ནང་ནས་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱབ་རབ་ཏུ་བྱེད་པ་ཉི་ཤུ་བདུན་དང༌། ཚིག་ལེའུར་བྱས་པ་བཞི་བརྒྱ་བཞི་བཅུ་དགུ་པ་འདི་གང་ཡིན་པ་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ཉིད་ཀྱིས་དེའི་འགྲེལ་པ་ཤེས་རབ་སྒྲོན་མ་ཞེས་བྱ་བ་འདི་བྱས་པའི་ཚུལ་སྟོན་པར་འདོད་པའི་ཕྱིར་ཏེ། དེས་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་གསུངས་པ་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བ་འདི་ཉིད་ཀྱི་གཞུང་བསྟན་ཏོ། །ཞེས་དང༌།

བདུན་པ་བསྟན་བཅོས་དེའི་དོན་ཟབ་རྣམས་ཆེས་ཆེར་གསལ་བར་བྱ་བའི་སླད་དུ་དེའི་རྣམ་པར་བཤད་པའི་འགྲེལ་བ་ཤེས་རབ་སྒྲོན་མ་འདི་བྱས་པ་ཡིན་ནོ་ཞེས་གསུངས་པ་ལ།

དེའི་རྣམ་བཤད་ཅེས་བྱ་བ་ནི་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་དེའི་རྣམ་པར་བཤད་པ་སྟེ། འདི་ནི་དེའི་འགྲེལ་པ་ཡིན་པའི་ཕྱིར་ཏེ། དེས་ནི་གཞུང་འདི་དེའི་རྣམ་པར་བཤད་པ་ཡིན་པར་བསྟན་ཏོ། ཞེས་དང༌།

བརྒྱད་པ་རྣམ་བཤད་འདིའི་ངོ་བོ་ནི། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པའི་ནུས་པ་དང་ལྡན་པ་ཡིན་ནོ་ཞེས་གསུངས་པ་ལ།

ལྟ་ངན་ཞི་བྱེད་ཅེས་བྱ་བ་དེ་ནི་རྣམ་པར་བཤད་པ་འདིའི་ངོ་བོ་ཉིད་ཡིན་ཏེ། འདི་ནི་ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཡིན་པའི་ཕྱིར་ཏེ། དེས་ནི་འགྲེལ་པ་འདིའི་ངོ་བོ་ཉིད་བསྟན་ཏོ། །ཞེས་དང༌།

དགུ་པ་རྣམ་པར་བཤད་པའི་འགྲེལ་བ་འདིའི་མིང་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་ཅེས་པ་དེ་གསལ་བར་བྱེད་པའི་སྒྲོན་མ་ལྟ་བུ་ཡིན་པས་ན་ཤེས་རབ་སྒྲོན་མ་ཞེས་བྱའོ་ཞེས་གསུངས་པ་ལ།

ཤེས་རབ་སྒྲོན་མ་ཞེས་བྱ་བ་ནི་དེའི་རྣམ་པར་བཤད་པ་ལྟ་བ་ངན་པ་ཞི་བར་བྱེད་པ་འདིའི་མིང་ཡིན་ཏེ། འདི་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བ་མཛད་པ་དེ་གསལ་བར་བྱེད་པའི་སྒྲོན་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དེས་ནི་འགྲེལ་པ་འདིའི་མིང་བསྟན་ཏོ། །ཞེས་དང༌། བཅུ་པ་རྣམ་བཤད་འདི་ནི་ལེགས་ལྡན་འབྱེད་བདག་གིས། གང་དག་ཤེར་ཕྱིན་གྱི་བརྗོད་བྱ་ཟབ་མོ་དབུ་མའི་དོན་དེ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཁོ་ན་ལ་བརྟེན་ནས་རྟོགས་མི་ནུས་པ་རྣམས་ཀྱིས། རྣམ་བཤད་འདི་ལ་བརྟེན་ནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དུ་བྱས་སོ་ཞེས་གསུངས་པ་ལ།

བདག་གིས་བྱས། །ཞེས་བྱ་བ་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བྱས་པའི་ཚུལ་བསྟན་པ་སྟེ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པ་དག་ཁོ་ནས་རྗེས་སུ་དཔག་པ་དང༌། སུན་དབྱུང་བའི་གསལ་བ་དང༌། དེ་ཁོ་ན་དག་བསྟན་པ་དང༌། །ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བཀའ་སྩལ་མོད་ཀྱི། ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལས་ཁ་ཅིག་གིས་མི་རྟོགས་པས་དེའི་ཕྱིར་དེ་དག་གིས་རྟོགས་པར་བྱ་བར་འདོད་ནས་ལུང་ཇི་ལྟ་བ་བཞིན་དུ་དབུ་མའི་བསྟན་བཅོས་བཤད་པར་བྱས་པའི་ཕྱིར་ཏེ། དེས་ནི་བདག་གིས་བྱས་པའི་ཚུལ་བསྟན་ཏོ། །ཞེས་གསུངས་ཏེ་འདི་དག་ནི་ཀླུ་སྒྲུབ་ཀྱི་ལུང་བསྟན་དང༌། མཛད་པ་དང༌། ཆེ་བའི་ཡོན་ཏན་རྣམས་བརྗོད་པའི་རྒྱ་གཞུང་སྔ་གྲལ་དང་ཁུངས་ལྡན་ཤ་སྟག་ཡིན་ལ། ས་བཅད་བཅུ་བཞི་པ་ཀླུ་ཡུལ་ནས་ཤེར་ཕྱིན་གདན་དྲངས་ཏེ་སླར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས། མུ་སྟེགས་ཀྱི་རྒོལ་བ་ལ་སོགས་པའི་ལོག་སྨྲ་རྣམས་ཚར་བཅད་དང༌། ཡུམ་ཤེར་ཕྱིན་གྱི་དོན་ཕྱིན་ཅི་མ་ལོག་པར་བསྟན་ཏེ་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་བཟུང་བའི་སྒོ་ནས་བསྟན་པ་ཆེས་ཆེར་སྤེལ་བའི་ཚུལ་རྣམས་གསལ་བར་གསུངས་པས། ལོ་རྒྱུས་ཀྱི་རིན་ཐང་ཤིན་ཏུ་ཆེ་ཡང༌། ཀློག་པ་པོ་ཕལ་པ་ཞིག་གིས་གཞུང་ཆེན་འདི་དག་ཀློག་པའི་གོ་སྐབས་ནི་ཤིན་ཏུ་ཕྲ་ཞིང༌། གཞུང་རེ་གཉིས་མིག་ལམ་དུ་སོན་ཀྱང་འདི་རིགས་ལ་དམིགས་གསལ་གྱི་དོ་སྣང་སླེབས་པ་དང་གཞུང་མང་གཅིག་ཏུ་བསྒྲིགས་ནས་གོ་རིམ་བཞིན་དུ་གཏན་ལ་ཕབས་པ་ནི་ཅུང་ཟད་དཀའ་བས། ཡི་གེ་ལ་མ་འཛེམ་པར་ལུང་རྣམས་རྫོགས་པ་བཤུས་པ་ཡིན་ནོ། །

སྨྲས་པ།

སྤྱ༵ན་རས་གཟིགས་ཀྱི་བརྟུལ་ཞུགས་ལ་གནས་ནས། །

སྤྱ༵ན་གྱི་གཟིགས་པ་དག་པའི་སློབ་དཔོན་དེས། །

སྤྱ༵ན་སྒྲིབ་རྣམ་སེལ་ཤེས་རབ་སྒྲོན་མེ་ལ། །

སྤྱ༵ན་ལམ་ཡངས་པོས་འགྲེལ་ལས་དེ་སྐད་དོ། །

ཞེས་པ་འདི་ནི་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ། །

དྲུག་པ་དུས་ཕྱིས་རྒྱ་གར་དུ་གྲགས་པ་རྣམས་བུ་སྟོན་ཐམས་ཅད་མཁྱེན་པའི་ཆོས་འབྱུང་ལས་ཇི་ལྟར་བྱུང་བ་ནི།

དེ་ཡང་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཉིས་ཀྱིས་ཇི་ལྟར་བསྒྱུར་བ་རྣམས་ཕྱོགས་གཅིག་ཏུ་བཀོད་དགོས་དོན་ནི། }ར་བོད་དུ་བསྒྱུར་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར་ཅུང་ཟད་རྒྱས་ལ་ཁུངས་བཙན་པ་ནི་བུ་སྟོན་ཆོས་འབྱུང་དང་ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དང་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་དང་བཅས་པ་ཡིན་ལ། དེ་དག་ཀྱང་སྤྱི་ལོ་༡༢༩༠ནས་༡༦༣༤བར་དུ་རྒྱ་གར་དུ་གྲགས་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་རྣམས་བོད་ཡིག་ཏུ་བསྒྱུར་བ་ཡིན་ནོ། །དེས་ན་རྒྱ་གར་གྱི་ཡུལ་འདི་དོན་དངོས་ཀྱི་ལོ་རྒྱུས་དང་ལོ་རབས་ལ་དེ་ཙམ་དོ་སྣང་མེད་ཅིང༌། ངོ་མཚར་ཆེ་ཞིང་ཡ་མཚན་པའི་རྟགས་མཚན་ཇི་ལྟར་བྱུང་བ་དང་ཚེ་ལོ་བརྒྱ་ཕྲག་ཇི་ཙམ་བཞུགས་པ་སོགས་ལྷ་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་ལ་དོ་སྣང་ཧ་ཅང་ཆེན་པོ་ཡོད་པའི་མི་རིགས་ཤིག་ཡིན་སྟབས། དུས་རབས་མི་འདྲ་བར་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་ལའང་གསུངས་རྒྱུན་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་པས། དོན་དངོས་གང་ཡིན་གྱི་དབྱེ་བ་ཤིན་ཏུ་འབྱེད་དཀའ་མོད། འོན་ཀྱང་སྤྱིའི་ཆོས་ཉིད་ལ། ཀླུ་སྒྲུབ་ཕེབས་པའི་དུས་དང་ཇི་ཙམ་ཉེ་བ་དེ་ཙམ་གྱི་ཁུངས་བཙན་པར་བྱེད་པས། }རྩོམ་རྣམས་ཁུངས་བཙན་ཞིང་ཕྱིས་སུ་བརྩམས་པ་རྣམས་དེའི་ཁ་སྐོང་ལྟ་བུར་གོ་བ་བླངས་ན་བཟང་བར་སེམས་སོ། །འོ་ན་བུ་སྟོན་ཆོས་འབྱུང་དང་ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དང་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་རྣམས་རང་རང་གི་གསུང་འབུམ་ན་བཞུགས་ཤིང༌། ལོགས་སུ་དཔེ་བསྐྲུན་བྱས་པའང་ཡོད་པས་འདིར་བཀོད་པས་ནི་ཡིག་ཚོགས་ཤིན་ཏུ་ཆེ་བར་གྱུར་ཅིང་དགོས་པའང་མེད་དོ་ཞེ་ན། སྨྲ་བར་བྱ་སྟེ། དཔེར་ན་རྒྱུ་སྤུས་དང༌། རིན་ཐང་དང༌། ཚོན་གྱི་ཁ་དོག་དང༌། དབྱིབས་དང༌། ཆེ་ཆུང་གི་ཚད་དང༌། བཟོའི་ཁྱད་པར་དང༌། བྱེད་ལས་སོགས། ཡོ་བྱད་མི་འདྲ་བ་གྲངས་ལས་འདས་པ་དང་ལྡན་པའི་ཚོང་ཁང་དུ་ཉོ་སྒྲུབ་བྱེད་པར་ཕེབས་ན། རང་རང་ལ་གང་མཁོ་བའི་དངོས་པོ། དཔེར་ན་ཞྭ་དང༌། ལྷམ་དང༌། གོས་དང་འཚོ་བའི་ཡོ་བྱད། གང་དང་གང་འདོད་པའི་དངོས་པོ་དེ་དང་དེ་ལྟ་ཁོ་ན་རྙེད་པར་འགྱུར་གྱི། གཞན་ཚོང་ཁང་ཆུང་ངུའམ་ཅ་ལག་ཉུང་ངུ་ལས་མེད་སར་ཕྱིན་ན་ནི། རང་གིས་གང་དང་གང་འདོད་པའི་དངོས་པོ་དེ་དག་ཡིད་དང་མཐུན་པ་རྙེད་པར་མི་ནུས་སོ། །དེས་ན་འདིར་ཡང་རྒྱ་གར་ནག་བོད་གསུམ་གྱི་མཁས་གྲུབ་ལོ་པཎ་ཁུངས་མ་རྣམས་ཀྱིས་གསུངས་པའི་གཞུང་ཚིག་རྣམས་རྫོགས་པར་བཀོད་པས་ནི། འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་པར་ཐར་པ་འདི་དག་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ཡང་དག་པའི་རིགས་པས་ལེགས་པར་བརྟག་པའི་གོ་སྐབས་བཟང་པོ་ཞིག་ཐོབ་པར་འགྱུར་བས། ཆོས་ཀྱི་རྗེས་སུ་འབྲངས་པའི་དབང་རྣོན་གྱི་དད་པ་རྣམ་པར་དག་པ་ཞིག་འཁྲུངས་བར་ནུས་ལ། དེ་ལྟར་ན་མཛད་པ་པོ་དེ་ལས་བྱུང་བའི་ཟབ་མོ་དབུ་མའི་ལམ་ལའང་ཁུངས་བཙན་པའི་ཆོས་སུ་ཡིད་ཆེས་པའི་མི་ཕྱེད་པའི་དད་པ་བརྟན་པོ་ཞིག་རྙེད་པར་འགྱུར་ཏེ། རྗེའི་ལམ་རིམ་ཆེ་ཆུང་རྣམས་ལས།

ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པར་གསུངས་པས་སོ། །འདི་དག་ལས་གང་ཞིག་ནི་ལོ་རྒྱུས་དངོས་ཡིན། གང་ཞིག་ནི་དད་པ་དང་དག་སྣང་ལ་འཆར་བ་ཡིན། གང་ཞིག་ནི་གཏམ་རྒྱུད་དང་ལྷ་སྒྲུང་དང་སྦྱར་ནས་གསུངས་པ་ཡིན། གང་ཞིག་ནི་དེའི་དུས་ཀྱི་གདུལ་བྱ་རྣམས་དྲངས་པའི་སླད་དུ་ཡུལ་དུས་ཀྱི་མོས་པ་དང་མཐུན་པར་ཐབས་མཁས་ཀྱི་གསུང་བྱོན་པ་ཡིན་པ་ལ་སོགས་པར་ལེགས་པར་བརྟགས་ཤིང་དཔྱད་ནས་ངེས་པར་བྱེད་པ་ནི་ཅིས་ཀྱང་གལ་ཆེའོ། །འོ་ན་ཅིས་ཕྱིར་གོང་གི་ཚུལ་རྣམ་པ་བཞིས་གསུངས་ཞེ་ན།

ཚུལ་དང་པོ་ལོ་རྒྱུས་ཀྱི་དོན་དངོས་ཇི་ལྟ་བ་བཞིན་དུ་གསུངས་པ་ལ་དགོས་པ་ཡོད་དེ།

དབང་རྣོན་རྣམས་ནི་དོན་དེ་ལ་ལུང་དང་རིགས་པའི་གནོད་པ་མ་མཐོང་བ་ན། དེ་ལྟ་ཡིན་པར་ཡིད་ཆེས་པའི་དད་པ་བརྟན་པོ་སྐྱེ་བར་འགྱུར་ལ། དོན་དེ་ལ་ལེགས་པར་མ་དཔྱད་པར་ཚམ་ཚོམ་དུ་ནི་མི་འཇུག་གོ།

ཚུལ་གཉིས་པ་དད་པ་དང་དག་སྣང་ལ་འཆར་བ་ལྟར་གསུངས་པ་ལ་དགོས་པ་ཡོད་དེ།

སྐྱེས་བུ་དམ་པ་ས་ལམ་གྱི་རྟོགས་པ་མཐོན་པོར་གཤེགས་པ་རྣམས་ལ་ནི་དག་པའི་སྣང་བར་སངས་རྒྱས་བྱང་སེམས་གཤེགས་ཟིན་རྣམས་དངོས་སུ་མཇལ་ནས་གདམས་པ་དང་རྗེས་སུ་བསྟན་པ་ཐོབ་པ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས། རང་རེ་ཐ་མལ་བ་རྣམས་ཀྱི་དད་པའི་ཡུལ་ཙམ་དང༌། གང་ཟག་ཁྱད་པར་ཅན་རྣམས་ཀྱི་ནང་ཕན་ཚུན་གྱི་སྤྱོད་ཡུལ་ཁོ་ན་ཡིན་པས། དེས་དྲངས་དགོས་ཀྱི་སྐྱེ་བོ་རྣམས་ཀྱི་དོན་དུ་དེ་ལྟར་གསུངས་ན་དོན་ཆེན་པོར་འགྱུར་བའི་ཕྱིར་རོ། །

ཚུལ་གསུམ་པ་གཏམ་རྒྱུད་དང་ལྷ་སྒྲུང་དང་སྦྱར་ནས་གསུངས་པ་ལ་དགོས་པ་ཡོད་དེ། ཇི་སྐད་དུ་འགྲེལ་བ་དོན་གསལ་ལས། རེ་ཞིག་དད་པའི་རྗེས་སུ་འབྲངས་བ་རྣམས་ནི་འདི་ལ་ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུ་དད་པ་སྐྱེའོ། །ཞེས་གསུངས་པ་ལྟར།

དབང་རྟུལ་དད་པའི་རྗེས་སུ་འབྲང་བ་རྣམས་ནི་གཞུང་ཆེན་པོའི་ལུང་དང༌། ཡང་དག་རིགས་པའི་ལམ་ནས་བརྟག་ཅིང་དཔྱད་པར་མི་ནུས་ཤིང་དོན་དུའང་མི་གཉེར་ལ།

