སྙན་ངག་གི་དཔེ་བརྗོད།།

འབྱུང་གནས།:རྒྱལ་སྐྱོང་ཆོས་འཁོར་གླིང་། རྩོམ་པ་པོ།:བསམ་འཕེལ། དུས་ཚོད།:2011-01-28 Tag: བཀོད་པ།:
སྙན་ངག་གི་དཔེ་བརྗོད།།
1གྲོང་ཁྱེར་ལ་བསྔགས་པ ། །
བསྔགས་འོས་ཡོན་ཏན་ཚོགས་པའི་འཛམ་གླིང་གི།
ཡང་རྩེ་གསེར་ལྡན་སྒེག་མོའི་ལྟེ་བ་ལ།།
མ་བྱས་ལྷུན་གྱིས་གྲུབ་འདྲའི་གྲོང་ཁྱེར་དཔལ།།
ཚངས་པའི་འཇིག་རྟེན་ས་ལ་བབས་པ་བཞིན།།
2རི་བོ་ལ་བསྔགས་པ། །
ཉི་ཟླའི་བགྲོད་ལམ་གཅོད་པའི་ས་འཛིན་གྱི།།
མཚམས་སྤྲིན་དམར་པོའི་ན་བཟའ་རླུང་གིས་བསྐྱོད།།
མཁའ་ལྡིང་དབང་པོའི་ཁེངས་པ་སྐྱེངས་བྱེད་པའི།།
ལྷུན་ཆགས་རྩེ་མོ་བརྒྱ་བྱིན་གནས་སུ་བསྙེགས།།
3ཟླ་བ་འཆར་བ་ལ་བསྔགས་པ། །
སྙིང་སྡུག་ནོར་འཛིན་ཨ་མའི་བཞིན་རས་ལ།།
གྱེས་འཛོམ་སྐྱིད་སྡུག་གཉེར་མས་བསྒྲིབས་པ་ན།།
བརྩེ་ཆེན་བློ་ཡིས་དེ་ཉིད་བསལ་སླད་དུ།།
ཉ་རྒྱས་ཟླ་བ་ཤར་རིའི་རྩེ་ནས་འཛུམ།།
4ཉི་མ་ནུབ་པར་བསྔགས་པ་ནི།
ཉིན་པར་བྱ་བས་འབྱེད་པའི་ཁྱོ་ཤུག་རྣམས།།
དགོང་མོ་འཛོམ་པར་སྲིད་པའི་རེ་སྒུག་གི།།
བྲེལ་བས་གདུང་བ་མ་བཟོད་ཉིན་བྱེད་ནི།།
བྱམས་པའི་སེམས་ཀྱིས་མུན་པའི་གླིང་དུ་བཞུད།།
5དབྱར་ཁ་ལ་བསྔགས་པ། །
མཐའ་ཡས་རྩྭ་ཐང་རྟ་ནོར་ལུག་གིས་ཁེངས།།
ཆུ་སྐྱེས་སྣ་ཚོགས་ཞིམ་དགུའི་དྲི་བསུང་འཐུལ།།
དབྱངས་ལྡན་ཁུ་བྱུག་མ་བོས་མགྲོན་དུ་ཕེབས།།
དགེ་མཚན་རྒྱས་པའི་དབྱར་དུས་མངོན་པར་མཛེས།།
6དགུན་ཁ་ལ་བསྔགས་པ།།
འཁྱགས་རླུང་ཤུར་ཤུར་ལྡང་བའི་ནམ་ཟླ་ལ།།
རི་ལུང་ཐང་གསུམ་ཁ་བ་བུ་ཡུག་འཚུབ།།
དལ་འགྲོ་མ་ནི་གྲང་ངར་མ་བཟོད་པས།།
སྨྲེ་སྔགས་འདོན་བཞིན་དར་གྱི་སྦུག་ཏུ་ཡིབས།།
7སྟོན་ཀ་ལ་བསྔགས་པ།།
གཡུ་ཡི་མཚོ་མོ་འཁྱིལ་འདྲའི་ས་གཞི་ངོགས།།
འབྲས་བུ་གཡུར་དུ་ཟ་བའི་ལྗོན་པའི་ཚལ།།
འཇམ་མཉེན་རླུང་གིས་བསྐྱོད་པའི་མཛེས་སྡུག་ནི།།
