ཉི་ཁྲིའི་འགྲེལ་བ།

འབྱུང་གནས།: རྩོམ་པ་པོ།: དུས་ཚོད།:2013-08-24 Tag: བཀོད་པ།:

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཉི་ཁྲིའི་འགྲེལ་བ་ལས་བྱུང་བའི་རྒྱལ་པོའི་ཁབ་གྲོང་ཁྱེར་གྱི་བྱུང་བ་ནི།

 

 གཉན་ཡོད་ཀྱི་གྲོང་ཁྱེར་དང་།  སེར་སྐྱའི་གྲོང་ཁྱེར་དང་།  ཝཱ་ར་ཎ་སིའི་གྲོང་ཁྱེར་སོགས་སུའང་རྒྱལ་པོའི་ཕོ་བྲང་དག་མཆིས་ན།  ཅིའི་ཕྱིར་གྲོང་ཁྱེར་འདི་ཁོ་ན་ལ་རྒྱལ་པོའི་ཁབ་ཅེས་བྱ་ཞེ་ན།

ལ་ལ་ན་རེ།  མ་ག་དྷཱའི་རྒྱལ་པོ་ལ་སྲས་ཤིག་འཁྲུངས་ཏེ།མགོ་བོ་གཅིག་ལ་ཞལ་རས་གཉིས་དང་།  ལག་པ་བཞི་ལྡན་པ་ཞིག་གོ།  དེའི་ཚེ་ན་སྐྱེ་བོ་རྣམས་ཀྱིས་བཀྲ་མི་ཤིས་པར་བསམ་ནས།  རྒྱལ་པོས་བུ་དེའི་ལུས་དང་མགོ་ཕྲལ་ནས་དབེན་པར་དོར་རོ༎ དེ་ན་གནོད་སྦྱིན་མོ་ཛ་ལ་༼རྒན་མོ་阇罗༽ཞེས་བྱ་བ་ཞིག་ཡོད་དེ།  དེས་བུའི་ལུས་གཅིག་ཏུ་བསྒྲིགས་ནས་རང་གི་འོ་མས་གསོས་པས།  ཆེན་པོར་གྱུར་པ་ན་རྒྱལ་ཕྲན་ཀུན་ན་འགྲན་ཟླ་མེད་པའི་སྟོབས་ཤུགས་དང་ལྡན་པར་གྱུར་ཏེ།  གནམ་འོག་གི་བདག་པོར་གྱུར་ཏོ༎རྒྱལ་ཕྲན་ཐམསཅད་དབང་དུ་བསྡུས་ཏེ་སྐྱེ་བོ་ས་ཡ་བརྒྱད་ཀྱི་རྒྱལ་པོར་་ཏེ།  སྟོབས་ཤུགས་ལ་བརྟེན་ནས་འཛམ་བུ་གླིང་ཡོངས་སུ་སྐྱོང་ཞིང་།  རི་བོ་འདི་ལྔའི་དབུས་སུ་བཞུགས་པས།  ས་འདིར་འཛམ་བུ་གླིང་པ་རྣམས་ཀྱིས་རྒྱལ་པོའི་ཁབ་ཅེས་བཏགས་སོ་ཞེས་ཟེར་རོ༎

ཡང་ལ་ལ་ན་རེ།  མ་ག་དྷཱའི་རྒྱལ་པོ་ཐོག་མར་བཞུགས་པའི་གྲོང་ཁྱེར་ཞིག་ཡོད་དེ།  གྲོང་ཁྱེར་དེ་མེས་ཚིག་གོ།  དེ་ནས་སླར་བཞེངས་པ་ཡང་མེས་ཚིག་སྟེ།  དེ་ལྟར་ལན་བདུན་དུ་གྱུར་པས་རྒྱལ་ཁབ་དེའི་སྐྱེ་བོ་རྣམས་ལས་ཀྱིས་ཤིན་ཏུ་དུབ་པར་གྱུར་པས།  རྒྱལ་པོའི་ཡིད་ཤིན་ཏུ་མི་དགའ་བར་གྱུར་ཏེ།  སྐྱེས་བུ་མཁས་པ་རྣམས་བསྡུས་ཏེ་རྒྱུ་མཚན་དྲིས་པས། སྐྱེས་བུ་ཞིག་གིས་གནས་གཞན་དུ་སྤོས་ན་འཐད་དོ་ཞེས་ཞུས་སོ༎རྒྱལ་པོས་དེ་ལས་བཟང་བའི་གནས་ཤིག་བཙལ་བ་ན།  རི་བོ་ལྔས་ཁོར་ཡུག་ཀུན་ནས་བསྐོར་བས་གྲོང་ཁྱེར་དང་འདྲ་བར་མཐོང་ཞིང་།  ས་འདིར་ཕོ་བྲང་བརྩེགས་ནས་གནས་བཅས་ཏེ།  དེའི་ཕྱིར་ན་རྒྱལ་པོའི་ཁབ་ཅེས་བཏགས་སོ༎

