སེམས་ཙམ་དུ་གྲུབ་པའི་བསྟན་བཅོས་ཀྱི་ངོ་སྤྲོད།

འབྱུང་གནས།:ཧྲན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་། རྩོམ་པ་པོ།:བཞག་པ་རིན་པོ་ཆེ། དུས་ཚོད།:2013-08-24 Tag: བཀོད་པ།:

སེམས་ཙམ་དུ་གྲུབ་པའི་བསྟན་བཅོས་ཀྱི་ངོ་སྤྲོད།

 

ལི་ཐང་བཞག་པ་སྐྱེ་མིང་པ་འཇམ་དབྱངས་མཁས་གྲུབ་ཀྱིས་བརྩམས།

སེམས་ཙམ་དུ་གྲུབ་པའི་བསྟན་བཅོས་ལ་བམ་པོ་བཅུ་ཡོད་ཅིང་། རྒྱའི་ལོ་ཙཱ་བ་ཞོན་ཙང་གིས་སྤྱི་ལོ་༦༥༩ལོ་ལ་རྒྱ་ནག་སྐད་དུ་བསྒྱུར། 

འདི་ནི་སློབ་དཔོན་ཆོས་སྐྱོང་ལ་སོགས་པ་བཅུས་མཛད་པའི་སུམ་ཅུ་པའི་ཚིག་ལེའུ་བྱས་པའི་འགྲེལ་བ་སྣ་མང་བཏུས་པའི་རང་བཞིན་ཅན་ཞིག་ཡིན་ཏེ།  སེམས་ཙམ་སུམ་ཅུ་པའི་ཚིག་ལེའུ་བྱས་པ་ནི་སློབ་དཔོན་དབྱིག་གཉེན་སྐུ་ཚེ་སྨད་ཀྱི་ཕྱག་རྩོམ་ཞིག་ཡིན་པས་རང་འགྲེལ་མེད་པར་གྲགས།  སེམས་ཙམ་པའི་སློབ་དཔོན་སྙན་གྲགས་དང་ལྡན་པ་བཅུ་ཐམ་པས་མཛད་པའི་འགྲེལ་བ་ནི་འདི་ལྟར།

༡ བནྡྷུ་ཤྲཱི་འམ་དབྱིག་དཔལ་གྱིས་མཛད་པ་དང་།

༢ མེའི་སྤོབས་པས་མཛད་པ་དང་།

འདི་གཉིས་ནི་དབྱིག་གཉེན་དང་དུས་མཉམ་པས་མཆན་འགྲེལ་བསྡུས་པ་རེ་ཡོད་ཅིང་།

དབྱིག་དཔལ་གྱི་འགྲེལ་བ་ལས་དབྱིག་གཉེན་གྱིས་སུམ་ཅུ་པའི་ཚིག་ལེའུ་བྱས་པ་རྩོམ་པའི་དགོངས་གཞི་གང་ཡིན་སོགས་གསུངས་སོ།   

༣ སློབ་དཔོན་དགའ་བོའམ་རྒྱལ་བའི་སྡེས་མཛད་པ་དང་།

སློབ་དཔོན་རྒྱལ་བའི་སྡེའམ་དགའ་བོ་ནི།  སློབ་དཔོན་བློ་གྲོས་བརྟན་པ་དང་ཡང་དག་ཟླ་བ་དང་དུས་མཉམ་པའི་སེམས་ཙམ་གྱི་སློབ་དཔོན་ཆེན་པོ་བཅུའི་ཡ་གྱལ་ཞིག་སྟེ། དབྱིག་གཉེན་གྱི་བཀའ་སྲོལ་འཛིན་པར་བཞེད་ནས་སེམས་ཙམ་ཉི་ཤུ་པ་ལས།རང་གི་ས་བོན་གང་ལས་སུ།  །རྣམ་རིག་སྣང་བ་གང་བྱུང་བ།  །དེ་དག་དེ་ཡི་སྐྱེ་མཆེད་ནི།  །རྣམ་པ་གཉིས་སུ་ཐུབ་པས་གསུངས།  །ཞེས་སོགས་དང་སུམ་ཅུ་པའི་དགོངས་པ་བཞིན་མཛད་པས་འགྲེལ་བ་ཀུན་ལས་ཁྱད་པར་དུ་འཕགས་པར་གསུངས་སོ།  ། འདི་དང་ཡང་དག་ཟླ་བ་གཉིས་ཀས་གཟུང་འཛིན་གཉིས་སུ་ཕྱེ་ནས་གསུངས་པས།  རྒྱ་ནག་གི་སེམས་ཙམ་པ་རྣམས་ལ་དུམ་བུ་གཉིས་པ་བ་ཞེས་གྲགས་སོ།   