དྭངས་བའི་མཚོ་ལ་གསེར་རླབས་འཕྱུར་བ་བཞིན།།
8དཔྱིད་ཀར་བསྔགས་པ།།
བྱ་བརྒྱའི་གསུང་སྙན་སྒྲོག་པའི་ཚང་ཚིང་ན།།
ཡན་ལག་བརྒྱད་ལྡན་གཙང་ཆབ་ལྷུང་ལྷུང་འབབས།།
དྲི་གཞོན་བསིལ་བསེར་ལྡང་བའི་རེག་བྱ་དེས།།
དཔྱིད་ཀྱི་དཔལ་མོ་དགུན་གྱི་མལ་ལས་བསླངས།།
9སྐྱེད་ཚལ་ལ་བསྔགས་པ། །
ཆུ་སྐྱེས་ཁྲ་ཚོམ་བཞད་པའི་དྲི་ངད་དེ།།
དྲི་གཞོན་རླུང་གིས་ཁྱེར་ནས་ཕྱོགས་བཅུར་ལྡང་།།
དབྱངས་ལྡན་བུང་བ་དགའ་བས་རབ་མྱོས་ཏེ།།
སྙན་གླུ་ལེན་བཞིན་སྐྱེད་མོའི་ཚལ་དུ་འཕུར།།
2རྒྱ་མཚོ་ལ་བསྔགས་པ། །
ནུབ་ཁའི་མཚམས་སྤྲིན་དམར་པོའི་ཐུ་འོག་ནས།།
རིངས་པར་ཕ་མཐར་བཞུར་བའི་ཆུ་གཏེར་གྱི།།
ཆལ་ཆིལ་མཁའ་ལ་འཕྱུར་བའི་རླབས་ལྕེ་དེས།།
ཉི་ཟླའི་གོ་ལ་བསྒྲིལ་ཏེ་ཕ་ངོས་ཡལ།།
10ཆུའི་རོལ་རྩེད་ལ་བསྔགས་པ། །
གསེར་གྱི་ཉི་མ་གཞོན་ནུའི་གུར་ཁང་འོག།
དྭངས་བསིལ་ཟེགས་ཕྲེང་རྒོད་པའི་ཡུར་ཆུའི་འགྲམ།།
ན་གཞོན་རྣམས་ནི་དགའ་བ་བརྒྱ་ཕྲག་ཡི།།
བདེ་སྐྱིད་ལྡན་པས་དྲི་མ་བཀྲུ་ལ་བརྩོན།།
11ཆུང་འཐུང་བར་བསྔགས་པ། །
མཐོ་རིས་བུ་མོ་སྟོང་གི་ལང་ཚོའི་དཔལ།།
སྐྱེངས་པའི་ཡིད་མཐུན་དགའ་མ་ལྷན་ཅིག་ཏུ།།
མཛའ་བརྩེ་གླེང་བཞིན་རྒུན་ཆང་འཐུང་བའི་སྐབས།།
ལུས་སེམས་གཉིས་ཀ་དགའ་བདེའི་དཔལ་གྱིས་མྱོས།།
12མ་ཚོགས་པ་ལ་བསྔགས་པ། །
ལི་ཁྲིའི་རྒྱ་མཚོ་འཁྱིལ་འདྲའི་སློབ་གླིང་ན།།
འུ་གཉིས་འཕྲད་པའི་སྨོན་ལམ་ཡོད་ན་ཡང་།།
ལས་དབང་བཙན་པོ་ཞིག་གིས་བསྐོས་ཐང་ལ།།
ཚེ་འདིར་འགྲོགས་པའི་སྐལ་བ་མ་གྱུར་ལགས།།
13བརྩེ་དུང་ལ་བསྔགས་པ། །
14བག་ལེན་ལ་བསྔགས་པ། །
བཀྲ་ཤིས་རྟེན་འབྲེལ་འཛོམས་པའི་ཉིན་མོ་རུ།།
དགའ་བའི་དགའ་མ་དགའ་བའི་ཁབ་ཏུ་བསུ།།
ཕན་ཚུན་མཛའ་སེམས་འོ་ཆུ་ཟུང་འདྲེས་ནས།།
སོར་བཅུ་སྦྲེལ་ཏེ་བདེ་སྐྱིད་འཚོ་བ་སྐྱེལ།།
15དགའ་བའི་དགའ་སྟོན་ལ་བསྔགས་པ། །