ཡང་ན།  ཆེས་སྔ་བའི་འདས་པའི་དུས་ཤིག་ན། ཡུལ་འདིར་རྒྱལ་པོ་ནོར་ཅན་༼བ་སུ་༽ཅེས་བྱ་བ་ཞིག་ཡོད་དེ།  འཇིག་རྟེན་པའི་ཆོས་ཀྱིས་སྐྱོ་ནས་རབ་ཏུ་བྱུང་སྟེ་དྲང་སྲོང་བྱས་སོ༎དེའི་ཚེ་ན་ཁྱིམ་ན་གནས་པའི་བྲམ་ཟེ་རྣམས་དང་རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ཕན་ཚུན་རྩོད་པར་གྱུར་ཏེ། ཁྱིམ་ན་གནས་པའི་བྲམ་ཟེ་རྣམས་ན་རེ།  རིག་བྱེད་ཀྱི་གཞུང་ལས།  ལྷ་ལ་མཆོད་པའི་སླད་དུ།  སྲོག་ཆགས་བསད་དེ་ཤ་ཟ་བར་འོས་པར་གསུངས་སོ་ཞེས་ཟེར་རོ༎ རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ན་རེ།   ལྷ་ལ་མཆོད་པའི་སླད་དུ་ནི།  སྲོག་ཆགས་བསད་དེ་ཤ་ཟ་བ་ནི་འོས་པ་མ་ཡིན་ནོ་ཞེས་ཟེར་རོ༎དེ་ལྟར་རྩོད་པ་ན། རབ་ཏུ་བྱུང་བའི་བྲམ་ཟེ་རྣམས་ན་རེ།  འདི་ན་རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་སྟེ་དྲང་སྲོང་དུ་གྱུར་པ་བཞུགས་པས་ཁྱེད་ཅག་དེ་ལ་ཡིད་ཆེས་སམ་ཞེས་སྨྲས་པར།  ཁྱིམ་ན་གནས་པའི་བྲམ་ཟེ་རྣམས་ན་རེ།  ཡིད་ཆེས་སོ་ཞེའོ༎དེ་ནས་རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ན་རེ།  བདག་ཅག་གིས་སྐྱེས་བུ་དེར་དཔུང་པོར་བཅོལ་ནས་ཉིན་ཕྱི་མ་ལ་འདྲི་བར་བྱའོ་ཞེས་ཟེར་རོ༎ཁྱིམ་ན་གནས་པའི་བྲམ་ཟེ་རྣམས་ནི་དེའི་མཚན་མོར་སྔོན་དུ་དྲང་སྲོང་ནོར་ཅན་༼བ་སུ་༽གྱི་་དྲུང་དུ་ཕྱིན་ཏེ།  དྲི་བ་སྣ་ཚོགས་ཞུས་ཤིང་།  དེ་ནས་དྲང་སྲོང་ནོར་ཅན་༼བ་སུ་༽ལ་འདི་སྐད་ཅེས།  སང་གི་དུས་སུ་རྩོད་པ་

ན་ཁྱེད་ཀྱིས་བདག་ཅག་གི་གྲོགས་དན་མཛད་དུ་གསོལ་ཞེས་ཞུས་སོ༎དེ་ནས་སང་གི་རྩོད་པའི་དུས་མངོན་དུ་གྱུར་པ་ན།  རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ཀྱིས་དྲང་སྲོང་ནོར་ཅན་༼བ་སུ་༽ལ་འདི་སྐད་ཅེས།ལྷ་ལ་མཆོད་པའི་སླད་དུ་ནི།  སྲོག་ཆགས་བསད་དེ་ཤ་ཟ་བར་འོས་སམ་ཞེས་དྲིས་པར། དྲང་སྲོང་ནོར་ཅན་༼བ་སུ་༽ན་རེ།  བྲམ་ཟེའི་ཆོས་ལྟར་ན། ལྷ་ལ་མཆོད་པའི་སླད་དུ་ནི།  སྲོག་ཆགས་བསད་དེ་ཤ་ཟ་བར་འོས་སོ་ཞེའོ༎

རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ན་རེ།  ཁྱོད་ཀྱི་སེམས་ལ་སྲོག་ཆགས་བསད་དེ་ཤ་ཟ་བར་འོས་པར་སྙམ་མམ་ཞེས་སྨྲས་པར།  དྲང་སྲོང་ནོར་ཅན་༼བ་སུ་༽ན་རེ།  ལྷ་ལ་མཆོད་པའི་སླད་དུ་སྲོག་ཆགས་བསད་དེ་ཤ་ཟོས་ན། སྲོག་ཆགས་དེ་དག་ཚེ་འདིར་ལྷ་མཆོད་པའི་

སླད་དུ་ཤི་བས།  ཕྱི་མར་ལྷའི་གནས་སུ་སྐྱེའོ་ཞེས་སོ༎ རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ན་རེ།ཁྱོད་ཀྱིས་ཚིག་ནི་མི་བདེན་པ་ཆེན་པོ་སྟེ།  རྫུན་ཆེན་པོ་སྨྲས་སོ་ཞེའོ༎དེ་ཉིད་དུ་སྨད་ནས་འདི་སྐད་ཅེས།  སྡིག་ཅན་འདི་མེད་པར་གྱུར་ཅིག་ཅེས་སྨྲས་པ་ན་དྲང་སྲོང་ནོར་ཅན་༼བ་སུ་༽་རྐང་མཐིལ་བར་དུ་ས་ལ་འཛུལ་ཏེ།  དེ་ནི་སྡིག་པ་ཆེན་པོའི་ལས་ཀྱི་སྒོ་ཕྱེ་བས་ཡིན་ནོ།  རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ན་རེ།ཁྱོད་ཀྱིས་བདེན་པའི་ཚིག་སྨྲ་བར་འོས་པས།  གལ་ཏེ་ཆེད་དུ་རྫུན་སྨྲས་ན་ནི་ཁྱོད་ཀྱི་ལུས་ཡོངས་རྫོགས་ས་ལ་འཛུལ་ལོ་ཞེས་སྨྲས་པར། དྲང་སྲོང་ནོར་ཅན་༼བ་སུ་༽་ན་རེ།བདག་གིས་ནི་ལྷ་ལ་མཆོད་པའི་སླད་དུ་སྲོག་ཆགས་བསད་དེ་ཤ་ཟོས་ན་སྡིག་པ་མེད་པར་ཤེས་སོ་ཞེས་སྨྲས་པས། དེ་ཉིད་དུ་སླར་ཡང་པུས་མོའི་བར་དུ་ས་ལ་འཛུལ་ལོ༎དེ་ལྟར་རིམ་པ་བཞིན་དུ་སྐེད་པ་དང་།  མགྲིན་པའི་བར་དུ་ནུབ་པས། རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ན་རེ། ཁྱོད་ཀྱིས་རྫུན་དུ་སྨྲས་པའི་འབྲས་བུ་དངོས་སུ་སྨིན་པ་ཡིན་པས།  གལ་ཏེ་བདེན་པར་སྨྲ་ན་ནི་ས་ལ་འཛུལ་ན་ཡང་བདག་ཅག་གིས་འདོན་པར་ནུས་ཀྱི།  སྡིག་པའང་ཞི་བར་བྱའོ་ཞེས་སོ༎