༤ སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ་དང་། 

       སློབ་དཔོན་བློ་གྲོས་བརྟན་པས་མཛད་པ་དང་། 

འདི་གཉིས་སློབ་གྲོགས་ཡིན་ཞིང་།  བློ་གྲོས་བརྟན་པ་ནི་མངོན་པ་གོང་འོག་ཀུན་ལ་མཁས་པས།  སེམས་ཙམ་པས་རང་རིག་མངོན་སུམ་བཞེད་པར་གསུངས་ནས་དབྱིག་གཉེན་གྱི་ལམ་སྲོལ་སྤེལ།  འདི་ནི་གོང་གི་དེ་ལས་ཐ་དད་པའི་ཤིན་ཏུ་གལ་ཆེ་བའི་སེམས་ཙམ་གྱི་ལུགས་ཞིག་གོ། 
སློབ་དཔོན་འདིས་མཛད་པའི་དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བ་ལས།  ཡང་དག་མ་ཡིན་ཀུན་རྟོག་ཡོད།  །དེ་ལ་གཉིས་པོ་ཡོད་མ་ཡིན།  །སྟོང་པ་ཉིད་ནི་འདི་ལ་ཡོད།  །དེ་ལ་ཡང་ནི་དེ་ཡོད་དོ།  །དེ་ལ་ཞེས་བྱ་བ་ནི་མཚན་ཉིད་དང་།  སྒྲིབ་པ་ལ་སོགས་པ་དངོས་པོ་བདུན་སྨོས་པ་དག་གི་ནང་ནས་མཚན་ཉིད་ལས་བརྩམས་ནས་དེའི་དབང་དུ་མཛད་དེ།  དེའི་ཕྱིར་།  ཡང་དག་མ་ཡིན་ཀུན་རྟོག་ཡོད།།ཅེས་བྱ་བ་ལ་སོགས་པ་གསུངས་སོ།  །ཞེས་དང་།  ཡང་།  ལ་ལ་དག་ཆོས་ཐམས་ཅད་རི་བོང་གི་རྭ་ལྟར་རང་བཞིན་གྱིས་གྲུབ་པ་ཡེ་མེད་དོ།  །སྙམ་དུ་སེམས་པ་དེའི་ཕྱིར་ཐམས་ཅད་ལ་སྐུར་བ་དགག་པའི་དོན་དུ།ཡང་དག་མ་ཡིན་ཀུན་རྟོག་ཡོད།  །ཅེས་བྱ་བ་གསུངས་ཏེ།  རང་བཞིན་གྱི་ཞེས་བྱ་བ་ཚིག་གི་ལྷག་མའོ།  །དེ་ལྟར་ན་མདོ་ལས་ཆོས་ཐམས་ཅད་སྟོང་པའོ་ཞེས་བཤད་པས།  མདོ་དང་མི་འགལ་ལམ་ཞེ་ན།  མི་འགལ་ཏེ་འདི་ལྟར།  དེ་ལ་གཉིས་པོ་ཡོད་མ་ཡིན།  །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་གཟུང་བ་དང་འཛིན་པའི་ངོ་བོ་དང་བྲལ་བས་སྟོང་པ་ཞེས་བྱ་བའི་རང་བཞིན་ཡེ་མེད་པ་ནི་མ་ཡིན་ཏེ།  དེའི་ཕྱིར་མདོ་དང་མི་འགལ་ལོ།  །གལ་ཏེ་དེ་ལྟར་གཉིས་པོ་ནི་རི་བོང་གི་རྭ་ལྟར་ཡེ་མེད་ལ། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ནི་དོན་དམ་པར་རང་བཞིན་གྱིས་ཡོད་ན།  དེ་ལྟ་ན་ནི་སྟོང་པ་ཉིད་མེད་པར་འགྱུར་རོ་ཞེ་ན།  དེ་ནི་དེ་ལྟ་མ་ཡིན་ཏེ་འདི་ལྟར།  སྟོང་པ་ཉིད་ནི་འདི་ལ་ཡོད།  །ཡང་དག་མ་ཡིན་པ་ཀུན་རྟོག་པ་ལ་གཟུང་བ་དང་འཛིན་པ་མེད་པ་ཉིད་གང་ཡིན་པ་དེ་སྟོང་པ་ཉིད་ཡིན་པས་སྟོང་པ་ཉིད་མེད་པར་མི་འགྱུར་རོ།  །ཞེས་གསུངས་པས། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་།  རྣམ་པར་བྱང་བའི་མཚན་ཉིད་ལ་སོགས་པའི་གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གྱིས་བསྡུས་པའི་ཆོས་ཐམས་ཅད་རྫས་སོ་སོར་གྲུབ་པ་བཏགས་པའི་ཀུན་ནས་བཏགས་པའི་ཆོས་རྣམས་བདེན་པར་མེད་ཅིང་།  དེ་འཛིན་གྱི་ཀུན་ཏུ་རྟོག་པའམ་གཞན་དབང་དེ་ཉིད་དོན་དམ་པར་རང་བཞིན་གྱིས་གྲུབ་ལ་།  གཞན་དབང་སྟེང་དུ་གཟུང་འཛིན་རྫས་ཐ་དད་པས་སྟོང་པའི་སྟོང་ཉིད་ཀྱང་ཡོད་དོ།  །ཞེས་གསུང་པས་ན། སློབ་དཔོན་འདིས་གཞལ་བྱ་དང་ཚད་མ་དང་ཚད་མའི་འབྲས་བུ་གསུམ་དུ་ཕྱེ་ཡང་།  རྒྱ་ནག་གི་སེམས་ཙམ་པ་རྣམས་ནས་དུམ་བུ་གཅིག་པ་བ་ཞེས་ཟེར་རོ།   