བརྗིད་ཆགས་སྐར་ལྔའི་རྟགས་ཅན་ཆང་ཁང་དུ།།
འཇམ་མཉེན་དར་གྱི་གཡོག་པའི་མལ་ཁྲིའི་སྟེང་།།
འདོད་པའི་སྒྱུ་རྩལ་ལ་མཁས་ལུས་ཕྲ་མས།།
དགའ་བའི་རོལ་རྩེད་ཅི་ཡང་མངོན་པར་སྟེར།།
16ལོ་གསར་ལ་བསྔགས་པ། །
གཟའ་སྐར་འཕྲོད་སྦྱོར་བཟང་པོའི་དུས་ཆེན་ལ།།
གྱི་ལིང་རྟ་ཕོར་སྒ་སྲབ་ལེགས་སྤྲས་ཏེ།།
བལྟ་བས་མི་ལང་བརྗོད་ཀྱང་རབ་དཀའ་བའི།།
སྐྱ་མི་རྣམས་ནི་རིར་བསང་གཏོང་བར་ཕྱིན།།
17གྲོགས་པོར་བསྔགས་པ། །
རང་གཤིས་བཟང་པོ་འོ་མའི་རྒྱུན་ལས་དྲངས།།
སྙན་པར་སྨྲ་ཞིང་བྱམས་པའི་སེམས་ཀྱིས་སྐྱོང་།།
དྲག་ཞན་མེད་པ་ཀུན་ལ་མཐུན་སྒྲིལ་ཅན།།
གྲོགས་མཆོག་ཁྱེད་ནི་དཔག་བསམ་ལྗོན་པའི་སྤུན།།
18ཡུལ་གཞན་དུ་བགྲོད་པ་ལ་བསྔགས་པ་ནི།
ཨིནྡྲ་ནྰི་ལ་བཞུས་འདྲའི་དལ་འགྲོ་མའི།།
དཀར་མཛེས་རླབས་ཕྲེང་གྲུ་སྐྱ་ལ་བསྡེབས་ནས།།
གཏིང་མཐའ་མི་མངོན་རྒྱ་མཚོའི་ཕ་རོལ་དུ།།
ནོར་བུ་རིན་ཆེན་གླིང་ལ་བྲེལ་བས་བཞུད།།
19ཕོ་ཉ་ལ་བསྔགས་པ་ནི།
སྙིང་ནས་ཉེ་བའི་གཏན་གྱི་འདུན་མ་ལ།།
འཕྲལ་ཡུན་བདེ་ཐབས་གང་གི་བསྒྲུབ་འོས་རིགས།།
འཕྲིན་དུ་བསྡེབས་ཏེ་དྲི་གཞོན་ཕོ་ཉ་ལ།།
གསལ་བར་སྤྲིངས་ཡོད་ཕྱིས་སུ་དེ་བཞིན་གྱིས།།
20གྲོས་བྱེད་པ་ལ་བསྔགས་པ་ནི
འུ་གཉིས་བུང་བ་པད་མའི་མཛའ་བརྩེ་ལྟར།།
གནས་ཚེ་གང་བཀའ་བ་མོས་འབྲལ་དགོས་བྱུང༌།།
མ་སྐྱོ་ས་ག་ཟླ་བ་ཤར་དུས་སུ།།
དེ་ཚེ་འཕྲད་ཡོང་ཅི་དགའ་བགྲོས་པ་ཆོག།
21སློབ་དཔོན་ལ་བསྟོད་པ་ནི།།
སྟོབས་འབྱོར་མངའ་ཐང་རྩོད་པའི་དུས་རབས་འདིར།།
སྐར་ལྔའི་དར་ཆ་དམར་པོའི་དཀྱིལ་འཁོར་སྟེང་།།
རྒྱལ་བསྟན་ཡིག་གཉིས་འབྲི་མཁས་ཁྱོད་ཉིད་ལས།།
སྲིད་ན་སྒོ་གསུམ་དད་པས་ཕྱག་གི་ཡུལ།།
 
 
 
དང་པོ།རང་བཞིན་བརྗོད་པའི་རྒྱན་བཤད་པ།
1རིགས་རང་བཞིན་བརྗོད་པ་ནི།
སྒྲིབ་གཉིས་དྲི་མ་གཞར་ཡང་རྣམ་པར་དབེན།།
ལུང་རྟོགས་བསྟན་པ་གསལ་བར་རྟོགས་པའི་འབྲས།།