དེའི་ཚེ་དྲང་སྲོང་ནོར་ཅན་༼བ་སུ་༽གྱིས་འདི་ལྟར་སྙམ་སྟེ།བདག་ནི་སྐྱེས་བུ་ཆེན་པོ་ཞིག་ཡིན་པས་སྔ་ཕྱི་འགལ་བའི་ཚིག་གཉིས་སྨྲ་བར་མི་འོས་ལ།  བྲམ་ཟེའི་རིག་བྱེད་ཀྱི་ཆོས་གཞུང་ལས་ཀྱང་རྒྱུ་རྐྱེན་སྣ་ཚོགས་པའི་སྒོ་ནས་ལྷ་མཆོད་པ་ལ་བསྔགས་པར་མཛད་པས།བདག་མི་གཅིག་ཤི་བ་ལ་འཛེམ་པ་ནི་འོས་མ་ཡིན་ནོ་ཞེས་བསམ་ནས།  རྩེ་གཅིག་ཏུ་འདི་སྐད་ཅེས། ལྷ་ལ་མཆོད་པའི་སླད་དུ་སྲོག་ཆགས་བསད་དེ་ཤ་ཟོས་ན་སྡིག་པ་མེད་དོ་སྨྲས་པས། རབ་ཏུ་བྱུང་བའི་དྲང་སྲོང་རྣམས་ན་རེ།ཁྱོད་ནི་སྡིག་པོ་ཆེའི་སྐྱེ་བོ་ཞིག་སྟེ།  མྱུར་དུ་སོང་ཞིག ཁྱོད་མཐོང་བར་མི་འདོད་དོ་ཞེས་སྨྲས་པས། ལུས་ཡོངས་རྫོགས་ས་ལ་ནུབ་ནས་མེད་པར་གྱུར་ཏོ༎དུས་དེ་ནས་བཟུང་སྟེ་དེ་རིང་གི་བར་དུ།  རྟག་ཏུ་དྲང་སྲོང་ནོར་ཅན་༼བ་སུ་༽གྱི་ཆོས་བརྟེན་ནས།ལྷ་ལ་མཆོད་པའི་སླད་དུ་ལུག་གསོད་པར་བྱེད་དེ།  གྲིས་སྣུན་པ་ན་འདི་སྐད་ཅེས།ནོར་ཅན་༼བ་སུ་༽གྱིས་ཁྱོད་གསོད་པ་ཡིན་ནོ་ཞེས་སྨྲའོ༎     

ནོར་ཅན་༼བ་སུ་༽གྱི་སྲས་ཤིང་རྟ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་དེ། རྒྱལ་པོའི་ཁྲི་ལ་འཁོད་དོ༎དེའི་རྗེས་སུ་ཡང་འཇིག་རྟེན་པའི་ཆོས་ལ་སྐྱོ་ཡང་རབ་ཏུ་ནི་བྱུང་མ་ནུས་ཏེ།  འདི་སྙམ་དུ།  བདག་གི་ཡབ་རྒྱལ་པོ་ཉིད་རབ་ཏུ་བྱུང་ཡང་ས་ལ་འཛུལ་ལོ༎གལ་ཏེ་གནམ་འོག་གི་འཇིག་རྟེན་སྐྱོང་ན་ནི།  སླར་ཡང་སྡིག་པ་ཆེན་པོ་བསོག་པར་འགྱུར་བས།  དེང་བདག་ཇི་ལྟར་བྱེད་དེ་གནས་པར་འོས་སམ།  ཞེས་དེ་ལྟར་བསམ་བཞིན་བཞུགས་པ་ན།  ནམ་མཁའ་ནས་འདི་སྐད་ཅེས།  ཁྱོད་ཉིད་སོང་བའི་ཚེ། གལ་ཏེ་ཕྱིན་པར་དཀའ་ཞིང་ངོ་མཚར་ཆེ་བའི་ཡུལ་ཞིག་ཏུ་སླེབས་པར་གྱུར་ན།ཁྱོད་ཀྱིས་དེར་ཕོ་བྲང་བརྩེགས་ཏེ་བཞུགས་པར་འོས་སོ༎ཞེས་པའི་སྒྲ་གྲགས་པ་ཐོས་ཏེ།  དེ་ནས་སྒྲ་དེའང་མེད་པར་གྱུར་ཏོ༎དེ་ནས་རིང་པོ་མ་ལོན་པར་རྒྱལ་པོ་རི་དྭགས་རྔོན་པར་ཕྱིན་པས།  རི་དྭགས་ཤྭ་བ་ཞིག་རླུང་ལྟར་མྱུར་བར་འགྲོ་བར་མཐོང་ངོ༎རྒྱལ་པོས་རྗེས་འདེད་དེ་ཕྱིན་པས་རྗེས་མི་ཟིན་ཅིང་།  ཇི་ཙམ་འདེད་ཀྱང་རྗེས་མ་ཆོད་པར་རྒྱུག་པས། འཁོར་གཡོགས་དང་བློན་པོ་སུས་ཀྱང་རྗེས་མ་ཟིན་ཏོ༎དེ་ནས་རིམ་བཞིན་ཕྱིན་པ་ན།  མདུན་དུ་བལྟས་པས།  རི་བོ་རྣམ་ལྔས་ཁོར་མོ་ཡུག་ཏུ་བསྐོར་ལ་བརྟན་བརླིང་ལྡན་པ། ས་ཁོད་སྙོམས་ཤིང་རྩྭ་ཐང་འཇམ་ལ་མེ་ཏོག་དག་གིས་ཀུན་ནས་བཀྲམ་པ།  སྣ་ཚོགས་ལྗོན་ཤིང་ཚང་ཚིངའཁྲིགས་ཤིང་མེ་ཏོག་འབྲས་བུ་གཡུར་དུ་ཟ་བ།  ཆུ་ཚན་དང་།  བསིལ་ཆབ་ཀྱི་རྫིང་བུ་དྭངས་ཤིང་གཙང་ལ། ས་འདི་ཀུན་ནས་མཛེས་སྡུག་ལྡན་པ།  ལྷའི་མེ་ཏོག་དང་ལྷའི་བདུག་པའི་དྲི་ཡིས་ཁྱབ་ཅིང་།  ལྷའི་རོལ་མོའི་སྒྲ་སྙན་ཐོས་པ་ཞིག་མཐོང་ངོ༎     