ཤིན་ཏུ་སྙན་པའི་གཏམ་རྒྱུད་དང་ལྷ་སྒྲུང་དང་སྦྱར་ནས་གསུངས་ན་བཅོས་མིན་གྱི་དད་པ་སྐྱེ་བས་ན་དོན་ཆེན་པོར་འགྱུར་བའི་ཕྱིར་རོ། །

ཚུལ་བཞི་པ་དེའི་དུས་ཀྱི་གདུལ་བྱ་རྣམས་དྲངས་པའི་སླད་དུ་ཡུལ་དུས་ཀྱི་མོས་པ་དང་མཐུན་པར་ཐབས་མཁས་ཀྱི་གསུང་བྱོན་པ་ལ་དགོས་པ་ཡོད་དེ། ཡུལ་དུས་ཀྱི་མོས་པ་ཟེར་བ་དེ་དབང་ཤིན་ཏུ་བཙན་པས། རྐང་གཅིག་ཡུལ་དུ་སླེབས་པ་ན། །རྐང་གཉིས་པ་ལ་མིར་མི་བརྩི། །གསུངས་པ་ལྟར། གལ་ཏེ་ཡུལ་དུས་ཀྱི་མོས་པ་དང་མི་མཐུན་ན་ཇི་ལྟ་བུའི་ཡང་དག་པའི་དོན་ཞིག་ཡིན་ཡང༌། དེ་ལ་དོན་དུ་གཉེར་བ་མེད་པས། དཔེར་ན་དེ་དུས་ཀྱི་རྒྱ་གར་བ་རྣམས་ལ་ཚེ་ལོ་བརྒྱ་ཕྲག་མང་པོ་བཞུགས་པར་གསུངས་ན་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་འགྱུར་བས། རྒྱལ་རབས་དང་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་ཡང༌། དེའི་དུས་ཀྱི་གདུལ་བྱ་རྣམས་དྲངས་པའི་དོན་དུ་ཐབས་མཁས་ཀྱི་གསུང་བྱོན་པ་ལ་ཉེས་པ་ག་ལ་ཡོད་དེ། གལ་ཏེ་ཡོད་ན་སངས་རྒྱས་ཀྱི་གསུང་ལ་དྲང་ངེས་ཀྱི་དབྱེ་བ་མི་འཐད་པར་འགྱུར་རོ། །

དེ་ལ་བུ་སྟོན་ཆོས་འབྱུང་ལས་ཇི་ལྟར་བྱུང་བ་དངོས་ནི།

སྤྱི་ལོ་༡༢༩༠ནས་༡༣༦༤་ལོ་ལ་བུ་སྟོན་རིན་པོ་ཆེས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་བཀོད་པ་འདི་ལྟར།

སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེ་ཕུན་སུམ་ཚོགས་པ་ཞིག་ལ་བུ་མེད་པ་ན་རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་ཅེས་ལྷས་ལུང་བསྟན་ཏོ། །དེ་ནས་དེ་ལྟར་བྱས་ཏེ་གསོལ་བ་བཏབས་པས་ཟླ་བ་བཅུ་ན་ཁྱེའུ་ཞིག་བཙས་ཏེ་མཚན་མཁན་ལ་བསྟན་པས་མཚན་བཟང་མོད་ཀྱི། འོན་ཀྱང་ཞག་བདུན་གྱི་ཚེ་ལས་མེད་དོ་ཟེར། །དེ་ལ་ཅི་ཕན་དྲིས་པས་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་པས་ཟླ་བ་བདུན་དང༌། དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་པས་ལོ་བདུན་ཐུབ། དེ་ནས་ཐབས་མེད་དོ་ཟེར་རོ། དེ་ནས་དེ་བཞིན་བྱས་ཏེ་ལོ་བདུན་དུ་ཉེ་བ་ན། བུའི་རོ་མཐོང་བ་ཕ་མས་མི་བཟོད་པས་གཡོག་དང་བཅས་པ་འཁྱམ་དུ་བཏང་ངོ༌། །དེ་རིམ་གྱིས་སོང་སོང་སྟེ་ཁ་སརྤྱཱ་ཎི་པཱ་ཎིའི་ཞལ་བལྟས་ཏེ་རིམ་གྱིས་དཔལ་ནཱ་ལེནྡྲའི་སྒོ་དྲུང་དུ་སོང་སྟེ་སྙན་དངགས་ཀྱི་རིག་བྱེད་དག་བསྒྲགས་པ་ན། དེ་ན་བྲམ་ཟེ་ས་ར་ཧ་བཞུགས་པས་གསན་ནས་ནང་དུ་ཁྲིད་ནས་ཇི་ལྟར་གྱུར་པའི་རྒྱུ་མཚན་བཤད་པས། སློབ་དཔོན་ན་རེ། རབ་ཏུ་འབྱུང་ནུས་ན་ཐབས་ཡོད་གསུངས་པས་རབ་ཏུ་བྱུང༌། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་གཟུངས་འདོན་དུ་བཅུག ཁྱད་པར་ལོ་བདུན་ལོན་པའི་ནུབ་མོ་མཚན་ཐོག་ཐག་བཏོན་པས་འཆི་བདག་ལས་ཐར་ཏེ་ཕ་མ་དང་ཕྲད་པས་ཀྱང་ཤིན་ཏུ་དགའོ། །དེ་ནས་བྲམ་ཟེ་ས་ར་ཧ་ལ་དཔལ་གསང་བ་འདུས་པ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས་སོ། །དེ་ནས་ནཱལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་ཏེ་དགེ་སློང་དཔལ་ལྡན་ཞེས་གྲགས་སོ། །དེའི་ཚེ་ནཱ་ལེནྡྲའི་དགེ་འདུན་གྱི་ཞལ་ཏ་བ་བྱས་པའི་ཚེ་མུ་གེ་ཆེན་པོ་བྱུང་བ་ལ་གླིང་བར་ནས་གསེར་འགྱུར་གྱི་རྩི་བླངས་ཏེ་གསེར་འགྱུར་བྱས་ནས་དགེ་འདུན་གྱི་གདུགས་ཚོད་སྦྱར་ཏེ་དབྱར་གནས་ཐོན་པ་དང་དགེ་འདུན་རྣམས་ཀྱིས་མི་རིད་པ་དང་ཤི་བ་མཐོང་ནས་མུ་གེ་བྱུང་འདུག་པས་དགེ་འདུན་གྱི་གདུགས་ཚོད་ཇི་ལྟར་སྦྱར་ཞེས་དྲིས་པས་སྔར་གྱི་ཚུལ་བརྗོད་པས་དགེ་འདུན་ལ་མ་ཞུས་པར་དགེ་འདུན་ལོག་འཚོ་ལ་བཀོད་འདུག་པས་གནས་ནས་ཕྱུང་ལ་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་གྱིས་ཤིག་ཅེས་བསྒོའོ། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབས་པས་ཐོབ་སྟེ་དེའི་ཚེ། དགེ་སློང་བདེ་བྱེད་ཅེས་པས་རིག་པའི་རྒྱན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་ཕྱུང་བ་བྱུང་བས་དེ་གདུལ་བའི་དོན་དུ་ནཱ་ལེནྡྲར་ཆོས་གསུངས་སོ། དེའི་ཚེ་བྱིས་པ་གཉིས་ཆོས་མཉན་ཅིང་ས་འོག་ཏུ་སོང་བ་ལ་སུ་ཡིན་དྲིས་པས་ཀླུ་ཡིན་ཟེར་བ་ལ་སློབ་དཔོན་གྱིས་གནོད་སྦྱིན་གྱི་འདམ་ཁྱེར་ལ་ཤོག་གསུངས་པས། དེ་དག་གིས་ཀླུའི་རྒྱལ་པོ་ལ་ཞུས་པས་སློབ་དཔོན་སྤྱན་དྲངས་པས་དོན་དུ་འགྱུར་བར་མཁྱེན་ནས་ཀླུའི་ཡུལ་དུ་བྱོན་ནས་ཆོས་གསུངས་སོ།

དེའི་ཚེ་ཀླུས་བཞུགས་པར་ཞུས་པས་ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་འབུམ་གདན་འདྲེན་དུ་འོངས་ཀྱི་བསྡད་མི་ཁོམ། ཕྱིས་འོང་སྲིད་གསུངས་ཏེ་འདམ་མང་པོ་དང༌། །འབུམ་དག་ཡེ་གེ་ཉུང་ངུ་ཡང་གདན་དྲངས་ཏེ། འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་ཞེས་གྲག་གོ ། དེ་ནས་འདམ་དེས་མཆོད་རྟེན་ལ་སོགས་བྱེ་བ་བྱས། ཀླུ་རྣམས་ཀྱིས་གྲོགས་བྱས་ཏེ་ཕལ་ཆེར་གྲུབ་ལ་འགའ་ཞིག་ཀླུ་ཡུལ་དུ་མི་འགྲོ་བའི་ཕྱིར་མ་བྱས་ཏེ་ཀླུ་སྒྲུབ་ཅེས་པའི་མིང་དུ་གྱུར་ཏོ། །དེ་ནས་ལི་ཁ་ར་ཤིང་འཕེལ་དུ་གསེར་འགྱུར་བྱས་ཏེ་སྦྱིན་པ་རྒྱ་ཆེན་པོ་བྱས་ཏེ་དེའི་ཚེ་བྲམ་ཟེ་རྒན་རྒོན་གཉིས་ལ་གསེར་མང་པོ་གནང་བས་དད་དེ་རྒན་པོས་ཉེ་གནས་བྱས་ཆོས་མཉན་ཏེ་ཤི་ནས་སློབ་དཔོན་ཀླུའི་བྱང་ཆུབ་ཏུ་གྱུར་ཏོ། དེ་ནས་ཤར་ཕྱོགས་པ་ཊ་བེ་སར་བྱོན་ནས་ལྷ་ཁང་མང་པོ་བཞེངས། ཡུལ་ར་དྷར་ཡང་བཞེངས། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བྱ་བར་བཞེད་པ་ལྷས་བཀག་སྟེ། སྒྲ་མི་སྙན་དུ་གཤེགས་པའི་ལམ་གྲོང་ཁྱེར་ས་ལ་མ་ན་བྱིས་པ་ཛི་ཏ་ཀའི་ལག་རིས་ལས་རྒྱལ་པོར་ལུང་བསྟན་ནས་སྒྲ་མི་སྙན་དུ་བྱོན་ནས་ན་བཟའ་ཤིང་ལ་བཀལ་ཏེ་ཁྲུས་མཛད་པས་གོས་དེ་དག་གིས་ཁྱེར་བ་ལ། ངའི་ཡིན་གསུངས་པས་ང་བདག་ཅན་ཟེར་ནས་བལྟ་སྐད། དེར་དོན་བྱས་ཏེ་བྱོན་པས་སྔར་གྱི་བྱིས་པ་རྒྱལ་པོར་གྱུར་ཏེ་དེས་རིན་པོ་ཆེ་མང་དུ་ཕུལ་ཏེ་སྐྱེས་ལན་དུ་ཆོས་ཀྱི་རིན་པོ་ཆེའི་ཕྲེང་བ་གནང་ངོ༌། །སློབ་དཔོན་དེས། བསྟན་པའི་བྱ་བ་དགེ་འདུན་གྱི་ཞལ་ཏ་བྱས། མཆོད་རྟེན་ལྷ་ཁང་མང་པོ་བཞེངས། རྡོ་རྗེ་གདན་ལ་རྡོའི་དྲ་མིག་གིས་རྭ་བས་བསྐོར། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བཞེངས། བསྟན་བཅོས་ལ་ནང་རིག་པ་ལ། ལྟ་བ་གཙོ་བོར་སྟོན་པ་ལ་མཐའ་བྲལ་གྱི་དབུ་མ་ལུང་གིས་སྟོན་པ་ལ་ལུང་གིས་སྟོན་པ་དབུ་མ་བསྟོད་པའི་སྐོར། རིགས་པས་སྟོན་པ་རིགས་པའི་ཚོགས། སྤྱོད་པ་གཙོ་བོར་སྟོན་པ་ལ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས། རིགས་པས་སྟོན་པ་ཐེག་ཆེན་བློ་སྦྱོང༌། ཉན་ཐོས་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་གྱི་ནོར་བུ། རྟེན་ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་བཤེས་སྤྲིང༌། རབ་བྱུང་གི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས། སྔགས་ཀྱི་ཕྱོགས་ལ་ལྟ་སྤྱོད་མདོར་བསྡུས་པ་རྒྱུད་ཀུན་ལས་བཏུས། ལྟ་བ་གཏན་ལ་འབེབས་པ་བྱང་ཆུབ་སེམས་འགྲེལ། བསྐྱེད་རིམ་སྟོན་པ་འདུས་པའི་གྲུབ་ཐབས། མདོར་བྱས། མདོ་བསྲེ། དཀྱིལ་ཆོག་ཉི་ཤུ་པ། རྫོགས་རིམ་སྟོན་པ་རིམ་པ་ལྔ་ལ་སོགས་པ་མཛད་དོ། གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ་ལ་སོགས་པ་དང༌། ལུགས་ཀྱི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་མ་རིན་ཆེན་ཕྲེང་བ། གཞན་ཡང་རྟེན་འབྲེལ་གྱི་རྩིས། སྤོས་སྦྱོར་གསེར་འགྱུར་ལ་སོགས་རང་རྐང་དུ་བརྩམས་པ་མང་པོ་དང༌། གཞན་འགྲེལ་དུ་བཏགས་པ་གསང་འདུས་འགྲེལ་པ་དང་སཱ་ལུ་ལྗང་པའི་མདོ་ཚིགས་བཅད་དུ་བསྡུས་པ་ལ་སོགས་པ་མཛད་དོ། །ཕྱག་རྒྱ་བཞི་བ་པ་ནི། ཀླུ་སྒྲུབ་ཀྱིས་མཛད་པ་མིན་ནོ་ཞེས་མན་ངག་སྙེ་མར་བཤད་དོ། སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས། སྤྱོད་འཇུག་འགྲེལ་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསླབ་པ་ཀུན་ལས་བཏུས་པ་ཞིག་ཀྱང་མཛད་པར་བཤད་དོ། དེ་ལྟར་ལོ་དྲུག་བརྒྱར་བསྟན་པའི་བྱ་བ་མཛད་དོ། དེའི་ཚེ་རྒྱལ་པོ་མཐར་འགྲོ་ཞོན་ནམ་བདེ་སྤྱོད་བཟང་པོ་ལ་བུ་གཞོན་ནུ་ནུས་ལྡན་ཞེས་བྱ་བ་ཞིག་ལ་མས་གོས་བཟང་སྲུབ་མེད་པ་ཞིག་བྱིན་པས་འདི་ངས་རྒྱལ་སྲིད་འཛིན་དུས་སུ་དགོས་ཟེར་བ་ལ། མས་ཁྱོད་ཀྱིས་རྒྱལ་སྲིད་འཛིན་པ་མི་འོང༌། ཡབ་དང་སློབ་དཔོན་ཀླུ་སྒྲུབ་ཚེ་སྒྲུབ་དང་བཅུད་ལེན་སྟབས་སུ་བྱས་པས་གྲུབ་སྟེ་སློབ་དཔོན་དང་སྲོག་གཅིག་པ་ཡིན་ཟེར་བ་དང༌། དེས་དཔལ་གྱི་རི་ལ་སློབ་དཔོན་ཀླུ་སྒྲུབ་བཞུགས་སར་ཕྱིན་ཏེ་དབུ་བསླངས་པས་ཆོད་གསུང་སྟེ་རལ་གྲིས་བཅད་པས་མ་ཆོད་པ་ན། སློབ་དཔོན་ན་རེ། ངས་རྩྭ་ཀུ་ཤ་བཅད་པས་སྲོག་ཆགས་ཤི་བའི་རྣམ་སྨིན་ཡོད་པས་ཀུ་ཤས་ཆོད་གསུངས་ནས་བཅད་པས་སྐེའི་རྩ་བ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་ཚིགས་བཅད་བྱུང་ངོ། །དབུ་དེ་དེས་ཁྱེར་ཏེ་ཕྱིན་ནས་གནོད་སྦྱིན་མོས་འཕྲོགས་ཏེ་དཔག་ཚད་གཅིག་ཏུ་དོར་རོ། །དབུ་དང་སྐུ་ལུས་གཉིས་ཀ་མ་ཉམས་པར་ལོ་རེ་ཞིང་ཇེ་ཉེར་སོང་ནས་མཐར་འབྱར་ནས་བསྟན་པ་དང་འགྲོ་དོན་མཛད་ཅེས་གྲག་གོ། །ནཱ་གཱརྫུ་ནའི་ནཱ་ག་ནི་ཀླུ་སྟེ། ཆོས་ཀྱི་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ། སྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། ། ཨརྫུ་ན་ནི་སྲིད་སྒྲུབ་སྟེ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང༌། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། བསྡུས་པས་ཀླུ་སྒྲུབ་བོ། །ཚིག་གསལ་དུ། གང་ཞིག་མཐའ་གཉིས་གནས་ལ་གནས་བསལ་ཞིང༌། །རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་བརྙེས། །དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། །རྗེས་སུ་རྟོགས་བཞིན་ཐུགས་རྗེས་སྟོན་པར་མཛད། །གང་གི་ལྟ་བའི་མེ་དཔུང་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུད་ཤིང་དང་ནི་འཇིག་རྟེན་གྱི། ། ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །གང་གིས་གཉིས་མེད་ཡེ་ཤེས་གསུང་མདའི་ཚོགས། །ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། །ཁམས་གསུམ་དག་ཏུ་རྒྱལ་ཐབས་ལེགས་མཛད་ནས། །སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པ། །ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས་ནི་དེའི། །ཞེས་པ་དང༌། དབུ་ནི་དོན་དུ་གཉེར་བ་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩོལ་མཛད་ནས། །བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །ཞེས་གསུངས་སོ། ། ཁ་ཅིག་སྤྲིན་ཆེན་པོའི་མདོ་ལས་ལི་ཙ་བྱི་འདི་ང་འདས་ནས་ལོ་བཞི་བརྒྱ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་རྒྱས་པར་བྱེད་དེ་མཐར་འཇིག་རྟེན་གྱི་ཁམས་དང་བའི་འོད་དུ་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་དུ་འཚང་རྒྱའོ་ཞེས་བཤད་ཟེར་ཏེ། །སྤྲིན་ཆེན་ལས། ལྷོ་ཕྱོགས་དྲང་སྲོང་བྱི་པོའི་ཡུལ་དུ་རྒྱལ་པོ་རྒུད་པ་གསོ་བ་ཞེས་བྱ་བ་འབྱུང་སྟེ་དེའི་ཚེ་ལོ་བརྒྱད་ཅུ་པ་ན་དམ་པའི་ཆོས་ཞིག་པའི་ལྷག་མ་ཙམ་དུ་གྱུར་པ་ན། བསོད་ནམས་ལྡན་གྱི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་པའི་འབབ་ཆུ་མཛེས་འབྱོར་གྱི་བྱང་གི་འགྲམ་དུ་རྗེ་རིགས་འབྲ་གོ་ཅན་གྱིས་ཕྱོགས་སུ་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་བཞིན་གཤེགས་པའི་ཆོས་དབྱུང་བའི་ཕྱིར་ངའི་མིང་ཅན་དུ་སྐྱེའོ། །དེས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་དྲུང་དུ་ཐུབ་པའི་བསྟན་པ་ལ་ཆོས་ཕྱིར་སྲོག་བཏོང་བར་དམ་བཅས་པ་དེས་བསྟན་པ་རྒྱས་པར་བྱེད་དོ། །ཞེས་འབྱུང་གི་ཀླུ་སྒྲུབ་ཀྱི་གསལ་ཁ་མེད་མོད། ཁ་ཅིག་ཀླུ་སྒྲུབ་ཀྱི་མཚན་ཤཱཀྱ་བཤེས་གཉེན་དུ་འདོད་པ་ལྟར་ན་བརྟག་ཅིང༌། རྔ་བོ་ཆེའི་མདོ་ལས། ཀླུ་སྒྲུབ་ལུང་བསྟན་པ་རྒྱས་པར་བཤད་ཅེས་པའང་བརྟག་པར་བྱའོ། །