མཐའ་ཡས་སྐྱེ་བོར་རྣམ་གྲོལ་ལམ་སྟོན་པ།།
བཅོམ་ལྡན་རྒྱལ་བའི་དབང་པོ་རྣམས་ལ་འདུད།།
  2བྱ་བ་རང་བཞིན་བརྗོད་པ་ནི།
བསྟེན་པར་འོས་པའི་ཡོན་ཏན་ཀུན་ལྡན་པ།།
མང་ཐོས་གདམ་པའི་བཅུད་འཛིན་བཤེས་གཉེན་གང་།།
བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ནས་ནི།།
རྒྱ་ཆེའི་གཙུག་ལག་རིག་པར་བདག་གིས་བསླབ།།
3ཡོན་ཏན་རང་བཞིན་བརྗོད་པ་ནི།
ཕ་རོལ་ཕྱིན་དང་རྡོ་རྗེ་ཐེག་པ་ཡི།།
ཡོན་ཏན་ལྷུན་རྫོགས་བདེ་བར་གཤེགས་པའི་སྐུ།།
མཇལ་བས་འགྲོ་བློའི་རྨོངས་མུན་རབ་བསལ་ནས།།
་ལམ་མངོན་བྱེད་སྐུ་བཞིའི་གོ་འཕང་ཐོབ།།
4རྫས་རང་བཞིན་བརྗོད་པ་ནི།།
རྣམ་གསུམ་ངུར་སྨིག་ཆོས་གོས་ལེགས་པར་བཀླུབས།
དད་ལྡན་སེར་སྐྱ་མང་པོས་འཁོར་གྱིས་བསྐོར།།
འཁར་གསིལ་ལྷུང་བཟེད་བསྣམས་པའི་གནས་བརྟན་རྣམས།།
དུས་རབས་གསར་བའི་འགྲོ་བའི་བསོད་ནམས་ཞིང་།།
གཉིས་པ།དཔེ་རྒྱན་བཤད་པ།
1ཆོས་དཔེ་ནི།
ཚན་རྩལ་དབྱར་མཚོའི་རྗེས་འབྲངས་ཀུན་ནས་དར།།
ཡུལ་ལྗོངས་རི་མོ་བཞིན་དུ་མཛེས་སྡུག་ལྡན།།
ལོངས་སྤྱོད་ནོར་ལྷའི་སྤུན་འོས་འདོད་དགུ་འབྱོར།།
ཆོས་ལྡན་བོད་ཡུལ་དག་པའི་ཞིང་ལྟར་མཛེས།།
2དངོས་དཔེ་ནི།
མཚན་དཔེ་ཆ་རྫོགས་སྭ་ར་སྭ་སྟྱེེ་ཞལ།།
སྐྱེད་ཚལ་དབུས་སུ་པད་མའི་སྡུག་གུར་སེམས།།
རིས་མེད་མཁྱེན་བརྩེས་བལྟམས་པའི་རྣམ་དཀར་ཐུགས།།
དག་པའི་མཁའ་ལ་ཟླ་གཟུགས་གསལ་བ་བཞིན།།
3ཟློག་པའི་དཔེ་ནི།
སྡོམ་གསུམ་སྲོག་གིས་སྐྱོང་བའི་ཚངས་སྤྱོད་བཞིན།།
རི་སྐྱེས་བསེ་རུ་བས་མཐའི་ཚལ་ན་བདེ།།
ཞི་དུལ་བསླབ་ཁྲིམས་གཙང་མས་མཛེས་པ་ལྟར།།
དབེན་པའི་ཞིང་གི་དྲི་བཟང་ཕྱོགས་བཅུར་ལྡང་།།
4ཕན་ཚུན་གྱི་དཔེ་ནི།།
བུང་བས་ཟེའུ་འབྲུ་འཚོལ་བའི་ངང་ཚུལ་བཞིན།།
བློ་ལྡན་འཁོར་བའི་གནས་ནས་རི་ཁྲོད་འགྲིམས།།
ཚེ་ཐུང་གཅིག་ལ་ཐར་པ་ཐོབ་པ་ལྟར།།