  སློབ་དཔོན་ཡང་དག་ཟླ་བས་མཛད་པ་དང་།

སློབ་དཔོན་འདི་དང་བློ་གྲོས་བརྟན་པ་དུས་མཉམ་ཞིང་མངོན་པ་ལ་ཤིན་ཏུ་མཁས་པ་ཞིག་སྟེ། འདིའི་འགྲེལ་བ་ལས།  རྣམ་ཤེས་ཚོགས་བརྒྱད་ཀྱི་མངོན་སུམ་དང་དེའི་ས་བོན་ཕན་ཚུན་ཡུལ་ཡུལ་ཅན་གྱི་འབྲེལ་བ་བསྟན་ཅིང་།  སློབ་དཔོན་བློ་གྲོས་བརྟན་པའི་བཞེད་པ་དང་རྒྱབ་འགལ་ཡིན་པར་བཤད་དོ།  །རང་རེ་བོད་ན་སློབ་དཔོན་བློ་གྲོས་བརྟན་པའི་འགྲེལ་བ་ཡོད་ཅིང་།  སློབ་དཔོན་ཡང་དག་ཟླ་བའི་འགྲེལ་བ་ཡོད་པ་ནི་མ་མཐོང་ངོ་།     

  སློབ་དཔོན་ཆོས་སྐྱོང་གིས་མཛད་པ་དང་། 

  རྒྱལ་བའི་བཤེས་ཀྱིས་མཛད་པ་དང་། 

སློབ་དཔོན་རྒྱལ་བའི་བཤེས་ནི་སློབ་དཔོན་ཆོས་སྐྱོང་གི་སློབ་མ་ཡིན་ནོ།   

  རྒྱལ་བའི་སྲས་ཀྱིས་མཛད་པ་དང་། 

༡༠  ཤེས་རབ་ཟླ་བས་མཛད་པ་དང་བཅུའོ། 

སློབ་དཔོན་འདི་དག་གིས་ནི་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་ལས་བཏུས་པ་ལས་ཇི་སྐད་གསུངས་པའི།  གང་ཚེ་སྣང་བ་དེ་གཞལ་བྱ།  །ཚད་མ་དང་ནི་དེའི་འབྲས་བུ།  །འཛིན་དང་རྣམ་རིག་དེ་ཡི་ཕྱིར།  །དེ་གསུམ་ཐ་དད་དུ་མི་བྱས།  །ཡུལ་ཤེས་པ་དང་དེ་ཤེས་པའི།  །དབྱེ་བས་བློ་ཡི་ཚུལ་གཉིས་ཉིད།  །དུས་ཕྱིས་དྲན་པ་ལས་ཀྱང་སྟེ།  །ཚུལ་གཉིས་དང་ནི་རང་རིག་གྲུབ།  །མ་མྱོང་བར་ནི་མེད་ཕྱིར་རོ།  །ཞེས་སོགས་ཀྱི་རྗེས་སུ་འབྲངས་པའི་གཞལ་བྱ་ཡུལ་དང་།  འཇལ་བྱེད་ཀྱི་ཚད་མ་དང་།  ཚད་མའི་འབྲས་བུ་སྟེ་དུམ་བུ་གསུམ་དུ་ཕྱེ་ནས་གསུངས་པར་བཤད་ཅིང་།སློབ་དཔོན་ཆོས་སྐྱོང་གིས་ནི་རང་རིག་ལའང་ཡུལ་ཡུལ་ཅན་གཉིས་སུ་ཕྱེ་ནས་རང་རིག་རང་རིག་ཏུ་ཤེས་པའི་རང་རིག་ཞིག་འདོད་པས།  སློབ་དཔོན་འདི་དག་གིས་ནི་དུམ་བུ་བཞིར་ཕྱེ་ནས་བཤད་པར་རྒྱ་ནག་གི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་སོ། 

སློབ་དཔོན་ཆེན་པོ་བཅུའི་སུམ་ཅུ་པའི་ཚིག་ལེའུ་བྱས་པའི་འགྲེལ་བ་ཀུན་སྡོམ་ན་ཤོ་ལོ་ཀ་བཞི་སྟོང་ལྔ་བརྒྱ་ཙམ་ཡོད་པ་དེ་རྒྱའི་ལོ་ཙཱ་བ་ཆེན་པོ་ཞོན་ཙང་ནས་རྒྱ་གར་གྱི་ཡུལ་ནས་གདན་དྲངས་ཤིང་།  ཁྱད་པར་དུ་སློབ་དཔོན་ཆོས་སྐྱོང་གི་འགྲེལ་བ་ནི་རྒྱ་གར་དུའང་དགེ་བསྙེན་རྟོགས་ལྡན་གཅིག་པུར་གཏད་པ་ལས་གཞན་དུ་མི་བཞུགས་པས།  ཞོན་ཙང་གི་མཁས་པའི་སྙན་པ་ཆེས་ཆེར་རྒྱས་པ་ན་འདིའི་དཔེ་ཕྱག་ཏུ་འབྱོར་བས་།  འགྲེལ་བ་འདི་དག་སྤེལ་ནས་རྒྱ་ནག་སྐད་དུ་བསྒྱུར་བ་ཞིག་ཡིན་ནོ།   

 

 


དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།