དེའི་སྲས་སློབ་དཔོན་ཨཱརྱ་དེ་ཝ་ནི། སིངྒ་ལའི་གླིང་དུ་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས་པ་ལ་དེའི་རྒྱལ་པོས་བུར་བཟུང་སྟེ་ཆེར་སྐྱེས་པ་ན་སློབ་དཔོན་ཀླུ་སྒྲུབ་ཅན་དུ་བྱོན་ནས་སློབ་གཉེར་མཛད་པས་རིག་པའི་གནས་ཐམས་ཅད་དང་ཕྱི་ནང་གི་གྲུབ་མཐའ་མ་ལུས་པ་ལ་མཁས་པར་གྱུར་ཏེ། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་མ་ཁོལ་ཞེས་བྱ་བ་ལྷ་དབང་ཕྱུག་ཆེན་པོ་གྲུབ་སྟེ་མངལ་སྐྱེས་གང་གིས་ཀྱང་མི་ཐུབ་པའི་མཆོག་སྦྱིན་པ་ཞིག་ཡོད་པ་དེས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་ཏེ་ཕལ་ཆེར་མུ་སྟེགས་ལ་བཙུད་དེ་ནཱ་ལེནྡྲར་ཕྱིན་ནོ། །ནཱ་ལེནྡྲ་པ་རྣམས་ཀྱིས། དཔལ་གྱི་རི་ལ་ཀླུ་སྒྲུབ་བཞུགས་པ་ལ་སྦྲན་པས། སློབ་དཔོན་ཨཱརྱ་དེ་ཝས་འདུལ་བར་ཞལ་གྱིས་བཞེས་ཏེ་བྱོན་པའི་ཚེ། ཤིང་གི་ལྷ་མོས་སྤྱན་སློང་བ་ལ་སྤྱན་གཅིག་སྦྱིན་པར་བཏང་ངོ༌། དེ་ནས་མུ་སྟེགས་ཕམ་པར་བྱས་པ་ན་མིག་གཅིག་པ་ཅི་འདྲ་འདི་ཞེས་སྨྲ་བ་ལ། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨཱརྱ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང༌། །ཞེས་གསུངས་ཤིང་ཆོས་ཀྱིས་ཚར་བཅད་དེ་བསྟན་པ་ལ་བཅུག་པས་པཎྜི་ཏ་ཆེན་པོར་གྱུར་ཏོ། །སློབ་དཔོན་འདི་ས་བརྒྱད་པ་པར་གྲགས་ཏེ། འཇམ་དཔལ་རྩ་རྒྱུད་ལས། །འཕགས་པ་མིན་ལ་འཕགས་པའི་མིང༌། ཞེས་གསུངས་པས་བརྟག་པར་བྱའོ། ། སློབ་དཔོན་འདིས་རང་བཞིན་མེད་པའི་དོན་རྒྱས་པར་སྟོན་པ་དབུ་མ་བཞི་བརྒྱ་པ། བསྡུས་ཏེ་སྟོན་པ་དབུ་མ་ལག་པའི་ཚད། དེ་ལ་རྩོད་པ་སྤོང་བ། འཁྲུལ་བ་ཟློག་པའི་གཏན་ཚིགས་སྒྲུབ་པ། མཚན་ཉིད་དང་སྔགས་ཀྱི་གྲུབ་མཐའི་རྣམ་གཞག་སྟོན་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། སྔགས་ཕྱོགས་ལ་སྔགས་ཀྱི་ལྟ་སྤྱོད་གཏན་ལ་འབེབས་པ་ལ་མདོ་རྒྱུད་རྟོག་པའི་ལུང་བསྲེས་ནས་སྒྲུབ་པ་སྤྱོད་པ་བསྡུས་པའི་སྒྲོན་མ། རིགས་པས་སྒྲུབ་པ་སེམས་ཀྱི་སྒྲིབ་སྦྱོང༌། སྨིན་བྱེད་དབང་གི་ཆོ་ག་ལ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས། བསྐྱེད་རིམ་སྟོན་པ་གདན་བཞིའི་སྒྲུབ་ཐབས། ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས། གཏོར་ཆོག་རྫོགས་རིམ་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་ལ་སོགས་པ་མཛད་ཅིང་སྒྲོན་གསལ་གྱི་འགྲེལ་བཤད་མཛད་ཟེར་ཏེ། དུས་མཚུངས་མི་མཚུངས་བརྟག་པར་བྱའོ། །ཞེས་གསུངས་སོ། །

འདིའི་ནང་དུ་གོང་གི་རྣམ་ཐར་རྣམས་ཀྱི་གསལ་བྱེད་དུ་སོང་བ་དང༌། གོང་གི་རྣམ་ཐར་དང་གསུང་ཚུལ་མི་འདྲ་བ་དང༌། གོང་གི་རྣམ་ཐར་ལས་མ་གསུངས་པའང་འགའ་ཤས་འདུག་པས། དེ་དག་མཚོན་ཙམ་ཞུས་ན། འཁྲུངས་པའི་དུས་ནི་སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་དང༌། འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་བེ་དརྦྷའི་ཡུལ་ཡིན་པར་གསུངས་པ་དང༌། རིགས་དང་ཇི་ལྟར་འཁྲུངས་ཚུལ་རྣམས་ལ་མཆོད་སྦྱིན་ལ་བརྟེན་ནས་སྐུ་ཚེ་ལོ་བདུན་དུ་བསྲིངས་ནས་དཔལ་ནཱ་ལེནྡྲའི་དགོན་པར་ཕེབས་པར་གསུངས་ཀྱང༌། དཔལ་ནཱ་ལེནྡྲའི་དགོན་པ་ནི་སྤྱི་ལོ་༤༡༤ནས་༤༥༥་བར་དུ་བྱུང་བའི་གུཔྟའི་རྒྱལ་རབས་སུ་ཕྱག་བཏབས་པ་ཞིག་ཡིན་པས། ཀླུ་སྒྲུབ་ཀྱི་དུས་སུ་དགོན་ཆེན་འདི་ད་དུང་ཕྱག་བཏབ་མེད་མོད། འོན་ཀྱང་ས་འདི་ནི་ཨ་མྲའི་ཚལ་ཞེས་བྱ་བ་དེ་ཡིན་པས། སྔོན་སངས་རྒྱས་འཁོར་དང་བཅས་པ་ཕེབས་ནས། ཟླ་བ་གསུམ་གྱི་བར་དུ་ཆོས་གསུངས་ཤིང༌། ང་མྱ་ངན་ལས་འདས་པའི་འོག་ཏུ། ཡུལ་འདིའི་རྒྱལ་པོ་कनिष्कཀ་ནིཥྐ་ཞེས་བྱ་བས་མཆོད་རྟེན་བཞེངས་པར་ལུང་བསྟན་ལ། ཀླུ་སྒྲུབ་ཀྱི་སྔོན་ཙམ་ལ་གནྡྷ་རའི་རྒྱལ་པོ་ཀ་ནི་ཥྐ་ཞེས་པས་ལུང་བསྟན་རང་ལ་ཡིན་པར་བསམས་ནས། སྔར་ནས་མཆོད་རྟེན་ཁྲུ་གསུམ་པ་ཞིག་ཡོད་པ་དེ་གཞིར་བྱས་ནས་དེའི་སྟེང་དུ་མཆོད་རྟེན་ཆེན་པོ་བློའི་ཡུལ་ལས་འདས་པ། རྩེ་མོར་གསེར་གྱི་ཆོས་འཁོར་བཅུ་གསུམ་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་པར་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ཞེས་པ་དང༌། གཙུག་ལག་ཁང་གི་ཟིན་ཐོ་ལོ་ཡང་དུ་བཀོད་པ་ཞེས་པ་སོགས་ན་གསལ་ལ། གཞོན་ནུ་སྲོག་གིས་བསྒྱུར་བའི་ཀླུ་སྒྲུབ་རྣམ་ཐར་ལས་ཀྱང༌། དེ་ལས་ཐོན་མ་ཐག་ཏུ་རི་ལ་སོང་ནས་སངས་རྒྱས་ཀྱི་མཆོད་རྟེན་ཞིག་གི་དྲུང་དུ་ཞུགས་ནས་རབ་ཏུ་བྱུང་སྟེ་སྡོམ་པ་ཡང་དག་པར་བླངས་སོ་གསུངས་པས། རྗེས་སུ་དཔལ་ནཱ་ལེནྡྲའི་དགོན་པ་གང་དུ་ཆགས་པའི་གནས་དེར་སྔར་ནས་མཆོད་རྟེན་ཆེན་པོའི་ཁོར་ཡུག་ཏུ་གཙུག་ལག་ཁང་གཙང་ཁང་དང་བཅས་པ་ཡོད་པ་དེ་ཡིན་ནམ་སྙམ་མོ། །གཙང་ཁང་ཡོད་པ་ཅི་ལས་རྟོགས་ཤེ་ན། དེར་ནང་རྟེན་འཕགས་པ་སྤྱན་རས་གཟིགས་ཀྱི་བཞེངས་སྐུ་ཁྱད་པར་ཅན་ཞིག་བཞུགས་པའི་གཙང་ཁང་ཡོད་པར་གསུངས་པས་སོ། །མདོར་ན་སངས་རྒྱས་ཀྱི་མཆོད་རྟེན་ཞིག་གི་དྲུང་དུ་ཞུགས་ནས་རབ་ཏུ་བྱུང་ཞེས་པ་ནི་མཆོད་རྟེན་ཁོ་ན་ཙམ་ལ་གོ་རྒྱུ་མ་ཡིན་པར་མཆོད་རྟེན་ཆེན་པོའི་ཉེ་འཁོར་ན་གཙུག་ལག་ཁང་དང་གཙང་ཁང་སོགས་ཡོད་པ་ཞིག་ལ་གོ་དགོས་པས། དེའི་དུས་སུ་དཔལ་ནཱ་ལེནྡྲའི་དགོན་པ་ཞེས་པའི་མཚན་གྱིས་བརྗིད་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དེ་མེད་ཀྱང༌། མཆོད་རྟེན་གཙོ་བོར་གྱུར་པའི་དགོན་པ་ཆུང་ངུ་ཞིག་ནི་ཅིས་ཀྱང་ཡོད་པས་ཀླུ་སྒྲུབ་དེར་རབ་ཏུ་བྱུང་བ་ཡིན་ནམ་སྙམ་མོ། །

འདིར་དོ་སྣང་བྱེད་དགོས་པ་ནི། བུ་སྟོན་གྱིས་བྲམ་ཟེ་ས་ར་ཧ་ལས་སྔགས་ཀྱི་དབང་དང༌། སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ལས་དགེ་སློང་གི་སྡོམ་པ་ཞུས་པར་གསུངས་པས། དང་པོ་ཀླུ་སྒྲུབ་ཀྱིས་གྲུབ་ཆེན་ས་ར་ཧ་ལས་སྔགས་ཀྱི་དབང་དང་སྡོམ་པ་ཞུས་པའི་སྐོར་ལ་ཉེ་དུས་ཀྱི་མཁས་པ་རྣམས་ལ་ལྟ་ཚུལ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད། དེ་དག་སོ་སོར་ཕྱེ་ན། རྩུབ་པོར་སྨྲ་བ་དང༌། འཇམ་པོར་སྨྲ་བ་གཉིས་སུ་འདུུ་ལ། རྩུབ་པོར་སྨྲ་བ་རྣམས་ནི་གསང་སྔགས་པ་རྣམས་ཀྱིས་ས་ར་ཧ་ཀླུ་སྒྲུབ་ཀྱི་སློབ་དཔོན་ཡིན་པར་སྨྲ་བ་དང༌། ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་གཞུང༌། མདོར་བྱས། མདོ་བསྲེ། རིམ་ལྔ་སོགས་མཛད་པར་སྨྲ་བ་ནི་གསང་སྔགས་ཀྱི་ཆོས་དེ་ཁུངས་བཙན་པོ་ཡིན་པར་སྒྲོག་པའི་སླད་དུ་དེ་དག་རང་ཉིད་ཀྱིས་ལྐོག་ཏུ་རྫུན་བསྒྲིག་བྱས་ཏེ་ཀླུ་སྒྲུབ་ལ་ཁ་གཡར་བ་ཁོ་ནའོ་ཞེས་སྨྲ་སྟེ། འདི་དག་རྣམས་ནི་ཕ་རོལ་པོས་རྫུན་བསྒྲིག་བྱས་པར་སྔར་ནས་ཐག་བཅད་ཟིན་ནས། སུས་རྫུན་བསྒྲིགས་བྱེད་པ་དང༌། དེས་ཇི་ལྟར་རྫུན་བསྒྲིགས་བྱས་པའི་ཚུལ། དེའི་སྒྲུབ་བྱེད་རྣམས་རྗེས་སུ་བཙལ་དགོས་པ་རྣམས་སོ། །འཇམ་པོར་སྨྲ་བ་རྣམས་ནི་ཞེ་ཕུག་ལ་གསང་སྔགས་ཕྱིས་སུ་བྱུང་བ་སྨྲ་བར་མོས་མཐུན་ཡོད་ཀྱང༌། གསང་སྔགས་པ་རྣམས་དང་རྒྱབ་འགལ་བྱེད་པར་མོས་མཐུན་མེད་པས༌། རེ་ཞིག་གསང་སྔགས་པ་རྣམས་ལ་སེམས་གསོ་བྱེད་པའི་ཆེད་དུ། རང་ཉིད་ཀྱིས་ཀླུ་སྒྲུབ་སྔ་མ་དང་ཀླུ་སྒྲུབ་ཕྱི་མ་གཉིས་སུ་རྫུན་སྒྲིག་བྱས་ཏེ། ཀླུ་སྒྲུབ་སྔ་མ་ནི་དབུ་མའི་ཤིང་རྟའི་སྲོལ་འབྱེད་དང་ཕྱི་མ་ནི་གསང་སྔགས་ཀྱི་སློབ་དཔོན་ཡིན་པར་བཤད་དེ། དེ་དག་ནི་འཇམ་པོའི་ཐབས་ཀྱིས་གསང་སྔགས་པ་རྣམས་ཀྱི་རྫུན་ཕུག་བརྟོལ་བར་འདོད་ནས༌། དེའི་ཆེད་དུ་རང་ཉིད་རྫུན་སྒྲིག་བྱེད་པར་བརྩོན་པ་རྣམས་སོ། །བདག་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་སྔགས་ཀྱི་དབང་ཞུས་ཤིང་སྔགས་ཀྱི་གཞུང་འདི་དག་བརྩམས་པར་འདོད་དེ། གཞོན་ནུ་སྲོག་གིས་གསང་ཚིག་དང་རིག་སྔགས་ལ་མངའ་བརྙེས་པར་གྱུར་ཏོ་ཞེས་གསུངས་པའི་ཕྱིར་དང༌། ཧན་རྒྱལ་རབས་མཇུག་གི་རྒྱལ་ཁབ་གསུམ་གྱི་དུས་ཏེ། སྤྱི་ལོ་༢༢༠ནས་༢༦༥་བར་དུ་རྒྱ་ནག་སྐད་དུ་གསང་སྔགས་ཀྱི་གཞུང་མང་པོ་བསྒྱུར་བར་གསུངས་པས། ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཙམ་ལ་གསང་སྔགས་རྒྱ་གར་དུ་ཤིན་ཏུ་དར་བ་མ་ཟད་རྒྱ་ནག་སྐད་དུའང་བསྒྱུར་བས་ཀླུ་སྒྲུབ་དུས་སུ་གསང་སྔགས་མེད་པར་འདོད་པ་ནི་ཧ་ཅང་ཐལ་ལོ། །གཞན་ཡང་སྒྲུབ་བྱེད་ཤིན་ཏུ་མང་ཡང་ཡི་གེ་མང་བར་དོགས་ནས་མ་བྲིས་སོ། །