དབྱངས་ལྡན་རྐང་དྲུག་པད་མའི་ཚལ་ལ་ཕྱིན།།
5ངེས་པའི་དཔེ་ནི།།
མ་རྒད་མདངས་ཀྱིས་རི་ཀླུང་ཕྱོགས་ཀུན་མཛེས།།
དཔྱིད་ཀྱི་ཕོ་ཉས་མགྲིན་པའི་རྫ་རྔ་རྡུང༌།།
ཆུ་སྐྱེས་སྣ་ཚོགས་དྲི་བསུང་སྨིན་པའི་ལྗོངས།།
མཐོ་རིས་དང་མཚུངས་གཞན་དུ་དཔེ་ཡིས་དབེན།།
6ངེས་མེད་ཀྱི་དཔེ་ནི།།
ལྷབ་ལྷབ་གཡོ་བའི་སྐར་ལྔའི་དར་ཆ་འདི།།
རས་གཟན་དམར་པོ་རླུང་གིས་སྐྱོད་པ་བཞིན།།
ད་དུང་དེ་ཡི་རྗེས་འབྲངས་དངོས་པོ་ཞིག།།
མཆིས་ན་དཔེ་དེ་འོས་པ་སྨྲོས་ཅི་དགོས།།
7བསྡུས་པའི་དཔེ་ནི།།
རྣམ་གསུམ་ངུར་སྨྲིག་འཆང་བའི་དགེ་སློང་གི།
ཞི་དུལ་རྣམ་དཔྱོད་ལྡན་པ་ཁོ་ན་ཡིས།།
བློ་བཟང་རྒྱལ་བའི་རྗེས་སུ་འགྲོ་མིན་ཏེ།།
སྡོམ་གསུམ་བཅས་འཚམས་མ་འདས་འཛིན་པས་ཀྱང༌།།
8ཕུལ་བྱུང་གི་དཔེ་ནི།
ཚན་རྩལ་སྟོང་གིས་བསྐྲུན་པའི་མི་ཡུལ་དང་།།
ཏིང་འཛིན་པིར་གྱིས་བཀོད་པའི་ལྷ་ཡུལ་གཉིས།།
རྟེན་གཞི་ཞིང་གི་ཁྱད་པར་ཙམ་ཞིག་ལས།།
 ལན་བརྒྱར་དཔྱད་ཀྱང་རང་ཉིད་ངལ་བའི་རྒྱུ།།     
9རབ་བཏགས་ཀྱི་དཔེ་ནི།།
གདོད་ནས་རང་བཞིན་དག་པའི་བླ་སློབ་བར།།
བསྐལ་བརྒྱར་དམ་པོ་བཅིངས་པའི་དམ་ཚིག་ལ།།
འཛིངས་པའི་བལ་བ་ཛ་ཡིས་བསྙེམས་མི་འོས།།
འོ་ཆུ་ཟུང་འདྲེས་དཔལ་ལ་ཆོས་དེ་མཐོང་།།
10 རྨད་བྱུང་གི་དཔེ་ནི།།
དབྱིབས་ལེགས་ཁང་ཆེན་དམར་པོས་ཉི་ཟླ་ཟུང་།།
ཡིད་འོང་རྣ་རྒྱན་མཛེས་མོར་བཀོད་བྱས་ནས།།
ཡན་ལག་གློག་ཞགས་འཁྱུགས་འདྲའི་གར་བྱེད་ན།།
འཆི་མེད་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར།།
11རྨོངས་པའི་དཔེ་ནི།།
ཆུ་ཡི་ངོས་སུ་ཟླ་གཟུགས་འཆར་བ་ཡིས།།
འགྱུར་མེད་བརྩེ་བའི་སྙིང་གི་མཛའ་མོ་ལ།།
འཁྲུལ་ནས་ལང་ཚོའི་དགའ་སྟོན་རོལ་བའི་ཕྱིར།།
འདོད་པའི་དགའ་མ་འཚོལ་ལ་ངལ་བར་རྩོམ།།
12 ཐེ་ཚོམ་གྱི་དཔེ་ནི།།
སྔོ་ལྗང་གཡུ་གཞོང་ལ་འགྲན་རྩྭ་ཐང་དུ།།
རྟ་མཆོག་རྒོད་པོ་བང་རྩལ་རོལ་པའམ།།