དེའི་ཚེ་དྲི་ཟའི་བུ་མོས་རྒྱལ་པོར་མཇལ་ནས་རང་རང་གནས་སུ་སོང་ངོ༎དེ་ནས།  ངོ་མཚར་རྨད་བྱུང་གནས་འདི་འདྲ༎སྔར་ནི་གང་དུའང་མ་མཐོང་བས༎དེང་འདིར་བདག་གིས་ས་འདི་ན༎ཕོ་བྲང་བརྩེགས་ཏེ་སྡོད་པར་འོས༎སྙམ་པ་ན།  བློན་འཁོར་རྣམས་ཀྱང་དེའི་རྗེས་དེད་ནས་ལྷགས་སོ༎རྒྱལ་པོས་བློན་པོ་རྣམས་ལ་འདི་སྐད་ཅེས།  བདག་གིས་སྔར་ནམ་མཁའ་ལས། ཁྱོད་ཉིད་སོང་བའི་ཚེ། གལ་ཏེ་ཕྱིན་པར་དཀའ་ཞིང་ངོ་མཚར་ཆེ་བའི་ཡུལ་ཞིག་ཏུ་སླེབས་པར་གྱུར་ན།ཁྱོད་ཀྱིས་དེར་ཕོ་བྲང་བརྩེགས་ཏེ་བཞུགས་པར་འོས་སོ༎ཞེས་པའི་སྒྲ་གྲགས་པ་ཐོས་ཏེ།དེ་རིང་བདག་གིས་ངོ་མཚར་རྨད་བྱུང་གི་གནས་འདི་མཐོང་བས།  ས་འདིར་བདག་གི་ཕོ་བྲང་བརྩེགས་ཏེ་གནས་གཞི་བཅས་པར་འོས་སོ་ཞེས་གསུངས་ནས་གྲོང་ཁྱེར་འདི་བརྩེགས་ཏེ་བཞུགས་པར་མཛད་དོ༎རྒྱལ་པོ་འདི་ཉིད་ས་འདིར་ཐོག་མར་བཞུགས་ཤིང་།  དེ་ནས་བཟུང་སྟེ་ཕྱིས་ཀྱི་རྒྱལ་པོ་རྣམས་རིམ་པ་བཞིན་དུ་བཞུགས་སོ༎རྒྱལ་པོ་འདིས་ཐོག་མར་ཕོ་བྲང་བརྩེགས་པ་ལས་གྲོང་ཁྱེར་འདི་བྱུང་བས་ན།རྒྱལ་པོའི་ཁབ་ཅེས་བྱའོ༎རྒྱལ་པོའི་ཁབ་མདོར་བསྡུས་བཤད་པ་རྫོགས་སོ༎ཞེས་སོ༎


དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།