དེའི་དུས་སུ་དར་ཡང་ཀླུ་སྒྲུབ་ཀྱིས་མི་མཁྱེན་པའམ་ཐུགས་མི་མཉེས་སོ་གསུངས་ན། དེའི་སྒྲུབ་བྱེད་ནི་རང་ཉིད་གསང་སྔགས་ལ་མི་མོས་པ་ཙམ་དུ་ཟད་པས་ཉི་ཟླ་དཔང་པོར་བཅོལ་ཏེ་མནའ་བསྐྱལ་ན་ལེགས་སོ། །

འོ་ན་འདི་དག་གིས་དེ་ལྟར་འདོད་པའི་རྒྱུ་མཚན་གང་ལ་ཐུག་ཅེ་ན། འདི་དག་གི་ཁྲོད་དུ་སངས་རྒྱས་ཀྱིས་ནི་ཉན་ཐོས་སྡེ་པའི་གཞུང་ཁོ་ན་གསུངས་པ་ལས། ཐེག་ཆེན་གྱི་མདོ་གཏན་ནས་མ་གསུངས་ཤིང༌། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ནི་སྤྱི་ལོའི་དུས་རབས་དང་པོའི་སྔོན་རྗེས་ནས་རིམ་བཞིན་རྫུན་སྒྲིག་བྱས་པ་ཡིན་ལ། དེ་ཡང་བྱེད་པོའི་གཙོ་བོ་ཀླུ་སྒྲུབ་ལ་སོགས་པ་ཡིན་པར་དོགས་སོ། །

གསང་སྔགས་ནི་དུས་རབས་བདུན་པ་བརྒྱད་པ་ཙམ་ནས་བྲམ་ཟེའི་ཆོས་ལ་དཔེར་བླངས་ནས་རིམ་བཞིན་རྫུན་སྒྲིག་བྱས་པ་ཡིན་པར་འདོད་དེ། དེའི་རྒྱུ་མཚན་ཡང་མཐར་བཏུག་ན་དམ་ཆོས་གང་ནས་གདན་དྲངས་པའི་ལྷ་ཀླུ་སོགས་མི་མ་ཡིན་པའི་འགྲོ་བ་ཁས་མི་ལེན་པ་ལ་ཐུག་ཅིང༌། དེའང་མཐར་བཏུག་ན་འཇལ་བྱེད་ཀྱི་ཚད་མ་ལ་མངོན་སུམ་ཚད་མ་ཁོ་ན་ལས་རྗེས་དཔག་ཚད་མ་གཏན་ནས་ཁས་མི་ལེན་པ་ལ་ཐུག་པས། ཆོས་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ཡང་འཇིག་རྟེན་ཕྱི་མའི་མངོན་མཐོ་དང་མཐར་ཐུག་གི་ངེས་ལེགས་ལ་སོགས་པ་དོན་དུ་གཉེར་བ་ནི་གཏན་ནས་མིན་པས། དེ་དག་ནི་ཆོས་ལ་དད་པ་བྱེད་མཁན་ཡིན་ན། ཆོས་ཀྱི་ཞིབ་འཇུག་པ་ཚད་ལྡན་མ་ཡིན་པས་ཁྱབ་པར་ཁས་ལེན་པས། ཆོས་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་གང་ཡིན་པའང་ཤེས་སླའོ། །

གཉིས་པ་ཀླུ་སྒྲུབ་ཀྱིས་སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ལས་དགེ་སློང་གི་སྡོམ་པ་ཞུས་པའི་སྐོར་ནི། ཇོ་ནང་ཏཱ་ར་ན་ཐས་ཀྱང་བཤད་ལ། ཀླུ་སྒྲུབ་ཀྱིས་མཛད་པའི་ཤེར་ཕྱིན་མན་ངག་ནའང་སྒྲ་གཅན་འཛིན་བཟང་པོའི་གཞུང་དྲངས་པ་སྔར་བཤད་ཟིན་པ་ལྟར་རོ། །

གླིང་བར་ནས་གསེར་འགྱུར་གྱི་རྩི་བླངས་ཏེ་གསེར་འགྱུར་བྱས་ནས་དགེ་འདུན་གྱི་གདུགས་ཚོད་སྦྱར་ནས་མུ་གེ་ལས་བསྐྱབས་པའི་རྐྱེན་གྱིས། ཀླུ་སྒྲུབ་གནས་ནས་ཕྱུང་ཞིང༌། གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་བཞེངས་དགོས་བྱུང་བར་གསུངས་ཏེ། གཞོན་ནུ་སྲོག་གིས་བསྒྱུར་བའི་རྣམ་ཐར་ལྟར་ན་དགོན་པ་དེར་ཞག་དགུ་བཅུ་ཙམ་ལས་མ་བཞུགས་ལ། དགོན་པ་འདི་དེའི་དུས་ཀྱི་དགོན་པ་ཆེ་ཤོས་ནི་མིན་པར་འདྲ་བས། དུས་གང་ཞིག་གི་ཚེ་དགོན་པ་གང་དུ་དེ་ལྟར་གནང་བ་ཡིན་པར་འཆད་དཀའོ། །

ཡང་དགེ་སློང་བདེ་བྱེད་ཀྱིས་རིག་པའི་རྒྱན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་ཕྱུང་བ་བྱུང་བས་དེ་གདུལ་བའི་དོན་དུ་ནཱ་ལེནྡྲར་ཆོས་གསུངས་སོ། ཞེས་གསུངས་པར་ཏཱ་ར་ནཱ་ཐས་རྒྱ་གར་ཆོས་འབྱུང་ལས། བོད་ཀྱི་ལོ་རྒྱུས་རྣམས་ལ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིག་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ཐེག་ཆེན་སུན་འབྱིན་བའི་ཕྱིར་བརྩམས་པ་ཤློ་ཀ་འབུམ་ཕྲག་བཅུ་གཉིས་ཡོད་པ་བྱས་ཟེར་བ་སྣང་ཡང་ངག་སྒྲོས་འཕྱུག་པ་སྟེ། ཤློ་ཀ་སྟོང་ཕྲག་བཅུ་གཉིས་ཡིན་པར་རྒྱ་གར་བའི་ལོ་རྒྱུས་ཀྱི་ཡི་གེ་གསུམ་ལས་མཐུན་པར་བྱུང་ངོ། །

ཞེས་དག་བཅོས་གནང་ངོ། །ཏཱ་ར་ནཱ་ཐའི་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་ལས་ཀྱང༌། དགེ་སློང་བདེ་བྱེད་ལ་སོགས་པ་ཐེག་པ་ཆེན་པོ་ལ་སྡང་བ་ཐམས་ཅད་རྩོད་པས་སུན་ཕྱུང༌། ལར་ཉན་ཐོས་སེན་དྷ་པས་བརྩམས་པའི་རྟོག་གེ་ཐེག་ཆེན་ལ་རྩོད་པའི་གཞུང་མང་པོ་བྱུང་བ་དེ་དག་གི་དཔེ་ཐམས་ཅད་བསྡུས་ནས་ས་འོག་ཏུ་སྦས་སོ། །ཞེས་གསུངས་ལ། གཞོན་ནུ་སྲོག་གིས་བསྒྱུར་བའི་རྣམ་ཐར་དུའང་དེའི་ཚེ་ཐེག་པ་དམན་པའི་དགེ་སློང་ཞིག་ཡོད་དེ། རྟག་ཏུ་སློབ་དཔོན་ལ་ཁོང་ཁྲོ་ཞིང་ཕྲག་དོག་དང་བཅས་ཏེ་ཡོད་པ་ལ། ཞེས་གསུངས་པས། དེའི་དུས་སུ་ཐེག་ཆེན་ལ་སྡང་ཞིང་རྩོད་པའི་ཉན་ཐོས་སྡེ་པའི་དགེ་སློང་རེ་གཉིས་ཡོད་ཀྱང༌། ཐེག་ཆེན་ལ་དོན་གཉེར་ལྡན་པ་ཤིན་ཏུ་མང་ཞིང༌། དེ་དག་ཀྱང་ལུང་རྟོགས་ཀྱི་ཡོན་ཏན་དང༌། འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་དང༌། འགྲོ་ཕན་གྱི་མཛད་འཕྲིན་ཧ་ཅང་ཆེ་ལ། གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་ཤ་སྟག་ཡིན་པས་ན། དེའི་དུས་སུ་ཐེག་པ་ཆེན་པོའི་སྟོན་པ་དང་བསྟན་པ་དང་དེ་ཚུལ་བཞིན་དུ་སྒྲུབ་པའི་དགེ་འདུན་དང་བཅས་པ་ཡང་དག་པའི་རིགས་པའི་ལམ་ནས་སྐྱོན་མེད་ཁོ་ནར་སྒྲུབ་པར་མཛད་པའི་སྐྱེས་བུ་དམ་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་བྱོན་ནས༌། རང་གཞན་གྱི་སྡེ་པ་བློ་གཟུ་བོར་གནས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པ་ཡིན་གྱི། དེ་དུས་སུ་རྫུན་སྒྲིག་བྱས་ནས་གཞན་ལ་བསྟན་མ་ཕོད་པར་ལྐོག་ཏུ་སྦས་ནས་བཞག་པ་དེ་འདྲ་ག་ལ་ཡིན། དེས་ན་དུས་རབས་ཉེར་གཅིག་པའི་མི་རེ་གཉིས་བློ་གྲོས་མཆོག་ཏུ་ཟབ་པས། ལོ་ངོ་ཉིས་སྟོང་ལ་ཉེ་བའི་སྔོན་གྱི་ཉན་ཐོས་ཀྱི་དགེ་སློང་བདེ་བྱེད་ལ་སོགས་པ་ཀླུ་སྒྲུབ་དངོས་སུ་མཇལ་མྱོང་བ་རྣམས་ཀྱིས་ཀྱང་འགོག་མ་ནུས་པའི་ཐེག་ཆེན་དང་གསང་སྔགས་ཀྱི་ཆོས་དེ་དག་གི་རྫུན་ཕུག་བརྟོལ་བར་རློམ་པ་ནི་མུན་སྦྲུལ་ཁོ་ནའོ། །

ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ལ་གཞོན་ནུ་སྲོག་གི་རྣམ་ཐར་ལས་བསྟན་བཅོས་ལྔའི་མཚན་དངོས་སུ་བྱུང་ཞིང་དེ་ལ་སོགས་པ་རྒྱ་ཆེར་བརྩམས་པར་གསུངས་པ་དང༌། དཔལ་ལྡན་ཟླ་བས་དབུ་མའི་དོན་སྟོན་པའི་བསྟན་བཅོས་མཚན་དངོས་བཏགས་པ་བརྒྱད་དང་གཞན་དེའི་གསུང་རབ་དབུ་མའི་དོན་ཟབ་སྟོན་པ་གསལ་ཞིང་རྒྱས་དག་ཡོད་ཀྱང༌། ཕྱིས་སུ་རིམ་བཞིན་ཉམས་ནས་གང་དུ་བཙལ་ཡང་མ་རྙེད་པར་གསུངས་པ་དང༌། སྔགས་ཕྱོགས་ཀྱི་གཞུང་མང་པོ་དང༌། བུ་སྟོན་གྱིས་རིགས་ཚོགས་སོ་སོར་བརྩིས་ན་མདོ་ཕྱོགས་བཅུ་གཉིས་དང༌། སྔགས་ཕྱོགས་བདུན་དང༌། དེ་མིན་གསོ་བ་སོགས་ཐ་སྙད་རིག་པ་དང་བསླབ་བྱ་སོགས་ལྔ་བཅས་གསུངས་སོ། །

ཡང་བུ་སྟོན་དང་ཏཱ་ར་ནཱ་ཐ་གཉིས་ཀས་བྱང་སྒྲ་མི་སྙན་དུ་ཕེབས་པར་གསུངས་པ་འདི་དང་གཞོན་ནུ་སྲོག་གི་འགྱུར་ལས་ཁ་བ་ཅན་གྱི་རིར་ཕེབས་པར་གསུངས་པ་གཉིས་ཀ་རྒྱ་གར་གྱི་བྱང་ཕྱོགས་ཡིན་པ་ནི་མཉམ་པས། ཧེ་མ་ལ་ཡའི་རི་རྒྱུད་དང་ཉེ་བའི་ཕྱོགས་སུ་ཕེབས་པ་ཡིན་ནམ་སྙམ་ཏེ། རྒྱ་གར་གྱི་བྱང་ཤར་གྱི་མཚམས་སོགས་སུ་ལྷོ་པའི་རིགས་ཡོད་པ་དེ་དག་ཉེ་དུས་སུའང་ཤིང་གི་ལོ་མའི་གོས་ཙམ་ལ་སྤྱོད་པས། ཀླུ་སྒྲུབ་དུས་སུ་ཧེ་མ་ལ་ཡའི་རི་རྒྱུད་དུ་དེ་འདྲའི་འཚོ་བར་སྤྱོད་མཁན་གྱི་ཡུལ་གྲུ་མང་ཙམ་ཡོད་པའང་སྲིད་དོ་ཞེས་པ་ནི་གང་དྲན་སྨྲས་པའོ། །ཀླུ་སྒྲུབ་ཀྱིས་ས་དང་པོ་རབ་དགའ་བརྙེས་པའི་ཡུལ་ནི། གཞོན་ནུ་སྲོག་གིས་ཀླུ་ཡུལ་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་གཉིས་པ་ཐོབ་པར་གསུངས་པས་ཀླུ་ཡུལ་ཡིན་ལ། ཏཱ་ར་ནཱ་ཐས་ལྷོ་ཕྱོགས་དཔལ་གྱི་རི་ཡིན་པར་གསུངས་ཏེ། གསུང་ཚུལ་དང་པོ་འཐད་དམ་སྙམ་མོ། །སྐུ་མྱ་ངན་ལས་འདས་པའི་ཡུལ་ནི་ལྷོ་ཕྱོགས་ཀོ་ས་ལའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་མི་རིང་བ་ན་གཙུག་ལག་ཁང་དང་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་དང་བཅས་པ་ཡོད་ཅིང་འཕགས་མཆོག་ཀླུ་སྒྲུབ་དང་པོ་དེར་བཞུགས་ཤིང༌། རྗེས་སུ་རྒྱལ་པོས་ཀླུ་སྒྲུབ་ཀྱི་ཆེད་དུ་རྒྱལ་ཁབ་དེའི་ལྷོ་ནུབ་ཏུ་ལེ་དབར་སུམ་བརྒྱ་ཙམ་ན་རི་ནག་པོ་ཞེས་པར་བྲག་ལ་གཙུག་ལག་ཁང་བརྐོས་པར་ལོ་ཆེན་ཞོན་ཙང་གིས་གསུངས་ལ། བུ་སྟོན་དང་ཏཱ་ར་ནཱ་ཐ་གཉིས་ཀས་དཔལ་གྱི་རིར་སྐུ་མྱ་ངན་ལས་འདས་པར་གསུངས་བས། རི་ནག་པོ་དང་དཔལ་གྱི་རི་གཉིས་ཀ་ད་ལྟར་རྒྱ་གར་བ་ལ་नागार्जुनिकोन्दाནཱ་གཱ་རྫུ་ནི་ཀོནྡཱ་འམ་ཀླུ་སྒྲུབ་རི་བོར་གྲགས་པ༌། རི་བོ་ཕལ་ཆེར་ཆུ་མཛོད་དུ་ནུབ་ཟིན་པ་ཞིག་ཡོད་པ་དེ་ཡིན་ནམ་སྙམ་མོ། །

ཀླུ་སྒྲུབ་ཀྱི་མཚན་འགྲེལ་བ་ལ། གཞོན་ནུ་སྲོག་ནི། སློབ་དཔོན་དེ་ཡུམ་ལས་འཁྲུངས་པ་ན། ལྗོན་ཤིང་ཞིག་གི་འོག་ཏུ་སྐུ་འཁྲུངས་པས་མཚན་ལ་ཨརྫུན་ཞུ། ཨརྫུན་ནི་ལྗོན་ཤིང་ཞིག་གི་མིང་ངོ། །ཀླུ་ལ་བརྟེན་ནས་ལམ་གྲུབ་པས་མཚན་གྱི་ཐོག་མར་ནཱག་སྟེ་ཀླུ་ཞེས་པ་བསྣན་པས་ནཱགཱརྫུན་སྟེ་ཀླུ་ཤིང་ཀླུ་སྒྲུབ་ཅེས་གྲགས་སོ། །ཞེས་གསུངས་པས་བོད་སྐད་དུ་ཐད་བསྒྱུར་བྱེད་ན་ཀླུ་ཤིང་ཞེས་བསྒྱུར་དགོས། རྒྱ་གར་གྱི་སློབ་དཔོན་པྲཛྙཱརུཙི་སྟེ་ཤེས་རབ་གསལ་བས་སྤྱི་ལོ་༥༣༨ནས་༥༤༣་ བར་དུ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་ཆ་མཐུན་ཞེས་པའི་བསྟན་བཅོས་འཕགས་པ་ཐོགས་མེད་ཀྱི་འགྲེལ་དང་བཅས་པ་རྒྱ་ནག་སྐད་དུ་བསྒྱུར་བ་ལས་ནི་ཀླུ་ལས་རྒྱལ་ཞེས་བསྒྱུར་རོ། །