ཡང་ན་བདག་གི་ཡིད་ཀྱི་མེ་ལོང་ངོས།།
ཏིང་འཛིན་པིར་གྱི་སུག་བྲིས་སྐྱོད་དམ་ཅི།།
13གཏན་ལ་འབེབས་པའི་དཔེ་ནི།།
བློ་ལྡན་མཁས་དབང་དགྱེས་པའི་ངོ་མཚར་དུ།།
ལྷུན་གྲུབ་སྤོབས་པས་སྨྱུག་གུའི་ལམ་ཁ་ནས།།
ལུས་རྒྱན་སྐྱོན་སེལ་དནྡིའི་དགོངས་པ་བཞིན།།
བཀོད་ཕྱིར་བང་རྩལ་མ་ཡིན་སུག་བྲིས་ངེས།།
14སྦྱར་བའི་དཔེ་ནི།།
དཀར་དམར་མདངས་ལྡན་འཇམ་མཉེན་བཞིན་རས་ཅན།།
སྲེད་ལྡན་ཡིད་ལ་འདོད་དགུའི་དཔྱིད་འཇོ་བ།།
སྙིང་གྲོགས་ཁྱོད་ཀྱི་ཡིད་འོང་མཛེས་སྡུག་དཔལ།།
དྲི་ཞིམ་རབ་ཏུ་སྨིན་པའི་པད་ཚལ་བཞིན།།
 15མཉམ་ཉིད་ཀྱི་དཔེ་ནི།།
འཁྲུལ་སྣང་དག་པར་རྟོགས་པའི་རྣལ་འབྱོར་པ།།
རླུང་སྤྱོད་བཞིན་དུ་བློ་ཕུགས་བྲག་ལ་བསྟེན།།
ཉམས་རྟོགས་རྩལ་ཀུན་མ་ལུས་རྫོགས་པ་ཡིས།།
མཁའ་ལ་ཐོགས་མེད་རྒྱུ་བར་མཁས་པའི་ཕུལ།།
16སྨད་པའི་དཔེ་ནི།།
དཀར་གསལ་ཟླ་བ་འཆར་ནུབ་འཕེལ་འགྲིབ་ཅན།།
འདབ་བརྒྱ་པ་རྣམས་འབྱེད་འཛུམ་ལྡན་པའི་ཆོས།།
མཁྱེན་པའི་དཀྱིལ་འཁོར་རྒྱས་པ་ཁྱེད་ཀྱི་ཐུགས།།
དེ་དག་རྣམས་ལས་ཡོན་ཏན་ཁྱད་པར་འཕགས།།
17བསྔགས་པའི་དཔེ་ནི།།
ཚངས་པའི་བློ་ཡིས་འཇིག་རྟེན་སྣ་ཚོགས་བྱས།།
འཆི་བདག་རྗེ་པོས་སྲིད་གསུམ་དབང་དུ་བསྡུས།།
དེ་ལས་མཆོག་གྱུར་སྟོན་པ་སངས་རྒྱས་ཀྱིས།།
བདུད་བཞིའི་གཡུལ་ལས་རྒྱལ་བའི་གདུགས་དཀར་བསྒྲེངས།།
18བརྗོད་འདོད་ཀྱི་དཔེ་ནི།།
འཁོར་བར་ཞེན་པ་ལོག་བྱེད་གདམ་ངག་གམ།།
ཆགས་པ་སློང་བྱེད་སྐྱོན་དུ་གྱུར་ཀྱང་རུང༌།།
རྣམ་དཔྱོད་ཡངས་པོའི་བསྡེབས་པའི་སྙན་ཚིག་དཔལ།།
དྲི་ཟའི་རྒྱུད་མངས་མཚུངས་བརྗོད་སུ་ཡིས་འགོད།།
19འགལ་བའི་དཔེ་ནི།།
དྲི་གཞོན་རླུང་གིས་བསྐུལ་བའི་སྰ་ལའི་ལྗོན།།
རབ་མཛེས་འདབ་སྟོང་བཀྲ་བའི་པད་མའི་ཚལ།།
ཚུལ་ཁྲིམས་དྲི་ངད་ལྡང་བའི་ཚངས་སྤྱོད་གསུམ།།
ཕན་ཚུན་མཚུངས་ཀྱང་རྣམ་པ་འགལ་བར་གྲུབ།།