ལོ་ཆེན་ཞོན་ཙང་ནི། ཐང་གི་སྐད་དུ་ཀླུ་སྒྲུབ་ཞུ། འགྱུར་རྙིང་དུ་ཀླུ་ཤིང་ཞེས་བསྒྱུར་བ་ནི་དོན་མ་ཡིན་ནོ་ཞེས་གསུངས་ཏེ། ཐད་ཀར་བསྒྱུར་ན་ཀླུ་ལ་བརྟེན་ནས་ནུས་ལྡན་དུ་གྱུར་པའམ་དཔའ་རྒོད་དུ་གྱུར་པའི་དོན་དུ་འགྲེལ་དགོས་པས་ཀླུ་སྒྲུབ་ཏུ་བསྒྱུར་ན་རུང་ངོ། །

བུ་སྟོན་ནི། ཨརྫུ་ན་ནི་སྲིད་སྒྲུབ་སྟེ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང༌། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། བསྡུས་པས་ཀླུ་སྒྲུབ་བོ། །ཞེས་གསུངས་ཏེ་དཔལ་ལྡན་ཟླ་བའི་དབུ་མ་ཚིག་གསལ་ལ་ཁུངས་བཅོལ་བར་མཛད་དེ། རང་རེ་བོད་ཀྱི་ལོ་ཙཱ་བ་རྣམས་ནས་ཀླུ་སྒྲུབ་ཅེས་བསྒྱུར་བ་ནི་ཤིན་ཏུ་ལེགས་ཀྱང་དབུ་མ་ཚིག་གསལ་ཁུངས་སུ་འགྲོའམ་བརྟག་པར་རིགས་སོ། །

དེ་ཡང་སྤྱི་ལོ་༡༩༠༢ནས་༡༩༨༠བར་དུ་ཕེབས་པའི་རྒྱའི་ཧུ་པེ་ཞིང་ཆེན་དུ་འཁྲུངས་ཤིང༌། ༡༩༢༠ལོར་རི་བོ་རྩེ་ལྔར་རབ་ཏུ་བྱུང་ནས། ༡༩༢༥་ལོར་བོད་ཡིག་སྦྱངས་ནས་རིམ་བཞིན་བོད་དུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་དུ་གཞུང་ཆེན་ཀ་པོད་ལྔ་ལ་གསན་བསམ་མཐར་ཕྱིན་ནས། སླར་རྒྱ་ནག་ཏུ་ཕེབས་ནས་རྗེ་བླ་མའི་ལེགས་བཤད་ལམ་རིམ་ཆེན་མོ་དང༌། }གས་རིམ་ཆེན་མོ་དང༌། དབུ་མ་དགོངས་པ་རབ་གསལ་དང༌། དྲང་ངེས། དང༌། གསང་འདུས་རིམ་ལྔའི་ཊཱིཀ་ཆེན་སོགས་ཆོས་ཚན་རྒྱས་བསྡུས་མང་པོ་ཡོད་པའི་གསུང་འབུམ་པོད་ལྔ་ཙམ། དག་གསལ་སྙན་གསུམ་གྱིས་རྒྱ་ཡིག་ཏུ་བསྒྱུར་བས། ངེས་པ་དོན་གྱི་མཁས་པ་ཆེན་པོ་འགྲན་པའི་ཟླ་དང་བྲལ་བར་གྱུར་པ། ལོ་ཙཱ་བ་ཆེན་པོ་ཆོས་འཕགས་ཞུ་བ་དེས་ཀྱང༌། རྒྱ་ཡིག་ཐོག་ཏུ་ལོ་ཆེན་ཞོན་ཙང་གི་ཐ་སྙད་ལྟར་མཛད་དོ། །

སྨྲས་པ།

མཁ༵ས་པ་བུ་ཡི་ཆོས་འབྱུང་ལས་བྱུང་བའི། །

མཁ༵ས་མཆོག་ཀླུ་སྒྲུབ་རྣམ་ཐར་མདོར་བསྡུས་འདི། །

མཁ༵ས་མང་རྒྱ་འགྲེལ་ལ་བརྟེན་བགྱིས་པས་ན། །

མཁ༵ས་རྣམས་ཁུངས་གཏུགས་འདི་ལ་བྱས་ཏེ་སྨྲ། །

ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

བདུན་པ། ཇོ་ནང་གི་སློབ་དཔོན་ཏཱ་ར་ནཱ་ཐའི་གསུང་ལས་ཇི་ལྟར་བྱུང་བ་ལ་གཉིས་ལས། དང་པོ་རྒྱ་གར་ཆོས་འབྱུང་སོགས་ལས་ཇི་ལྟར་བྱུང་བ་ནི།

སྤྱི་ལོ་༡༥༧༥ནས་༡༦༣༤་ཇོ་ནང་གི་སློབ་དཔོན་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལས་དཔལ་མགོན་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་གྱི་སྐབས་སུ་འདི་ལྟར་གསུངས་ཏེ།

དེའི་འོག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་བསྐྱངས་ཏེ། དབུ་མའི་ཚུལ་ལུགས་ལྷག་པར་དར་བར་མཛད། ཉན་ཐོས་པ་རྣམས་ལ་ཡང་ཕན་ཆེར་བཏགས། ཁྱད་པར་དགེ་སློང་དང་དགེ་ཚུལ་བསླབ་པ་འཆལ་བ་མང་པོ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་ཡོད་པ་ཐམས་ཅད་གནས་ནས་བསྐྲད་དེ་སྟོང་ཕྲག་བརྒྱད་ཙམ་བྱུང་བར་གྲགས་ལ། སྡེ་པ་ཀུན་གྱི་བདག་པོ་མཛད། དེ་ཙམ་ན་བཙུན་པ་དགའ་བོ་དང༌། བཙུན་པ་དམ་པའི་སྡེ་དང༌། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། མངོན་པར་ཀུན་གཞི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་པར་འཇོག་པས་དེའི་རྗེས་འབྲང་མ་ཡིན་པ་གསལ་བར་སྟོན་པའི་ཚིག་གོ ། དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་དཔལ་ནཱ་ལེནྡྲར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། དེ་ནས་ལྷ་མོ་ཙཎྜི་ཀཱ་བསྒྲུབས་ཏེ། ནམ་ཞིག་ན་ལྷ་མོ་དེས་སློབ་དཔོན་ནམ་མཁའ་ལ་ཁྱེར་ཏེ་ལྷའི་གནས་སུ་འཁྲིད་པར་བརྩམས་པ་ན། ང་ལྷ་གནས་སུ་འགྲོ་བ་དོན་དུ་གཉེར་བ་མ་ཡིན། བསྟན་པ་ནམ་གནས་ཀྱི་བར་དུ་ཐེག་པ་ཆེན་པོའི་དགེ་འདུན་རྣམས་ལ་འཚོ་བ་སྦྱོར་བའི་དོན་དུ་ཁྱེད་བསྒྲུབས་སོ། ཞེས་གསུངས་པས་དེས་ནཱ་ལེནྡྲ་དང་ཉེ་བའི་ནུབ་ཕྱོགས་རྗེ་རིགས་མ་བཟང་མོའི་ཚུལ་དུ་སྤྲུལ་ནས་འདུག་ལ། སློབ་དཔོན་གྱིས་འཇམ་དཔལ་གྱི་ལྷ་ཁང་རྡོ་ལས་གྲུབ་པ་ཤིན་ཏུ་མཐོ་བའི་ངོས་ཆེན་པོར་སེང་ལྡེང་གི་ཕུར་བུ་ཆེན་པོ་མིས་ཐེག་ཚད་གཅིག་བཏབ་སྟེ། འདི་ཐལ་བར་གྱུར་གྱི་བར་དུ་ཁྱེད་ཀྱིས་དགེ་འདུན་ལ་འཚོ་བ་སྦྱོར་ཞིག་ཅེས་བསྒོས་པས། ལོ་བཅུ་གཉིས་ཀྱི་བར་དུ་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱེད་པ་ཞིག་བྱུང་བ་ལས། མཐར་ཞལ་ཏ་བ་དགེ་ཚུལ་མ་རུང་པས་དེ་ལ་འདོད་པའི་དུས་བཏབ་ཡང་ཡང་བྱས་ཀྱང༌། དེ་ཅང་མི་སྨྲ་བ་ལས། ལན་ཅིག་ན་སེང་ལྡེང་གི་ཕུར་བུ་དེ་ཐལ་བར་སོང་བ་ན་འདུ་བར་བྱའོ་ཟེར་བས། དགེ་ཚུལ་ངན་པ་དེས་སེང་ལྡེང་གི་ཕུར་བུ་མེས་བསྲེགས་ཏེ་ཐལ་བར་བྱས་པ་ན་ལྷ་མོ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། དེ་ནས་སློབ་དཔོན་གྱིས་དེའི་དོད་དུ། ལྷ་ཁང་བརྒྱ་རྩ་བརྒྱད་དུ་ཐེག་པ་ཆེན་པོའི་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས། དེར་ནག་པོ་ཆེན་པོའི་སྐུ་རེ་བཞེངས། བསྟན་པ་བསྲུང་བའི་གཉེར་གཏད་དོ། །གཞན་ཡང་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་གླང་པོ་ཆེའི་གནོད་པ་བྱུང་བའི་སྐབས་ཤིག བྱང་ཆུབ་ཤིང་གི་རྒྱབ་ཏུ་རྡོ་རིང་གཉིས་བྱས་པས་ལོ་མང་པོར་མ་བྱུང༌། ཡང་གནོད་པ་བྱུང་བ་ལ་རྡོ་རིང་གི་སྟེང་དུ་ནག་པོ་ཆེན་པོ་སེང་གེ་ལ་ཆིབས་པ་བེ་ཅོན་ཐོགས་པ་རེ་བཞེངས་པས་ལོ་མང་པོར་ཕན་པར་བྱུང༌། ཡང་གནོད་པ་བྱུང་བས་མཐའ་རྡོའི་དྲ་མིག་གིས་བསྐོར། ཕྱི་རོལ་ཏུ་མཆོད་རྟེན་ལྷ་ཅན་བརྒྱ་རྩ་བརྒྱད་བཞེངས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་བཏབ་ཅིང༌། ལྕགས་རིའི་ནང་དུ་ལྷ་ཁང་བརྒྱ་རྩ་བྱས། རྡོ་རྗེ་གདན་གྱི་ཤར་ངོས་ལ་ཆུའི་གནོད་པ་ཆེན་པོ་བྱུང་བའི་ཚེ། ཕ་བོང་བདུན་ལ་ཐུབ་པའི་སྐུ་བརྙན་ཆེན་པོ་བརྐོས་པ་ཞལ་ཕྱིར་བསྟན་ཏེ་ཆུུ་རགས་ཀྱི་ཚུལ་དུ་བྱས་པས། ཆུའི་གནོད་པ་བཟློག་ཆུ་ལོན་གྱི་ཐུབ་པ་བདུན་ཞེས་གྲགས། ཆུ་ལོན་ནི་ཆུ་རགས་ཀྱི་མིང་ཡིན་པས། ཆུ་ནང་དུ་གཟུགས་བརྙན་ཤར་བ་ལ་འདྲ་ལེན་བྱས་པ་ཡིན་ཟེར་བ་ལ་ནི་མུན་སྤྲུལ་ཡིན་ཞིང༌། དེ་ཉིད་རྒྱལ་པོ་ཨུ་ཏྲ་ཡ་ན་བཏུལ་བའི་དུས་བྱུང་ཟེར་བ་ནི་འདུལ་བ་ལུང་དང་དངོས་སུ་འགལ་བས། དེ་གཉིས་ཀར་ཡང་རང་གི་དེ་ཉིད་གསལ་བར་སྟོན་པའོ། །འདི་དག་དང་དུས་མཚུངས་པར་ཨུ་ཊི་བི་ཤིའི་ཡུལ་དུ་རྒྱལ་པོ་མུཉྫ་འཁོར་སྟོང་དང་བཅས་པ་རིག་པ་འཛིན་པའི་ལུས་གྲུབ་པ་དང༌། ནུབ་ཕྱོགས་མ་ལ་ཝའི་ཕྱོགས་གཅིག་ཌོ་ཌྷ་ཧ་རི་ཞེས་བྱ་བར་རྒྱལ་པོ་བྷོ་ཛི་དེ་བ་འཁོར་སྟོང་དང་བཅས་པ་མི་སྣང་བར་གྱུར་པ་ལ་སོགས་པ་སྔགས་ཀྱི་ལམ་དུ་ཞུགས་པ་ཐམས་ཅད་ལ་དངོས་གྲུབ་མ་ཐོབ་པ་གཅིག་ཀྱང་མེད་དོ། དེའི་ཚེ་འཕགས་པས་གཟུངས་མང་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་སྤྱན་དྲངས་པས་ཉན་ཐོས་རྣམས་ཀླུ་སྒྲུབ་ཀྱིས་བརྩམས་སོ་ཟེར་རོ། །དེ་ཕྱིན་ནས་ཐེག་ཆེན་གྱི་མདོ་སྡེ་གསར་དུ་བྱོན་པ་མེད་དོ། །ཉན་ཐོས་དངོས་སྨྲ་བ་རྣམས་ཀྱི་རྩོད་པ་བཟློག་པའི་ཕྱིར་རིག་པའི་ཚོགས་ལྔ་ལ་སོགས་པ་མཛད། བོད་ཀྱི་ལོ་རྒྱུས་རྣམས་ལ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིག་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ཐེག་ཆེན་སུན་འབྱིན་བའི་ཕྱིར་བརྩམས་པ་ཤློ་ཀ་འབུམ་ཕྲག་བཅུ་གཉིས་ཡོད་པ་བྱས་ཟེར་བ་སྣང་ཡང་ངག་སྒྲོས་འཆུག་པ་སྟེ། ཤློ་ཀ་སྟོང་ཕྲག་བཅུ་གཉིས་ཡིན་པར་རྒྱ་གར་བའི་ལོ་རྒྱུས་ཀྱི་ཡི་གེ་གསུམ་ལས་མཐུན་པར་འབྱུང་ངོ། །

ཤར་ཕྱོགས་པ་ཊ་བེ་ས་ཏེ་པུཀྐཾ་གི་ཡུལ་དང༌། ཨོ་ཌི་བི་ཤ་དང༌། བྷངྒ་ལ། ར་ངྷའི་ཡུལ་རྣམས་སུ་ཡང་ལྷ་ཁང་མང་དུ་བཞེངས། དེའི་ཚེ་མ་ག་དྷར་བྲམ་ཟེ་སུ་བིཥྞུ་ཞེས་བྱ་བའི་དཔལ་ནཱ་ལེནྡྲའི་གནས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་མི་ནུབ་པའི་ཕྱིར་མ་མོ་འཛིན་པ་བརྒྱ་རྩ་བརྒྱད་ཀྱི་ཆོས་གཞི་བྱས།

འཕགས་པ་ཀླུ་སྒྲུབ་སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་ཀྱི་རྒྱུན་དུ་བྱོན་ཏེ། རྒྱལ་བོ་བདེ་བྱེད་བཏུལ། ལོ་མང་དུ་བསྟན་པ་བསྐྱངས། ལྷོ་ཕྱོགས་དྲྭ་བ་ལིའི་ཡུལ་དུ་བྲམ་ཟེ་མ་ངྷུ་དང༌། སུ་པྲ་མ་ངྷུ་ཞེས་བྱ་བ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡོད་དེ།

དེ་གཉིས་དང་སློབ་དཔོན་གྱིས་བྲམ་ཟེའི་ཆོས་ལ་རིག་པ་འགྲན་བས་རིག་བྱེད་བཞི་དང༌། རིག་པའི་གནས་བཅོ་བརྒྱད་སོགས་སློབ་དཔོན་གྱི་མཁྱེན་པའི་བརྒྱའི་ཆར་ཡང་བྲམ་ཟེས་མ་སླེབ། བྲམ་ཟེ་གཉིས་ན་རེ། བྲམ་ཟེའི་བུ་རིག་བྱེད་གསུམ་དང་ལྡན་པ་བསྟན་བཅོས་ཀུན་གྱི་མཐར་ཕྱིན་པ་ལ་ཤཱཀྱའི་དགེ་སྦྱོང་བྱེད་པ་ཅི་ཡིན་དྲིས་པ་ན། རིག་བྱེད་ཀྱི་བསྔགས་པ་མ་ཡིན་པ་དང་ཆོས་ཀྱི་བསྔགས་པ་དག་བརྗོད་པས་ལྷག་པར་དད་དེ་ཐེག་པ་ཆེན་པོ་མཆོད་པར་བྱས་ནས། སློབ་དཔོན་གྱིས་དེ་ལ་རིག་སྔགས་བྱིན་པས་དང་པོས་ནི་དབྱངས་ཅན་མ་གྲུབ་ལ། ཕྱི་མས་ནི་ནོར་རྒྱུན་མ་གྲུབ་བོ། །དེ་གཉིས་ཀས་ཀྱང་ཐེག་པ་ཆེན་པོའི་ཆོས་སྨྲ་བ་པོ་ཉིས་བརྒྱ་ལྔ་བཅུ་རེ་མཆོད་པར་བྱས་ཤིང༌། དང་པོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ཡང་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་ལ་སོགས་པས་འབྲི་བར་བྱེད་དོ། །

དེའི་ཕྱིར་དགེ་སློང་རྣམས་ལ་གླེགས་བམ་མང་དུ་སྟེར་རོ། །གཉིས་པས་ནི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱས་སོ། །དེ་ནས་སློབ་དཔོན་འདིས་ནི་ཉན་བཤད་དང་སྒོམ་པ་དང་ལྷ་ཁང་བཞེངས་པ་དང་དགེ་འདུན་ལ་འཚོ་བ་སྦྱར་བ་དང་མི་མ་ཡིན་གྱི་དོན་མཛད་པ་དང༌། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་ལ་སོགས་པ་སྒོ་ཐམས་ཅད་ནས་དམ་པའི་ཆོས་བསྐྱངས་བས་ཐེག་པ་ཆེན་པོའི་བསྟན་པ་ལ་བཀའ་དྲིན་ཟླ་མེད་པར་བྱས་པ་ཡིན་ནོ། །བྲམ་ཟེ་ཆེན་པོ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་དངོས་ནི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་གཏམ་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །རྒྱལ་པོ་བདེ་བྱེད་ཀྱིས་ཀྱང་ལོ་བརྒྱ་དང་ལྔ་བཅུ་ཙམ་ཐུབ་ཅིང༌། སློབ་དཔོན་འདིས་ལོ་དྲུག་བརྒྱ་ལས་བདུན་ཅུ་དོན་གཅིག་མ་ཚང་བར་འདོད་པ་དང༌། ཉེར་དགུ་མ་ཚང་བར་འདོད་པའི་ལུགས་གཉིས་སྣང༌། དང་པོའི་དབང་དུ་བྱས་ནས་ལོ་ཉིས་བརྒྱ་ཡུལ་དབུས་དང༌། ཉིས་བརྒྱ་ལྷོ་ཕྱོགས་དང༌། བརྒྱ་དང་ཉི་ཤུ་རྩ་དགུ་དཔལ་གྱི་རི་ལ་བཞུགས་ཞེས་གྲགས་པ་རགས་རྩིས་སུ་སྣང་ཞིང༌། གང་ལྟར་ལོ་ཕྱེད་ལོར་བརྩིས་པ་ཡིན་ཞེས་ཁོ་བོའི་བླ་མ་པནྚི་ཏ་རྣམས་གསུང༌། ཕྱི་མ་ལྟར་ནའང་གཞན་འདྲ་བ་ལས་བརྒྱ་དང་བདུན་ཅུ་རྩ་གཅིག་དཔལ་གྱི་རིར་བཞུགས་ཞེས་ཟེར་རོ། །བཅུད་ལེན་གྲུབ་པ་ནས་པགས་པའི་ཁ་དོག་ནོར་བུའི་མདོག་ལྟ་བུར་གྱུར།

དཔལ་གྱི་རིར་བསྒོམས་པས་ས་དང་པོ་བརྙེས་ཏེ་སྐུ་ལ་མཚན་སོ་གཉྀས་ཀྱིས་བརྒྱན་པར་གྱུར་ཏོ། །སློབ་དཔོན་འདི་ཉིད་ཀྱི་གྲོགས་པོ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་རྒྱལ་པོ་བདེ་བྱེད་ཀྱི་མདུན་ན་འདོན་དུ་གནས་སོ། །དེའི་ཚེ་རྒྱལ་པོའི་བཙུན་མོ་ཐ་ཆུང་ཞིག་གིས་སྒྲའི་གནས་ཅུང་ཟད་ཤེས་ལ་རྒྱལ་པོས་ནི་མི་ཤེས་སོ། །སྐྱེད་མོས་ཚལ་དུ་ཆུ་ལ་རྩེ་བའི་ཚེ་རྒྱལ་པོས་དེ་ལ་ཆུ་གཏོར་བས། དེས་མ་མོད་ཀཱ་སིཉྩ་ཞེས་བོད་སྐད་དུ་བདག་ལ་ཆུ་མ་འཐོར་ཞེས་པའོ། །རྒྱལ་པོས་ལྷོ་ཕྱོགས་ཀྱི་ཡུལ་སྐད་དང་སྦྱར་བས་བལ་སྲན་གྱི་ཁུར་བ་ཏིལ་མར་གྱིས་བཅོས་པ་བྱིན་ཅིག་པར་གོ་ནས། དེ་ཕྱིན་པས་བཙུན་མོ་དེ་རྒྱལ་པོ་བ་ལང་ལྟ་བུ་དང་ལྷན་ཅིག་ཏུ་གནས་པ་ལས་ཤི་བའང་སླའོ་སྙམ་སྟེ་ལྕེབ་པར་བརྩམས་པ་ལས། རྒྱལ་པོས་བཟུང་ནས་སྒྲ་སློབ་པར་བྱས་ཏེ་བྲམ་ཟེ་མཆོག་སྲེད་ལས་ལེགས་པར་བསླབས་སོ། །འོན་ཀྱང་ཅུང་ཟད་མ་རྫོགས་ནས་སློན་དཔོན་སཔྟ་ཝརྨ་ལས་བླངས་པ་ཡིན་ནོ། །དེ་ལ་སློབ་དཔོན་མཆོག་སྲེད་ཀྱི་ལོ་རྒྱུས་ནི། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་བྲམ་ཟེ་ལས་དྲུག་པ་བརྩོན་པ་འཕགས་པ་ཀླུ་སྒྲུབ་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚེ་མཛའ་བཤེས་སུ་གྱུར་པ་ཞིག་མ་ག་ངྷའི་ཤར་ཕྱོགས་ར་རའི་ཡུལ་ན་ཡོད་པ་ལས། དེས་ལོ་བཅུ་གཉིས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྔགས་བཟླས་ཤིང༌། མཐར་གསེར་འབུམ་ཕྲག་བཞིའི་ཡོ་བྱད་སྦྱིན་སྲེག་ཏུ་ཕུལ་བས་འཕགས་པ་སྤྱན་རས་གཟིགས་ཞལ་མངོན་སུམ་དུ་བསྟན་ནས་ཁྱོད་ཅི་འདོད་གསུངས་པ་ལ། བདག་གྲུབ་པ་ཆེན་པོ་བརྒྱད་ཀྱིས་སེམས་ཅན་གྱི་དོན་བྱ་འདོད་བས་ནག་པོ་ཆེ་པོ་མངག་གཞུག་ཏུ་འཚལ་ཞུས་པས་དེ་བཞིན་དུ་གནང་ནས། དེ་ཕྱིན་ཆད་རིག་སྔགས་ཐམས་ཅད་ཇི་ལྟར་འདོད་པར་གྲུབ་ཅིང༌། རི་ལུ་ལ་སོགས་པ་གྲུབ་པ་བརྒྱད་པོ་སྟོང་ཕྲག་རེ་རེས་སེམས་ཅན་རྣམས་ལ་ཕན་བཏགས་སོ། །གྲུབ་པ་ཐོབ་པ་སྟོང་ཕྲག་བརྒྱད་པོ་དེ་དག་ཀྱང་ཁོང་ལ་བླ་མར་འཛིན། རིག་པ་མཐའ་དག་ཀྱང་མ་བསླབས་པར་རང་ཤེས་སོ། །དེ་ནས་ནུབ་ཕྱོགས་ཀྱི་ཡུལ་དུ་སོང་ནས་རྒྱལ་པོ་སནྟི་ཝ་ཧ་ན་ཞེས་བྱ་བ་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཡུལ་དུ་གནས་སོ། །

གཉིས་པ་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ལས་ཇི་ལྟར་བྱུང་བ་ནི།

དེའི་སློབ་མ་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་ཏེ། དེ་ཡང་ལྷོ་ཕྱོགས་བཻ་དརྦྷར་སྐུ་འཁྲུངས། རིགས་ནི་བྲམ་ཟེའོ། །བཙས་པ་ན་ལྟས་མཁན་རྣམས་ཀྱིས་དགེ་སློང་བརྒྱ། བྲམ་ཟེ་བརྒྱ། སྐྱེ་བོ་ཕལ་པ་བརྒྱ་རྣམས་ལ་སྟོན་མོ་དྲངས་ན། རིམ་པས་ལོ་བདུན། ཟླ་བ་བདུན། ཞག་བདུན་འཚོ། དེ་ལས་ལྷག་པའི་ཐབས་མེད་ཟེར་ཕ་མས་ཀྱང་དེ་བཞིན་བྱས། དུས་དེ་རྣམས་རྫོགས་སུ་ཉེ་བ་ན། གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་དུ་བཏང་བས། མཐར་ནཱ་ལེནྡྲར་སླེབ། མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་ཀྱི་རིག་སྔགས་བཟླར་བཅུག་པས། ལེགས་པར་འཚོ་ཐུབ། དེར་རབ་ཏུ་བྱུང་ནས། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང༌། རིག་པའི་གནས་སུ་གྱུར་པ་གང་ཡང་མི་མཁྱེན་པ་མེད་པར་བྱས་སོ། །དེ་ནས་རྨ་བྱ་ཆེན་མོ་དང༌། ཀུ་རུ་ཀུལླེ་དང༌། གནོད་སྦྱིན་མོ་དགུ་དང༌། ནག་པོ་ཆེན་པོ་རྣམས་བསྒྲུབས་པས། རི་ལུ་མིག་སྨན་རལ་གྲི་རྐང་མགྱོགས་བཅུད་ལེན་གཏེར་ལ་སོགས་པ་དངོས་གྲུབ་མང་པོ་དང༌། ཚར་གཅོད་པ་དང༌། སླར་གསོ་བ་ལ་སོགས་པའི་ནུས་པ་ཐམས་ཅད་གྲུབ་བོ། །གནོད་སྦྱིན་དང་ཀླུ་ལ་སོགས་པ་མི་མ་ཡིན་ཐམས་ཅད་མངག་གཞུག་ཏུ་སོང༌། ཁྱད་པར་བཅུད་ལེན་གྲུབ་པས་རྡོ་རྗེའི་སྐུར་གྱུར། རྫུ་འཕྲུལ་དང་མངོན་ཤེས་ཆེན་པོར་གྱུར་སྐད། ནག་པོ་ཆེན་པོའི་རིགས་སྔགས་གྲུབ་ན་སདྷ་ནྱ་ཀ་ཊ་ཀའི་གླིང་ན། །རྒྱུད་བཞུགས་པ་སྤྱན་འདྲེན་པར་དགོངས། གླིང་དེར་མི་གཡོ་བ་ལ་བརྟེན་ཏེ་སྒྱུ་མ་བསྒྲུབས་ནས། སྒྱུ་མས་མཁའ་འགྲོ་མ་རྣམས་མགོ་འཁོར་བའི་བར་ལ། ལྷ་མོ་ནག་མོ་དང༌། ནག་པོ་ཆེན་པོའི་རྒྱུད་བརྒྱད་དེ་ཕྱག་གཉིས་གཉིས་པ་ནས་ཕྱག་བཅོ་བརྒྱད་ཀྱི་བར་གྱི་རྒྱུད་དང་ཀུ་རུ་ཀུལླེའི་རྟོག་པ་སོགས་པ་སྤྱན་དྲངས། ཡེ་ཤེས་ཀྱི་མཁའ་འགྲོརྣམས་ལ་ཞལ་གྱི་གདམས་པ་ཐོབ། སྒྲུབ་ཐབས་མི་གཅིག་པ་བརྒྱ་དྲུག་ཅུ་སྤྱན་དྲངས་ཟེར། རལ་གྲི་དངུལ་ཆུ་སོགས་ཐུན་མོང་གི་དངོས་གྲུབ་བརྒྱད་ཆར་ལ་རིགས་མི་གཅིག་པ་མཐའ་ཡས་པ་བསྒྲུབས་སོ། །དགེ་འདུན་ལ་འཚོ་བ་སྦྱར་བའི་ལོ་རྒྱུས་ན། མཁན་པོ་སྒྲ་གཅན་འཛིན་བཟང་པོ་རྗེ་བཙུན་མ་ཕགས་མ་སྒྲོལ་མ་བསྒྲུབ་ཅིང་བཞུགས། ཀླུ་སྒྲུབ་མཁན་པོར་བྱོན་ནས་དགེ་འདུན་ལྔ་བརྒྱ་ལ་ལུང་འབོགས་པའི་བྱ་བ་སོགས་མཛད་ཅིང་ཡོད་པ་ན། མུ་གེ་ལོ་བཅུ་གཉིས་སུ་བྱུང་བས། མ་ག་དྷའི་ཡུལ་རྣམས་སྟོངས་པ་ཙམ་བྱུང་བ་ན། སེམས་ཅན་གྱི་ལས་སུ་གཟིགས་ནས། སློབ་དཔོན་གྱིས་གསེར་འགྱུར་གྱི་རྩི་མཛད་དེ། གསེར་རྣམས་ཡུལ་ཐག་རིང་པོ་མུ་གེ་མེད་པ་རྣམས་སུ་འབྲུ་དང་བསྒྱུར་ནས། དགེ་འདུན་རྣམས་འཚོ་བས་མི་བྲེལ་བར་བྱས། སློབ་དཔོན་སྒྲ་གཅན་འཛིན་སྒྲུབ་པ་ཐོན་པ་ན། ཡུལ་རྣམས་སྟོངས་པར་གཟིགས་ནས། རྒྱུ་མཚན་དྲིས་པས། སློབ་དཔོན་གྱི་སྒྲུབ་པའི་བར་ཆད་དུ་གྱུར་དོགས་ཞུ་བར་མ་ནུས། མུ་གེ་བྱུང་ནས་ལོ་བཅུ་གཉིས་ལོན་ཞུས་པས། སློབ་དཔོན་ན་རེ། མ་ལེགས་ཟས་ཀྱི་ཆར་འབེབས་པའི་ནུས་པའང་ང་ལ་ཡོད་པ་ལ། ཁྱོད་སེམས་ཅན་ལ་སྙིང་རྗེ་ཆུང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འགལ། ད་ནི་དེའི་སྡིག་སྦྱོང་ལ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ལྷ་ཁང་སྟོང༌། མཆོད་རྟེན་ཁྲི་ཕྲག་བཞེངས་དགོས་གསུང༌། དེ་དགེ་སློང་གཅིག་ཁོ་ནས་འགྲུབ་དཀའ་བར་གཟིགས་ནས། ཡོ་བྱད་གནོད་སྦྱིན་ཛམྦྷ་ལ་ལས་ནོར་བསླངས། ལས་གྲོགས་ཀླུ་རྣམས་ལ་འཚོལ་དགོས་པས། རེ་ཞིག་ཀླུ་རྣམས་དད་པར་བྱེད་དགོས་དགོངས་ཏེ། ཀུ་རུ་ཀུལླེའི་རིག་སྔགས་ཀྱིས་ཀླུའི་རྒྱལ་པོ་འཇོག་པོའི་བུ་མོ་འཁོར་དང་བཅས་པ་བཀུགས་པས། ཆོས་གསུང་བའི་ཚོགས་སུ་མིའི་བུ་མོའི་རྣམ་པ་གཉིས་འཁོར་མང་པོ་དང་བཅས་བྱུང་བས། དཔག་ཚད་ཙམ་ཙནྡན་ས་མཆོག་གི་དྲིས་ཁྱབ་བོ། །ཡང་དེ་སོང་བ་ན་དྲི་དེ་སངས་འགྲོ། དེ་འདྲ་ལན་མང་དུ་བྱུང༌། དེར་ཅི་ཡིན་ཞེས་དྲི་བ་ལྟར་མཛད་པས། ངེད་ཀླུ་འཇོག་པོའི་བུ་མོ་ཡིན། མིའི་གྲིབ་མ་སྲུང་བ་ལ་ཙནྡན་ས་མཆོག་གིས་ལུས་ལ་བྱུགས་པ་ཡིན་ཟེར། འོ་ན་ཙནྡན་དེ་ལ་སྒྲོལ་མའི་སྐུ་བཞེངས་པར་འདོད་པས་ཙནྡན་ཡང་སྦྱིན་དགོས། ཁོ་བོས་གཙུག་ལག་ཁང་བཞེངས་པའི་ལས་གྲོགས་ཀྱང་བྱེད་དགོས་གསུངས་པས། ཕ་ལ་བཟླས་ནས་འོང་ཟེར་བ། དེའི་ནང་པར་དེ་གཉིས་ན་རེ། ཀླུའི་རྒྱལ་པོའི་མཆིད་ནས་སློབ་དཔོན་ཉིད་ཀླུ་ཡུལ་དུ་ཕེབས་ན་བཀའ་བཞིན་བྱེད། གཞན་སྒྲུབ་མི་ནུས་ཟེར། དེ་ནས་ཤེར་ཕྱིན་འབུམ་པ་སྤྱན་འདྲེན་པ་སོགས་ཀླུ་དང་མིའི་དོན་རྒྱ་ཆེན་པོ་གཟིགས་ནས། རེ་ཤིག་ཀླུའི་ཡུལ་དུ་བྱོན་ནོ། ལོ་རྒྱུས་ཁ་ཅིག་ལས། འདས་པའི་སངས་རྒྱས་འོད་སྲུང་དང་གསེར་ཐུབ་ལ་སོགས་པའི་ཞལ་མཐོང་བའི་དགེ་སློང་ཡིན་ཟེར་བ། ལུས་གཞན་པས་ཆེ་བ་མང་པོས་གཟིགས་ཟེར་ཏེ་ཆེ་བ་ཙམ་ཡིན་ནོ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་འདིའི་དགྲ་བཅོམ་པ་མང་པོ་ཀླུ་རྣམས་ཀྱི་མཆོད་གནས་སུ་འདུག་པ་རྣམས་ན་རེ། ངེད་རྣམས་ནི་དགྲ་བཅོམ་པ་ཡིན་ལ། ཁྱོད་དུག་གསུམ་དང་བཅས་པའི་མི་ཞིག་འདིར་འོངས་པ་ལ་ཀླུའི་དུག་གིས་གནོད་པ་མི་འོང་བའི་རྒྱུ་ཅི་ཡིན་འདྲི་བ་ལ། ངས་ནི་རྨ་བྱ་ཆེན་མོའི་རིག་སྔགས་གྲུབ་པ་ཡིན་གསུངས། ཡང་ལོ་རྒྱུས་འགའ་ལས། དེ་རྣམས་ལ་རྒྱལ་བའི་བཀའ་ལས་ནི་ཆོས་ཐམས་ཅད་ངོ་བོས་གྲུབ་པ་མེད་པར་གསུངས་ལ། སའི་སྟེང་གི་དགེ་སློང་ཤས་ཆེ་བ་རྣམས་ནི། དེ་ལས་བཟློག་སྟེ་སྨྲ་ན། ཁྱེད་རྣམས་ཀྱིས་ཇི་ལྟར་རྟོགས་ཞེས་དྲིས་པས། ཆོས་རྣམས་ཀྱི་རང་བཞིན་ནི་ཁྱེད་ཀྱི་ལྟར་ཡིན། ཕྱིས་དམིགས་པའི་ལྟ་བ་ཅན་གྱི་ཉན་ཐོས་འབའ་ཞིག་འབྱུང་བར་སངས་རྒྱས་ཀྱིས་ལུང་བསྟན་གསུང་སྐད་དེ། དབུ་མ་པ་རྣམས་ཀྱིས་བཅོས་པ་མིན་ན་རུང་ངོ༌། །དེ་ནས་ཀླུ་རྣམས་ལ་ཆོས་གསུངས་ཤིང་ཡུན་རིང་པོར་བཞུགས། ཤེར་ཕྱིན་རྒྱས་པ་དང༌། གཟུངས་དང་རྟོག་པའི་རིགས་དུ་མ་སྤྱན་དྲངས། འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་བ་ཡིན་ཡང་ཟེར། དམ་པའི་ཆོས་ལ་དགྲ་ལན་གསུམ་བྱུང་བའི་ཚེ་མ་ཚང་བ་ཡིན་ཡང་ཟེར་ཏེ་ཕྱི་མ་དག་གསུངས༌། འབུམ་རྒྱ་ནག་པའི་ཞབས་ཀྱི་ལེའུ་གསུམ་ནི་ཉི་ཁྲི་ནས་དྲངས་པའོ། །དེ་ནས་ས་སྟེང་དུ་བྱོན། རིག་ཚོགས་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས། དགེ་སློང་བདེ་བྱེད་ལ་སོགས་པ་ཐེག་པ་ཆེན་པོ་ལ་སྡང་བ་ཐམས་ཅད་རྩོད་པས་སུན་ཕྱུང༌། ལར་ཉན་ཐོས་སེན་དྷ་པས་བརྩམས་པའི་རྟོག་གེ་ཐེག་ཆེན་ལ་རྩོད་པའི་གཞུང་མང་པོ་བྱུང་བ་དེ་དག་གི་དཔེ་ཐམས་ཅད་བསྡུས་ནས་ས་འོག་ཏུ་སྦས་སོ། །ཡང་ཕྱི་ཞིག་ན་ལྷོ་ཕྱོགས་ཛ་ཊ་སཾ་གྷ་ར། རལ་པ་འཇོམས་པ་ཟེར་བའི་གནས་དེར། མུ་སྟེགས་ཀྱི་རྒོལ་བ་འདུས་པ་ལྔ་བརྒྱ་ཙམ་དང་བརྩད་ནས་ཚར་བཅད་དེ་ཐམས་ཅད་བསྟན་པ་ལ་བཅུག་གོ ། དེ་དག་གི་སྐབས་སུ་ལྷ་ཁང་དང་མཆོད་རྟེན་ཡང་གྲུབ། སློབ་དཔོན་འདིས་བཞེངས་པའི་མཆོད་རྟེན་གྱིས་ཕྱོགས་ཐམས་ཅད་ཁྱབ་ཡོད་གསུངས། དེ་ལྟར་ཐེག་ཆེན་གྱི་བསྟན་པ་ཉི་མ་ལྟར་མཛད། དྲིལ་བུ་བྲག་དང་བྱང་ཕྱོགས་དྷིང་ཀོ་ཊ་སོགས་རི་མང་པོ་གསེར་དུ་བསྒྱུར་བར་བཞེད་པ་ལ། རྗེ་བཙུན་མ་སྒྲོལ་མས་མ་འོངས་པ་ན་རྩོད་པར་འགྱུར་གསུངས་པས་བཟློག འོན་ཀྱང་གསེར་གྱི་འབྱུང་ཁུངས་མང་པོ་བྱུང༌། རྡོ་རྣམས་གསེར་མདོག་ཏུ་གྱུར་པ་ཙམ་ཡོད་གསུང༌། དེ་ནས་ལན་གཅིག་ན་བྱིས་པ་མང་པོ་རྩེ་བ་ལ་གཅིག་རྒྱལ་པོར་འགྱུར་བར་ལུང་བསྟན་ནས། བྱང་སྒྲ་མི་སྙན་དུ་བཞུད། གླིང་གཞན་དང་མི་མ་ཡིན་གྱི་གནས་སུ་ལོ་བཅུ་གཉིས་ཙམ་སོང༌། སླར་འཛམ་བུ་གླིང་དུ་ཕེབས་ཙམ་ན་སྔར་གྱི་བྱིས་པ་དེ། རྒྱལ་པོར་གྱུར་པ་བདེ་སྤྱོད་ཅེས་བྱ་བར་སོང༌། སློབ་དཔོན་ལ་གུས་པས་མཆོད། རྒྱལ་པོའང་སློབ་དཔོན་གྱི་གདམས་པ་ལ་བརྟེན་ནས་བཅུད་ལེན་དང་གནོད་སྦྱིན་གྱི་མངག་གཞུག་གྲུབ། དགེ་འདུན་བཞུགས་པའི་གཙུག་ལག་ཁང་ལྔ་བརྒྱ་བཞེངས་སོ། །ཕྱིས་དཔལ་གྱི་རིར་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་ཏེ། སྔགས་ཀྱི་སྤྱོད་པས་བཞུགས། མཚན་བཟང་པོ་སོ་གཉིས་ཀྱང་སྐུ་ལ་གྲུབ། ཕྱིས་དབུ་སྦྱིན་པར་བཏང་བའི་རྐྱེན་གྱིས་ལོ་ཕྱེད་ལོའི་ལོ་དྲུག་བརྒྱར་བདུན་ཅུ་དོན་གཅིག་གིས་མ་ཚང་སྐད་དེ། དེ་ཡང་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ཆུང་ངུ་སུ་ཤཀྟ། རྒྱལ་བུ་རབ་ནུས་སམ། རྒྱལ་བུ་ནུས་ལྡན་ཡང་ཟེར་ཏེ་དེ་རྒྱལ་སྲིད་ལ་དགའ་བས་མ་ལ་ན་རེ། ཡབ་སློབ་དཔོན་དང་སྐུ་ཚེ་མཉམ་པར་བྱིན་གྱིས་རླབས་འདུག སློབ་དཔོན་རྡོ་རྗེའི་སྐུ་ཡིན་པས་གྲོང་པ་མེད། རྒྱལ་པོའི་སྲས་པོ་སྔ་མ་རྣམས་ཀྱང་རྒྱལ་སྲིད་མ་ཐོབ་པར་འདས་ཤིང༌། །བུ་དང་ཚ་བོའི་བར་ཡང་འདས་ཟེར་བས། ཤིན་ཏུ་ཡིད་མི་དགའ་བ་ལ། མ་ན་རེ། འོ་ན་ཐབས་ཡོད། སློབ་དཔོན་བྱང་ཆུབ་སེམས་དཔའ་ཡིན་པས་དབུ་བསླངས་ན་སྟེར་བས། སློབ་དཔོན་འདས་པའི་ཚེ་ཡབ་ཀྱང་འདའ་བས་ཁྱོད་ལ་རྒྱལ་སྲིད་འབྱུང་ཟེར། རྒྱལ་བུས་དཔལ་གྱི་རིར་ཕྱིན་དབུ་བསླངས་པས། མཚོན་ཆས་མ་ཆོད་པར་སྔོན་རྩྭ་སྔོན་པོས་སྲོག་ཆགས་ཀྱི་སྐེ་བཅད་པའི་ལས་གཟིགས་ནས། ཀུ་ཤས་བཅད་ནས་གནང༌། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། ཞེས་སྒྲ་བྱུང༌། དེར་ས་གཡོས། མུ་གེ་ལོ་བཅུ་གཉིས་ཀྱི་བར་དུ་བྱུང་སྐད། རྒྱལ་བུས་སློབ་དཔོན་བཅུད་ལེན་གྲུབ་པས། སླར་འགྲིག་གིས་དོགས་ནས་དབུ་དཔག་ཚད་མང་པོས་ཆོད་པའི་སར་ཁྱེར༌། དེར་གནོད་སྦྱིན་མོས་ཕྲོགས། དབུ་ཕ་བོང་གི་ཁར་བཞག་པས་ཕ་བོང་གས་པའི་ས་དེར་འཕགས་པ་སྤྱན་རས་གཟིགས་ལྷ་ལྔའི་རྡོ་སྐུ་རང་བྱོན་དུ་བྱོན། དབུ་དང་སྐུ་ལུས་གཉིས་ལ་ཡོན་བདག་གནོད་སྦྱིན་མོས་སོ་སོར་ལྷ་ཁང་བརྩིགས། དེ་གཉིས་ཀྱི་བར་དུ་སྔོན་དཔག་ཚད་བཞི་ཙམ་ཡོད་སྣང་བ། ད་ལྟར་རྒྱང་གྲགས་གཅིག་ཀྱང་མི་སྣང་གསུངས། དེ་ནི་བདག་གི་བླ་མས་ཀྱང་མཇལ་ཏེ། རྡོའི་རྩིག་པ་རྣམས་འབྲེལ་ཏེ་བྲག་ལྟ་བུར་སོང་པའི་ལྷ་ཁང་ཆོ་འཕྲུལ་དང༌། གཉན་ཆ་ཆེ་བ། སྒོ་ནི་མེད། དཀར་ཁུང་ནས་བལྟས་པ་ལ། གཉིས་ཀའང་ཁྲིའི་སྟེང་ན་རྡོ་སྐུའི་དུམ་བུ་འདྲ་བ་རེ་འདུག་གསུངས། །ཞེས་གསུངས་སོ། །