20དགག་པའི་དཔེ་ནི།།
ཕུན་ཚོགས་དགེ་བཅུར་སྤྱོད་པའི་སྐལ་བཟང་དབེན།།
བག་མེད་འདོད་ཡོན་ལ་གཡེང་ལྷ་ཡི་ཚོགས།།
རྣམ་འདྲེན་བཞི་ཡི་ལེགས་བཤད་བདུད་རྩིའི་ལ།།
སྤྱོད་པ་དམན་ཕྱིར་མི་ཡུལ་ལ་འགྲན་དཀའ།།
21ངོ་བསྟོད་ཀྱི་དཔེ་ནི།།
སྟོབས་འབྱོར་མངའ་ཐང་ཅན་གྱི་མི་དྲག་དང༌།།
ལྟོ་འགྲང་འབའ་ཞིག་འཚོལ་བའི་སྤྲང་པོ་གཉིས།།
རྙེད་དཀའ་རྒྱ་ལ་ཐོབ་པའི་མི་ཡི་རྟེན།།
མཚུངས་པ་ཉིད་ལས་ཅིག་ཤོས་ལྷག་པ་སུ།།
22དེ་ཉིད་བརྗོད་པའི་དཔེ་ནི།།
མཁར་ཁེབས་དྲི་མེད་གསལ་བའི་སྤྲིན་དཀར་དང༌།།
མཚུངས་ཀྱང་ཆུ་འཛིན་མ་ལགས་ཙན་དན་བསུང༌།།
གྲང་རིགས་གཉེན་པོ་རྟ་བདུན་འོད་འདྲ་ཡང༌།།
མ་ཡིན་ཡེ་ཤེས་མེ་ཡི་སྙིང་པོ་ཉིད།།
23ཐུན་མོང་མིན་པའི་དཔེ་ནི།།
དཀར་གསལ་དཀྱིལ་འཁོར་རྒྱས་པའི་སྟོན་ཟླ་དང༌།།
འཆི་མེད་བུ་མོ་སྟོང་གིས་སྒྲུན་མིན་ན།།
འདོད་པའི་སྒྱུ་རྩལ་ལ་མཁས་མཛེས་མ་ཡི།།
དཔེ་འོས་སྲིད་གསུམ་མེད་ཕྱིར་རང་ཉིད་ཙམ།།
24 བྱང་མིན་གྱི་དཔེ་ནི།།
གོ་ལའི་ཁམས་ཀྱི་གྲང་རིགས་མ་ལུས་པ།།
དགུན་གྱིས་བདག་མོས་གཅིག་ཏུ་བསྡུས་པ་བཞིན།།
བྱང་ཤར་ཡུལ་གྱི་འཁྱག་རླུང་ལྡང་བའི་བསིལ།།
ལུས་ལ་རེག་པས་བཟོད་དཀའི་ཟུག་གཟེར་སློང་།།
 
25 སྲིད་མིན་གྱི་དཔེ་ནི།།
བློ་གྲོས་ཉིན་བྱེད་བཞིན་དུ་གསལ་ན་ཡང༌།།
མ་སྦྱོང་མ་དྲིས་ལུས་སེམས་ལྷོད་པའི་ངང༌།།
ཉིན་མཚན་མེད་པ་རྩེད་དགར་གཡེངས་བྱས་ན།།
ཡོན་ཏན་ཏིལ་འབྲུ་ཙམ་ཡང་འབྱུང་སྲིད་དམ།།
26 མང་བའི་དཔེ་ནི།།
ཨུ་དུམ་ཝ་རའི་ཚལ་དང་དལ་འབྱོར་རྟེན།།
དགོས་འདོད་ཀུན་འབྱུང་ནོར་ལྟར་རྙེད་དཀའ་བ།།
མཚན་ཉིད་རྫོགས་པར་མངའ་བའི་བཤེས་གཉེན་མཆོག།
དེ་རིང་དངོས་སུ་མཇལ་བ་སྔོན་བསགས་འབྲས།།
27རྣམ་འགྱུར་གྱི་དཔེ་ནི།།
ཀུན་དགའ་སྐྱེས་བྱེད་ཁྱེད་ཀྱི་བཞིན་རས་ནི།།
འཇིག་རྟེན་བྱེད་པོའི་བློ་ལས་བཏོན་པ་བཞིན།།
ཐོས་འཛིན་དཔྱིད་གྱུར་འགྱུར་ཁུགས་ལྡན་པའི་གླུ།།
སྙན་འཇེབས་རྒྱུད་མངས་སྒྲ་ལས་དྲངས་པ་བཞིན།།
28ཕྲེང་བའི་དཔེ་ནི།།
རབ་གསལ་ཉིན་བྱེད་དབང་པོའི་འོད་རླབས་ཀྱི།།
དེ་ཡིས་པད་ཚལ་ཇི་བཞིན་དེ་ལས་ཀྱང་།།
ཟིལ་མངར་སྨན་པས་རྐང་དྲུག་ཚོགས་ལ་བཞིན།།
རྒྱལ་བའི་ལེགས་བཤད་སྒྲ་ཡི་རྣམ་དཔྱོད་རྒྱས།།
ངག་དོན་གྱི་དཔེ་ལ་རྣང་གསེས་ཀྱིས་གཉིས་ལས།།
29བཞིན་སྒྲ་གཅིག་པའི་དཔེ།།
ཁྱོད་ཐུགས་གཞལ་དུ་མེད་པའི་ཆུ་གཏེར་ལ།།
གནས་ལྔ་རིག་པའི་པད་དཀར་འདབ་སྟོང་གྲོལ།།
སྡེབ་ལེགས་ཚིག་གི་ཟེའུ་འབྲུ་སྨིན་པ་འདིས།།
བློ་ལྡན་བུང་བ་གཞོན་ནུ་དགྱེས་པར་ཤོག།
བཞིན་སྒྲ་དུ་མའི་དཔེ་།
དཀར་མཛེས་ཏེ་སེ་ཇི་བཞིན་མཚར་སྡུག་སྐུ།།
བསིལ་འོད་ཆེས་ཆེར་སྤྲོས་བཞིན་མཚན་དཔེ་འབར།།
ཕས་རྒོལ་རི་དྭགས་ཚར་གཅོད་གདོང་ལྔ་བཞིན།།
སྨྲ་བའི་རྩལ་རྫོགས་བརྩེ་ལྡན་ངག་གི་ལྷ།།
30ཟླ་བོ་དངོས་པོའི་དཔེ་ནི
གཞན་ཕན་སེམས་བཟང་ཀུན་ལ་ཡོད་སྲིད་ཀྱང་།།
རྒྱལ་སྲས་བྱང་ཆུབ་སེམས་འདི་འགྲན་ཟླས་དབེན།།
འཆད་རྩོད་རྩོམ་ལ་མཁས་པ་མང་ན་ཡང་།།
ཟབ་དོན་རྟེན་འབྲེལ་ཤེས་པར་སུ་ཡིས་འགྲན།།
31 མཚུངས་སྦྱོར་གྱི་དཔེ། །
རྣལ་འབྱོར་པ་རྣམས་བས་མཐའི་དགལ་ཚལ་དང༌།།
རྭ་ཡིག་གཉིས་པ་ཆུ་སྐྱེས་ལྡུམ་རྭར་གནས།།
དེ་ཡི་བསླབ་གསུམ་རིམ་གཉིས་བདུད་རྩིར་སྤྱོད།།
ཁྱོད་ཀྱི་དྲི་ཞིམ་བཅུད་ལ་རོལ་བ་བྲེལ།།
32རྒྱུ་བའི་དཔེ།།
ཁྱེད་སྐུ་མཚན་དཔེ་འབར་བས་ཉིན་བྱེད་བཞིན།།
འགག་མེད་ལེགས་གསུང་སྙན་པས་ཚངས་པའི་དབྱངས།།
ཐུགས་བསྐྱེད་གཡོ་བ་མེད་པས་ལྷུན་པོ་དང༌།།
མཚུངས་པའི་བཤེས་གཉེན་ལྷ་མིའི་སྤྱི་བོར་བཀོད།།

དཔྱད་བརྗོད་གསར་པ།དཔྱད་བརྗོད་ཀྱི་གྲངས་ཀ0
དཔྱད་པ་བརྗོད་པ།
དཔྱད་བརྗོད་ཀྱི་ནང་དོན།:ཡིག་འབྲུ་ལྔ་བརྒྱ་ལས་འདས་མི་ཆོག
རུས་མིང་།: གསང་རྟགས:
གསང་མིང་།
ཐོ་བཀོད།