འདིའི་མཛད་པ་པོ་ཇོ་ནང་གི་མཁས་པ་ཆེན་པོ་ཏཱ་ར་ནཱ་ཐ་ནི་གྲུབ་མཐའ་ཇོ་ནང་བ་ཡིན་ཡང༌། རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་བྱ་བ་བྱས་ཤིང༌། ཁྱད་པར་དུ་གསང་སྔགས་ཀྱི་དབང་དང་རྗེས་གནང༌། སྒྲུབ་ཐབས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བསྒྲིགས་པ་སྒྲུབ་ཐབས་རིན་འབྱུང་སོགས་མཛད་པས། ད་ལྟའི་བར་དུ་བོད་ཀྱི་གྲུབ་མཐའ་ཕལ་ཆེར་གྱི་དབང་རྗེས་གནང་མང་བོའི་རྒྱུན་མི་ཆད་པའང་བླ་མ་འདིའི་དྲིན་ཡིན་པར་སེམས་སོ། །འོན་ཀྱང་ལྟ་བའི་ཐད་ནས་ཇོ་ནང་རང་ཉིད་ཀྱི་གྲུབ་མཐའི་གཞན་སྟོང་གི་ལྟ་བ་དེ་འཛིན་པས། བོད་ཀྱི་གྲུབ་མཐའ་སྨྲ་བ་ཕལ་ཆེ་བས་ནི་ཟུར་ཟ་དང་དགག་པ་མང་དུ་མཛད་དོ། །རྗེ་བླ་མས་ནི་ཟབ་མོ་དབུ་མའི་ལམ་བཟང་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་དང་དཔལ་ལྡན་ཟླ་བའི་ལེགས་བཤད་ཇི་ལྟ་བ་བཞིན་དུ་ཁས་ལེན་པས། གཞན་སྟོང་མི་འཐད་པར་བཞེད་པ་སྨཽས་མ་དགོས་ཀྱང༌། ལུགས་འདི་འགོག་པའི་བསྟན་བཅོས་ལོགས་སུ་བརྩམས་པ་ནི་མེད་དོ། །

འདིར་བསམ་དགོས་པ་ཞིག་ནི། ལོ་ཆེན་ཞོན་ཙང་དང་ཇོ་ནང་ཏཱ་ར་ནཱ་ཐ་གཉིས་ཀས་འཕགས་མཆོག་ཀླུ་སྒྲུབ་ཀྱིས་ཟབ་མོ་དབུ་མའི་ཤིང་རྟའི་སྲོལ་ཕྱེས་པའི་སྐོར་དང༌། ཀླུ་སྒྲུབ་ཀྱིས་དབུ་མའི་གཞུང་ཆེན་མོ་གང་དང་གང་བརྩམས་པ་རྣམས་མ་གསུངས་པའམ་ཤིན་ཏུ་བསྡུས་པ་ལས་མ་གསུངས་ལ། དེ་ལས་གཞན་པའི་རྣམ་པར་ཐར་པ་རྣམས་ནི་ཅུང་ཟད་རྒྱས་ཙམ་གསུངས་པས། དེ་ནི་རང་རང་གང་ལ་མོས་པའི་གྲུབ་མཐའི་དབང་གིས། ཡུལ་དུས་དབང་པོ་དང་བསྟུན་ཏེ་གསུངས་པའམ། གལ་ཏེ་དེ་དག་ཇི་ལྟ་བ་བཞིན་དུ་འདོད་ན་རང་གི་གྲུབ་མཐའི་ལྟ་གྲུབ་ལ་གནོད་པར་འགྱུར་བས་བློ་ངོར་མི་ཤོང་བ་ཉིད་དོ། །

རང་རེ་ལ་དེ་ལྟ་བུའི་གྲུབ་མཐས་ཀུན་ནས་བཏགས་པའི་དྲི་མས་མ་གོས་པས། རང་ཉིད་ལ་བློ་གྲོས་ཀྱི་རྩལ་དང་ལྡན་ན། འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཇི་ལྟར་སྲོལ་ཕྱེ་པའི་ཟབ་མོ་དབུ་མའི་ལྟ་བ་ལ། དེ་དེ་བཞིན་དུ་སྨྲ་ཞིང་བསམ་པ་དང༌། དེའི་ལམ་ལ་ཇི་ལྟར་འདོད་པ་བཞིན་དུ་བསླབ་པ་ལ་གེགས་ཀྱང་ཅུང་ཟད་ཉུང་བར་གྱུར་པས་སྐལ་རེ་བཟང་ངོ་སྙམ་མོ། །

སྨྲས་པ།

ཇོ་ནང་གྲགས་ཀྱང་རྒྱལ་བསྟན་ཡོངས་རྫོགས་ལ༵། །

ལ༵་ལ་ཙམ་མིན་འཛིན་སྤེལ་འཕྲིན་ལས་ཆ༵ར། །

ཆ༵ར་བཞིན་ཕབས་པའི་སྐད་གཉིས་སྨྲ་བའི་དབ༵ང༌། །

དབ༵ང་པོ་ཡུལ་དུས་དང་བསྟུན་རྣམ་ཐར་མཛད། །

ཅེས་པ་འདི་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

འདི་དག་ལ་དཔྱད་པར་བྱ་བ་ཤིན་ཏུ་མང་ཞིང༌། འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་ཐར་ལ་ད་དུང་འདིའི་ནང་དུ་མ་བསྡུས་པའི་གོང་གི་གཞུང་དག་ལས་བྱུང་བ་དང༌། སྔོན་བྱོན་མཁས་པའི་གཞུང་གཞན་དག་དུ་གསལ་བར་གསུངས་པའང་མང་དུ་འདུག་མོད། དུས་ཚོད་ཅུང་ཟད་ཐུང་བས་རེ་ཞིག་སྨྲ་བར་མི་ནུས་ལ། རྗེས་སུ་ཁོ་བོས་འདི་དག་གི་སྙིང་པོ་བསྡུས་ཏེ་ལུང་འདྲེན་དང་དགག་སྒྲུབ་སོགས་མི་དགོས་པར་བྱེད་དེ། མཆོག་དམན་བར་གསུམ་སུས་བལྟས་ཀྱང་ཁ་གསལ་ཞིང་གོ་བདེ་བ་ཞིག་རྩོམ་པའི་འདུན་པ་ཡོད་པས། འདིར་ནི་དེའི་སྔོན་འགྲོའི་ཚུལ་དུ་འཕགས་མཆོག་ཀླུ་སྒྲུབ་ཀྱི་རྣམ་པར་ཐར་པ་རྒྱ་གར་ནག་བོད་གསུམ་གྱི་སྔོན་བྱོན་མཁས་པའི་ལུང་ཁུངས་རྣམས་གོ་རིམ་བཞིན་དུ་ཅུང་ཟད་རྒྱས་ཙམ་བཀོད་ནས། དེ་དག་ལ་རང་ཉིད་ཀྱི་གོ་ཚོད་ལྟར་གྱི་དགག་སྒྲུབ་བགྱིས་པ་ལགས་པས། འདི་ལ་དོན་དུ་གཉེར་བ་རྣམས་ལ་གཞུང་དེ་དང་དེ་དག་ལ་གཟིགས་པའི་སྐུལ་མར་འགྱུར་བའང་སྲིད་ཅིང༌། རང་ཉིད་ཀྱང་འཕགས་མཆོག་ཀླུ་སྒྲུབ་ལ་མི་ཕྱེད་པའི་དད་པ་བརྟན་པོ་སྐྱེ་བའི་ཆེད་དང༌། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་དང༌། རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་བརྒྱུད་པ་དང་བཅས་པས་མཉེས་བཞིན་རྗེས་སུ་འཛིན་བའི་རྒྱུ་རུ་དམིགས་ཏེ་བྱས་པ་ལགས་སོ། །

འདིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལ་རྒྱ་གར་གྱི་པཎྜིཏ་གཞོན་ནུ་སྲོག་དང༌། སློབ་དཔོན་ལེགས་ལྡན་འབྱེད་དང༌། དཔལ་ལྡན་ཟླ་བ་གྲགས་པ་དང༌། རྒྱའི་ལོ་ཙཱ་བ་ཆེན་པོ་ཞོན་ཙང་དང༌། རྒྱ་གར་གྱི་མཁས་པ་ཆེན་པོ་སྤྱན་རས་གཟིགས་བརྟུལ་ཞུགས་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་དང༌། ཇོ་ནང་ཏཱ་ར་ནཱ་ཐ་སོགས་རྒྱ་གར་ནག་བོད་གསུམ་གྱི་མཁས་པ་ཆེན་པོ་བདུན་ཙམ་གྱིས་དུས་རབས་སྔ་ཕྱི་སོ་སོར་ཇི་ལྟར་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀོད་ན་དཔྱད་གཞི་ཤིན་ཏུ་ཆེ་ཞིང༌། ཕྱི་མ་ཕྱི་མ་སྔ་མ་སྔ་མའི་ཁ་སྐོང་གི་ཚུལ་དུ་གོ་བ་ལོན་ན། ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསང་གསུམ་གྱི་མཛད་པའི་ཆ་ཤས་མང་པོ་ཞིག་མཐོང་ནས་མི་ཕྱེད་པའི་དད་པ་བཟང་པོ་རྒྱུད་ལ་སྐྱེ་བའི་རྐྱེན་བཟང་དུ་འགྱུར་བས། བསོད་ནམས་ཀྱི་རྒྱུ་བླ་ན་མེད་པའོ། །

དེ་ལྟར་མིན་པར་རྩོད་པའི་རྒྱུ་ཁོ་ནར་སོང་ན་ནི། དགོས་པ་ལས་དགག་བྱ་ཆེ་བས།

དེང་སང་ཆོས་ལ་དད་པ་གཏན་ནས་མེད་ཅིང༌། ཆོས་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ནི། ཐེག་པ་ཆེན་པོ་རྒྱལ་བའི་བཀའ་མིན་པར་སྒྲུབ་པའི་ཆེད་དང༌། ཐེག་ཆེན་གྱི་མདོ་སྡེ་རྣམས་མདོ་རྫུན་མ་ཤ་སྟག་ཡིན་ལ་དེ་ཡང་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་བྱས་པར་བསྙོན་པ་དང༌། ཡང་ལ་ལས་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཐེག་ཆེན་གྱི་ཆོས་ནི་ཀླུ་སྒྲུབ་ཀྱིས་བྲམ་ཟེའི་ཆོས་ལས་བརྐུས་སོ་ཟེར་བ་དང༌། ལ་ལ་ནི་ཀླུ་སྒྲུབ་ཀྱིས་གསང་སྔགས་ཀྱི་གཞུང་རྩོམ་པ་དེ་བློ་ངོར་མི་འཐད་ཀྱང༌། གསང་སྔགས་པ་རྣམས་ལ་སེམས་གསོའི་ཆེད་དུ་ཀླུ་སྒྲུབ་སྔ་ཕྱི་གཉིས་དང༌། དབྱིག་གཉེན་སྔ་ཕྱི་གཉིས་ལ་སོགས་པ། མདོར་ན་རང་དང་རང་ཕྱོགས་ཀྱིས་སྔར་ནས་ཐག་བཅད་ཟིན་པའི་ཆོས་འབྱུང་གི་གོ་རིམ་དང་མི་མཐུན་པ་བྱུང་ཚེ༌། རང་དང་རང་ཕྱོགས་ཀྱི་འདོད་པ་མི་བཅོས་པར་སློབ་དཔོན་དེ་དག་མིང་འདྲ་བའོ་ཞེས་གཉིས་རེ་གཉིས་རེ་བཞག་པ་སོགས་ཡིན་མིན་གྱི་ཐག་སྔར་ནས་བཅད་ཟིན་ནས༌། དེའི་སྒྲུབ་བྱེད་རྗེས་ནས་འཚོལ་དགོས་པ་དང༌། ཀུན་སློང་ངན་པ་དེ་རིགས་མེད་ཀྱང་ཚད་མ་ལ་མངོན་སུམ་ཁོ་ན་དང་གཞལ་བྱ་ལ་མངོན་གྱུར་ཁོ་ན་ལས་ཁས་མི་ལེན་པས་དཀོན་མཆོག་གསུམ་དང་ལས་འབྲས། སྐྱེ་བ་སྔ་ཕྱི། བདེན་བཞིའི་འཇུག་ལྡོག་ཙམ་དུ་མ་ཟད་མངོན་ཤེས་རྫུ་འཕྲུལ་དང་ལྷ་འདྲེ་ཙམ་ཡང་ཁས་མི་ལེན་པར་ནང་པའི་ཆོས་ལ་ཞིབ་འཇུག་གི་ཆུ་ཚད་མཐོན་པོ་ཡོད་པར་རློམ་པའི་ཆད་ལྟའི་གཡང་སར་ལྷུང་བ་དང༌། ཡང་ལ་ལས་ཡ་མཚན་ཆེ་བའི་ལྷ་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་ཁོ་ནར་མན་ངག་གི་སྙིང་པོར་བཟུང་ནས་དོན་དངོས་ཀྱི་ལོ་རྒྱུས་ལ་དོ་སྣང་གཏན་ནས་མི་བྱེད་པ་དང༌། ལ་ལ་ནི་རང་གི་ལྟོ་གོས་གཏམ་གསུམ་གྱི་འབྱུང་ཁུངས་ཆོས་ཀྱི་ཞིབ་འཇུག་ཁོ་ན་ལ་བཅོལ་ནས།

གལ་ཏེ་འགྲེལ་བྱེད་མཁན་པོ་གཞན་གྱི་འདོད་པ་དང་མི་མཐུན་པ་ཞིག་བཤད་ཐུབ་པ་བྱུང་ན། ལོ་རྒྱུས་ཀྱི་ཁུངས་བཙན་མི་བཙན་སོགས་གང་ལའང་ཇི་མི་སྙམ་པར་བྱུང་རྒྱལ་དུ་སྨྲ་བ་སོགས་ཤིན་ཏུ་མང་ཞིང༌། དེ་དག་ལའང་བརྟག་དཔྱད་ལེགས་པོ་མ་བྱས་ན་བདེན་བདེན་འདྲ་བ་མང་པོ་བཤད་དུ་ཡོད་ཅིང༌། སྨྲ་བའི་སྤོབས་པའང་གཞན་ལས་མཐོ་བ་ཤ་སྟག་ཏུ་འདུག་པས། ཡིན་ལུགས་ཕུ་ཐག་ཆོད་པའི་རྣམ་དཔྱོད་ཞིབ་མོས༌།

བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ནས་འཇུག་ལྡོག་བྱེད་པ་ལས། རི་བོང་ཅལ་འདྲོག་གི་རྗེས་སུ་མི་ཞུགས་པར། རང་གཞན་གྱི་རྒྱུད་ལ་ནང་པ་སངས་རྒྱས་པ་སྤྱི་དང༌། ཁྱད་པར་དུ་ཐེག་པ་ཆེན་པོའི་སྟོན་པ་དང་བསྟན་པ། དེ་ཚུལ་བཞིན་དུ་འཛིན་ཅིང་སྤེལ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་བརྟན་པོ་རེ་སྐྱེད་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བར་སེམས་སོ། །

སྨྲས་པ།

རྒྱལ་བའི་གསུང་ར༵བ་ར༵བ་འབྱམས་ཡང་སྙིང༵་སྙིང༵་གི་ནོར་བུ་ལྟར་བསྔགས་པའི། །

ཤེར་ཕྱིན་མན་ང༵ག་ང༵ག་གིས་བཀྲོལ་མཁ༵ས་མཁ༵ས་རྒུའི་གཙུག་གི་རྒྱན་གྱུར་པ། །

ཀླུ་སྒྲུབ་ཅེས་གྲ༵གས་གྲ༵གས་པའི་རྒྱལ་མཚ༵ན་མ༵ཚན་མོའི་མགོན་ལྟར་རྨོངས་པའི་སྨག།

ཀུན་ནས་འཇོམས་མཛ༵ད་མཛ༵ད་པ་རབ་མཆོ༵ག་མཆོ༵ག་ཟབ་ལམ་སྲོལ་འབྱེད་མཁས་རྒྱལ། །

གང་གི་དྲིན་ལས་ཟབ་དོན་བདུད་རྩིའི་རྒྱུ༵ན། །

རྒྱུ༵ན་མི་ཆད་པའི་ལམ་བཟང་དབུ་མའི་དོན༵། །

དོན༵་གཉེར་སྐྱེ་བོའི་དགའ་སྟོན་ཉིད་གྱུར་ག༵ང༌། །

ག༵ང་གིས་རྟོགས་དེས་སྲིད་པ་ཧྲིལ་པོར་བྱེད། །

བློ་མཆོག་མངའ་བ་ཁྱེད་འདྲ་མ་བྱོན་ན༵། །

ན༵་རྒ་འཁོར་བའི་གནས་ལས་སུ་ཡིས་སྒྲོལ༵། །

སྒྲོ༵ལ་བར་སྨྲ་ཡང་འཛིན་པས་དམ་བཅིངས་ཕྱིར༵། །

ཕྱིར༵་བཞིན་བྱིང་བའི་རང་གཞན་སྡེ་པ་མང༌། །

མ༵་རིག་འཁོར་བའི་རྩ་བར་གཟིགས་ནས་སུ། །

མ༵་ལུས་གསུང་གི་སྙིང་པོ་རྟེན་འབྲེལ་དོན། །

མ༵་ནོར་རྫོགས་པར་སྟོན་པས་མགོན་ཁྱོད་ཉིད། །

མ༵་གྱུར་འགྲོ་བའི་དཔུང་གཉེན་གཅིག་པུ་ལགས། །

ག༵ང་གི་མཛད་བཟང་ཟབ་ཡངས་རྒྱ་མཚོ་ལས། །

ག༵ང་ཐོས་རྩྭ་རྩེས་བླངས་པའི་ཟིལ་བ་ཙམ། །

ག༵ང་ཞིག་བརྗོད་དེར་རྣམ་དཀར་འགའ་མཆིས་ན། །

ག༵ང་གི་རིང་ལུགས་འཕེལ་བའི་རྒྱུ་རུ་བསྔོ །

རྒྱ༵ལ་ཀུན་མཁྱེན་རབ་གཅིག་བསྡུས་ལི་ཁྲིའི་རྡུལ། །

རྒྱ༵ལ་སྲས་ཀླུ་ཡི་ལུགས་བཟང་སྤེལ་བའི་སླད། །

རྒྱ༵ལ་བའི་གདུང་འཚོབ་རྣམ་རོལ་ཙོང་ཁ་པའི། །

རྒྱ༵ལ་བསྟན་ཉིང་ཁུ་སྲིད་མཐར་གནས་གྱུར་ཅིག།

ལོ༵་རྒྱུས་ཁུངས་མའི་འོ་མ་དཀྲོགས་པ་ལས། །

ལོ༵་ཡིས་རྙིང་རུལ་མ་བསྒྱུར་མར་གསར་གང༌། །

ལོ༵་ཚིགས་གསེར་གཞོང་དྲི་བྲལ་ལ་བཞག་ནས། །

ལོ༵་རབས་འདི་ཡི་མཁས་རྒུར་མཆོད་སྤྲིན་བསྟར། །

ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་པར་ཐར་པ་གང་ལས་བྱུང་བའི་ལུང་ཁུངས་གལ་ཆེན་རྣམས་བསྒྱུར་ཅིང་བསྡུས་ཏེ་ལུང་རིགས་ཀྱི་བརྒལ་བརྟག་དང་བཅས་པ་ཅུང་ཟད་རྒྱས་པར་བཀོད་པ་ལུང་རིགས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་འདི་ནི། སྔར་ནས་རྩོམ་མཇུག་མ་རྫོགས་པ་ཞིག་ཡོད་པ་ཉིད། བདག་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ། ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། དྲུག་པ་རྡོ་རྗེ་འཆང་དང་ངོ་བོ་མི་གཉིས་པའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དམ་པ་སེར་སྨད་རྒྱལ་རོང་མཁན་ཟུར་རིན་པོ་ཆེ༌། དོན་གྱི་སླད་དུ་མཚན་ནས་སྨྲོས་ཏེ་རྗེ་བཙུན་ངག་དབང་ཐེག་མཆོག་དཔལ་བཟང་པོ་དེ་ཉིད་སྤྱི་ལོ་༢༠༡༠་ལོའི་ཟླ་བ་༨ཚེས་༤ལ་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཁྲིན་ཏུའུ་སྤོས་ལྡན་གྲོང་དུ་ཞབས་སོར་འཁོད་པའི་དུས་སུ་སྤྱན་བསྟར་ཞུས་པར། ཐུགས་དགྱེས་ཚོར་ཆེན་པོས་ཉིན་གཅིག་ལ་རྫོགས་པར་གཟིགས་ནས། འདིའི་མཇུག་མྱུར་དུ་རྫོགས་པར་གྱིས༌། ཁོ་བོས་ཕར་ཁྱེར་ནས་པར་བསྐྲུན་བྱེད་ཅེས་པའི་བཀའ་ལུང་སྤྱི་བོར་ནོད་པ་ཁུར་དུ་བླངས་ཏེ། སྤྱི་ལོ་༢༠༡༠་ལོའི་ཟླ་བ་༡༠་ཚེས་༡༡ནས་ཚེས་༢༧་བར་དུ་ཕ་བླ་མ་དམ་པ་ཁོང་ནས་དབེན་ས་སྙན་བརྒྱུད་ཀྱི་ཟབ་ལམ་བླ་མ་མཆོད་པ་དང་འབྲེལ་བའི་ཕྱག་ཆེན་ཁྲིད་ཁ་ཆེམས་རླུང་བསྐུར་གྱི་ཞལ་ཁྲིད་དང༌། ཕར་ཕྱིན་རྣམ་བཤད་སྙིང་པོ་རྒྱན་དང༌། དབུ་མ་ལ་འཇུག་པ། ཕར་ཕྱིན་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དོན་གསལ་དང་བཅས་པ།རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། མངོན་པ་མཛོད་ཀྱི་རྩ་བ་བཅས་བཞི་དང་འདུལ་བ་དམར་སྡོམ་དང་བཅས་པའི་ལྗགས་ལུང་བཀའ་དྲིན་བསྩལ་བའི་བར་བར་དུ་འཕྲི་བསྣན་ཅི་ནུས་བགྱིས་ཤིང༌། གསུང་ཆོས་མཇུག་གྲུབ་པའི་ཉིན་མོར་འདིའང་མཇུག་རྫོགས་པའི་རྟེན་འབྲེལ་མ་བསྒྲིག་ལྷུན་གྲུབ་བྱུང་ངོ་ཞེས་པའི་མཚམས་སྦྱོར་དང་བཅས་པ་འདི་ནི། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་གསུམ་པ་ཆེན་པོས་ཕྱག་བཏབ་ཅིང༌། ལི་ཐང་དགེ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་ཞེས་པའི་མཚན་གྱི་མེ་ཏོག་སྤྱི་བོར་བཅིངས་པའི་འདུས་སྡེ་ཆེན་མོ་འདིའི་མཁན་རབས་གོ་གསུམ་པ།ལི་ཐང་བཞག་མ་ཐང་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དང་།

རྒྱ་ནག་བྱང་ཤར་གྱི་གྲོང་ཁྱེར་ཆེན་མོ་ལེའོ་ནེང་ཧྲན་ཡང་གི་ཕོ་བྲང་གཅིག་དང་མཆོད་རྟེན་བཞིར་གྲགས་པའི་ཡ་གྱ་བྱང་ཕྱོགས་མཆོད་རྟེན་ཆེན་མོ་གང་དུ་ཆགས་པའི་གནས་མཆོག མན་ཇུའི་གོང་མ་ཧྭང་ཐའེ་ཇེང་དང་ཧྲུན་ཀྲི་གཉིས་ཀྱི་སྐུ་རིང་ལ་གོང་མ་རང་ཉིད་ནས་ཏཱ་ཆིང་རྒྱལ་ཁབ་ཀྱི་གོང་མའི་མཆོད་གནས་སུ་ཆེད་དུ་ཕྱག་བཏབ་གནང་བའི་འདུས་སྡེ་ཆེན་མོ་དགོན་རྒྱལ་སྐྱོང་ཆོས་འཁོར་གླིང་དང་། ཆིང་གི་གོང་མ་ཁང་ཞིང་གི་སྐུ་རིང་ལ་ཏུར་པུ་ཐུ་ཆི་དབང་ནས་ཡོན་སྦྱར་གྱིས་ཕྱག་བཏབ་པའི་ཏཱ་ཆིན་ཕུན་ཚོགས་རྣམ་དག་གླིང་དང་བཅས་པའི་ཁྲི་འཛིན་པ།     བཞག་པ་སྐུ་ཕྲེང་གསུམ་པའི་ཐ་སྙད་ཙམ་འཛིན་པ་དགེ་ལེགས་མཁས་གྲུབ་འཇམ་དཔལ་རྒྱ་མཚོའམ་མིང་གཞན་འཇམ་དབྱངས་མཁས་གྲུབ་ཏུ་འབོད་པས་བགྱིས་པ་འདིས་ཀྱང་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་བརྒྱུད་པ་དང་བཅས་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུལ་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།

र्वमङ्गलं॥॥

སརྦམངྒལཾ།། །།

 

 

 


དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།